རེབ་གོང་རིག་གནས་ཐོན་ལས་ཀྱིས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།
2021.08.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཡར་རྐ་ནས་ཐུན་རིན་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དེས་ཟི་ལིང་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བར་གྱི་ལམ་ཐག་ཆེས་ཆེར་ཇེ་ཐུང་དུ་བཏང་བ་དང་། དེ་ལས་རང་ཞིང་གི་ཆེས་ཐོག་མའི་གསེག་འཐེན་ཟམ་པ་སྟེ། མཚོ་ཤར་ནས་རྨ་ལྷོ་བར་གྱི་ཟམ་ཆེན་འཛུགས་སྐྲུན་གྱི་གཞི་ཁྱོན་དང་བཟོ་སྐྲུན་ལག་རྩལ་དེ“ནུབ་བྱང་ས་ཁུལ་གྱི་ཆེས་བཟང་ཤོས”ཡིན་པ་རེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཆེས་ཐོག་མ་ཡིན་པའི་ཆ་ནས་ཡར་རྐ་ནས་ཐུན་རིན་བར་གྱི་མྱུར་བགྲོད་གཞུང་ལམ་གྱིས་རང་ཞིང་གི་མྱུར་བགྲོད་གཞུང་ལམ་གྱི་དྲ་རྒྱའི་རྣམ་པ་འཐུས་ཚང་དུ་བཏང་བ་དང་། དེས་ཕན་འབྲས་ལྡན་པའི་སྒོ་ནས་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་དང་རེབ་གོང་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་།

རྨ་ལྷོ་བོདརིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ནི་རྨ་ཆུའི་འགྲམ་རྒྱུད་དུ་གནས་ཡོད་པ་དང་། ཡངས་ཤིང་རྒྱ་ཆེ་བ་དང་། ཁྱད་མཚར་བ། ཡིད་དབང་འཕྲོག་པའི་གནས་འདིར་བསྐྱོད་པ་ན། རེབ་གོང་རིག་གནས་ལ་འོད་སྟོང་འཕྲོ་བཞིན་འདུག

གནས་འདི་ནི་མཚོ་སྔོན་གྱི་ཀྲུང་གོའི་ལོ་རྒྱུས་རིག་གནས་གྱི་མིང་དུ་གྲགས་པའི་མཁར་གྲོང་ཞིག་ཡིན་པ་དང་། རེབ་གོང་སྒྱུ་རྩལ་ལ་གནས་འདི་ནས་གསོན་ཤུགས་ཀྱིས་ཁེངས་འདུག རེབ་གོང་སྒྱུ་རྩལ་གྱི་ནང་དུ་གཙོ་བོ་རི་མོ་འབྲི་བ།༼ཐང་ག་དང་། གྱན་ཐང་།༽དང་། གཙག་དྲུབས། འཇིམ་བརྐོས།༼ཤིང་བརྐོས་དང་། འཇིམ་བཟོ། རྡོ་བརྐོས།༽འཛུགས་སྐྲུན། རྒྱན་རིས་སོགས་འདུས་པ་དང་། དེ་ནི“ཀྲུང་གོའི་མི་རིགས་དམངས་ཁྲོད་རིག་གནས་སྲུང་སྐྱོབ་བཟོ་སྐྲུན”གྱི་ཚོད་ལྟའི་ལས་ཁུངས་གྲས་སུ་ཚུད་ལ། འཛམ་གླིང་གི་གཟུགས་འདས་ཤུལ་བཞག་རིག་གནས་གྲས་སུའང་བདམས་ཐོན་བྱུང་།

ཐུན་རིན་གྲོང་ཁྱེར་གྱི་ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི“ཀུང་ཟི་དང་། རིག་གནས་ཐོན་ལས་རྟེན་གཞི། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་རྟེན་གཞི”བཅས་ཀྱི་ལས་གཉེར་རྣམ་པའི་ཀུང་ཟི་ཞིག་ཡིན་པ་དང་། དེ་ནི་ཇུས་འགོད་དང་། ལས་སྣོན། ཐོན་སྐྱེད། ཕྱིར་འཚོང་། གསོ་སྦྱོང་། དྲིལ་སྒྲོག འགྲེམ་སྟོན་བཅས་གཞི་གཅིག་ཡིན་པའི་དམངས་གཉེར་ཁེ་ལས་ཤིག་ཡིན་ཞིང་། རེབ་གོང་ས་ཆའི་རེབ་གོང་སྒྱུ་རྩལ་གྱི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བྱེད་ས་དང་། རེབ་གོང་སྒྱུ་རྩལ་པ་གཅིག་བསྡུས་སྒོས་གསོ་སྐྱོང་བྱེད་ས། དགེ་རྒན་གྱི་སྟོབས་ཤུགས་ཆེན་པོ་ལྡན་པའི་དམངས་ཁྲོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིད་སྦྱོང་དང་ཐོན་ལས་ལས་ཁུངས་ཞིག་ཀྱང་རེད། 1983ལོར་སྐྱེས་པའི་བན་དེ་རྒྱ་མཚོ་ནི་གནས་འདིའི་ལྷ་རིས་འབྲི་མཁན་ཞིག་ཡིན་པ་དང་། སྔོན་ཆད་ཁོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་། རྒྱལ་ཡོངས་ཀྱི“སྣེ་ཁྲིད་ཟུང་”གི་ཞིང་སྡེའི་ཕྱུག་བསྒྱུར་ན་གཞོན་སྔོན་ཐོན་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་།

རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་འགྲེམ་སྟོན་ཁང་དུ་སོང་བ་ན། ང་ཚོའི་མིག་གི་དབང་བོ་གསོན་ཉམས་ལྡན་པའི་ཐང་གའི་བརྩམས་ཆོས་ཀྱིས་བཀུགས་འགྲོ བན་དེ་རྒྱ་མཚོ་ཡིས་གསར་འགོད་པར་ཐང་ག་བཟོ་བའི་བཟོ་རྩལ་གྱི་བརྒྱུད་རིམ་བཤད་བྱུང་། ཐོག་མར་བརྐྱངས་ཤིང་བཟོ་བ་ནས་རས་གཞི་ལས་པ་དང་། དེ་ནས་སྐྱ་ཐིག་འཕེན་པ་ནས་ཚོན་གཏོང་བ། གསེར་བྲིས་ནས་ཆེས་མཐའ་མཇུག་སྤྱན་འབྱེད་པའི་བར་གྱི་བརྒྱུད་རིམ་རེ་རེར་སྣང་ཆུང་གཏན་ནས་བྱེད་མི་རུང་།

ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་དབུལ་སྐྱོར་འཁོར་ཁང་ནང་དུ། ཐུན་རིན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་སྨད་པ་སྡེ་བའི་ཤ་བོ་སྒྲོལ་མས་ནན་ཏན་གྱི་ལྷ་རིས་འབྲི་བཞེངས་བྱེད་བཞིན་འདུག ཁོ་མོ་ནི་སྡེ་བའི་ནང་ཐང་ག་འབྲི་བཞེངས་སྐོར་སློབ་དུ་ཡོང་མཁན་གཅིག་པུ་ཡིན་པ་དང་། གནས་འདི་ནས་ལོ་ངོ་དྲུག་གི་རིང་ལ་སློབ་སྦྱོང་དང་བྱ་བ་སྒྲུབ་མྱོང་ཞིང་། ལོ་དེ་དག་གི་རིང་ལ། ཁོ་མོས་སློབ་ཡོན་སྟེར་མི་དགོས་པ་དང་། འདུག་ས་དང་ཟ་མར་རིན་སྟེར་མི་དགོས་པའི་དམིགས་བསལ་སྲིད་ཇུས་ལོངས་སུ་སྤྱད་མྱོང་། ད་ལྟ། མོ་རང་ལ་ཟླ་རེར་སྒོར་མོ་སྟོང་གསུམ་ལྷག་གི་ཡོང་སྒོ་ཡོད་པ་རེད།

ལོ་ངོ་མང་པོའི་སྔོན་ལ། ཧྲན་ཏུང་ཡན་ཐའེ་སྒྱུ་རྩལ་སློབ་གྲྭ་ནས་རི་མོའི་ཆེད་ལས་སྦྱངས་མྱོང་བའི་ཧྥན་ཆིན་ཅི་ཁོ་རང་གཅིག་པུ་མཚོ་སྔོན་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་ཡོང་ནས་དགེ་རྒན་བསྟེན་ནས་ལག་རྩལ་སྦྱངས་མགོ་ཚུགས། རྗེས་སུ། ཁོའི་ཁྱིམ་ཚང་འདིར་བསྡད་དེ་ཁྱིམ་ཐོ་ཡང་གནས་དེར་བཀོད། ཁོས་རང་གི་མི་ཚེ་གང་བོའི་དུས་ཚོད་བཀོལ་ནས་ཐང་ག་སྒྱུ་རྩལ་སློབ་བཞིན་ཡོད་པ་རེད། ད་ལྟ། ཁོ་རང་ཡང་གནས་འདིའི་ལྷ་རིས་འབྲི་བཞེངས་བྱེད་མཁན་ཞིག་ཏུ་གྱུར་ཡོད་པ་རེད།

ད་ལྟ། ཐང་གའི་བཟོ་རྩལ་གྱི་ནང་དོན་ལ་རྒྱ་སྐྱེད་གསར་བ་བྱུང་ཡོད། བན་དེ་རྒྱ་མཚོ་ཡིས་བཤད་རྒྱུར། ཁོ་ཚོས་ཀྲི་ཅང་ཏུང་ཡང་གི་ཤིང་བརྐོས་བཟོས་རྗེས། སྔོན་ལ་བརྐོས་རིས་ཀྱི་སྟེང་དུ་ཚོན་བཏང་བ་དང་། དེའི་འཕྲོར་གྲིས་ཚོན་མདོག་སྟེང་གི་དངོས་རྫས་མི་གཙང་པ་རྣམས་གཞོགས་ཅིང་། མཇུག་མཐར་ཐང་ག་གསེར་བྲིས་ཀྱི་བཟོ་རྩལ་ལྟར་ཐིག་སྐུད་ལ་ལངས་གཟུགས་ཀྱི་རྣམ་པས་ཁེངས་པར་བྱས་ཡོད་པ་རེད། འདི་ལྟ་བུའི་ཤིང་བརྐོས་དང་ཐང་ག་སྒྱུ་རྩལ་ཟུང་འབྲེལ་གྱི་སྒྱུ་རྩལ་ཐོན་རྫས་འདི་ཁྱད་དུ་འཕགས་པའི་གསར་རྩོམ་ཞིག་དང་ཕན་འབྲས་ལྡན་པའི་ཚོད་ལྟ་ཞིག་ཏུ་གྱུར་ཡོད་པ་རེད།

རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི་ཆལ་ཆིལ་དུ་བཞུར་བའི་རེབ་གོང་རིག་གནས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་ཆུ་ཐིགས་ལྟ་བུ་ཞིག་ཡིན་པ་དང་། དེའི་ཤན་ཤུགས་ཀྱིས་མཐའ་འཁོར་གྱི་སྡེ་བ་དང་ཞིང་བ་ཁྱིམ་ཚང་རྣམས་རེབ་གོང་རིག་གནས་ཐོན་ལས་ཀྱི་ཁྲོད་ཧུར་ཐག་གིས་ཞུགས་པར་སྣེ་ཁྲིད་བྱས།

ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཀྱི་འོག་ཏུ། རེབ་གོང་རིག་གནས་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། སེང་གེ་གཞོང་ས་ཁུལ་དུ“ཁྱིམ་ཚང་རེ་ལ་ལྷ་བཞེངས་ས་རེ་དང་། མི་ཚང་མ་ལྷ་བཟོ་ཡིན་པའི”དར་རྒྱས་ཀྱི་རྣམ་པ་མངོན་ཡོད་པ་དང་། ཀུང་ཟི་དང་། སྒྱུ་རྩལ། རྟེན་གཞིའི་རྣམ་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཀྱང་གྲུབ་ཡོད་པས། མང་ཚོགས་ཀྱི་ཕྱུག་འགྱུར་ནུས་པ་ཇེ་མཐོར་བཏང་སྟེ། རིག་གནས་རྒྱུན་འཛིན་བྱེད་ཐུབ་པ་དང་། ཕྱུག་པོ་ཆགས་ཐུབ་པར་བྱས་ནས་རིག་གནས་དམངས་ཕན་གྱི་དམིགས་འབེན་མངོན་འགྱུར་བྱས། ཐོན་སྐྱེད་རང་བཞིན་གྱི་སྒོ་ནས་སྲུང་སྐྱོབ་བྱེད་པ་དེ་རེབ་གོང་སྒྱུ་རྩལ་འབྱོར་ཕྱུག་འཕེལ་རྒྱས་ཀྱི་སྟོབས་ཆེའི་སྒུལ་ཤུགས་སུ་གྱུར་ཡོད་པས། རྒྱུན་འཛིན་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་འགུལ་མཉམ་རྒྱལ་གྱི་རྣམ་པ་གསར་བ་ཞིག་གྲུབ་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།