དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་རྩོམ་དགོས།
2021.08.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

 --ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཅང་མ་འགོར་བའི་སྔོན་ལ་གྲོལ་བའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྟེང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་བསམ་བློ་དང་བྱ་སྤྱོད་ཐོག་གཅིག་གྱུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་རབས་ཀྱི་བླང་བྱ་ཡང་དག་པས་ཁོང་དུ་ཆུད་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལེའུ་གསར་པ་རྩོམ་དགོས་ཞེས་བསྟན་པ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་བལྟས་ན། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་དུང་བརྡ་བསྒྲགས་ཟིན་པས།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་བ་དང་། ཏང་ཁག་སོ་སོ་དང་། ཚོགས་པ་སོ་སོ།  མི་རིགས་སོ་སོ། རིམ་གྲས་སོ་སོ།  དེ་བཞིན་ཕྱོགས་ཁག་སོ་སོ་བཅས་ཀྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཇེ་དམ་ཏུ་བཏང་སྟེ།  བློ་གཅིག་སེམས་གཅིག་དང་རྡོག་རྩ་གཅིག་སྒྲིལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་ཕན་ནུས་ཐོན་པར་བྱས་ཏེ།  མཚོ་སྔོན་གྱི་བུ་བུ་མོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབད་འཐབ་ལྷོད་མེད་སྒོས་བསྐྱོད་པ་དང་།  རྒྱུན་ཆད་མེད་པར་དུས་རབས་གསར་པའི་མཚོ་སྔོན་གྱི་ལས་དོན་ཁག་གི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས་པར་སྙམ།

སེམས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་དགོས།

ད་ལོའི་ཟླ6པའི་ཟླ་སྟོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོར་བསྒྲུབ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་གཟིགས་ཞིབ་གནང་བའི་ནང་དོན་གཙོ་བོའི་གྲས་ཤིག་ཡིན་པ་དང་། མི་རིགས་མང་པོ་འདུས་སྡོད་བྱེད་པའི་མཚོ་སྔོན་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་དར་ཆ་བསྒྲེངས་ནས་མཉམ་དུ་འབད་འཐབ་བྱེད་པའི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་གསོ་ཞིབ་འཇུག་པུའི་ཀྲུའུ་རིན་མཱ་མེན་ཀྲུང་གིས་བཤད་རྒྱུར། ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཞི་རྩའི་ཚད་གཞིར་བསྒྱུར་བར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཟེར།

མཐུན་སྒྲིལ་བྱས་ན་ཡར་ཐོན་ཡོང་སྲིད་པའི་ལྟ་བ་དེ་སྔ་མོ་ནས་མགོ་ལོག་རྩྭ་ཐང་གི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཐུན་མོང་གི་ངོས་ཟིན་ཞིག་ཏུ་གྱུར་ཡོད།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་ལས་བྱེད་པ་ཉི་མ་ཚེ་རིང་གིས་བཤད་རྒྱུར།  མིག་སྔར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བ་དང་།  སྐྱེ་ཁམས་འཕེལ་རྒྱས་ལ་ཕན་འབྲས་ཐོན་པ།  ལག་གདང་སྦྲེལ་ནས་འབྱོར་འབྲིང་སྐྲུན་པ། མི་དམངས་བདེ་ཞིང་སྐྱིད་པ།  བརྟན་ལྷིང་དང་གོ་རིམ་ལྡན་ཞིང་འཆམ་མཐུན་ཡོང་བ།   མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ།   མཐའ་མཚམས་ཡུན་རིང་བདེ་འགོད་ཡོང་བ།  མཉམ་སྐྲུན་མཉམ་སྤྱོད་བྱེད་པ་སོགས་ཁྱབ་ཁོངས་བརྒྱད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་བཞིན་ཡོད་ལ། མི་རིགས་མཐུན་སྒྲིལ་ལས་དོན་དེ་ས་གནས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱས་ཏེ། འབྲོག་པ་མང་ཚོགས་ལ་མཐུན་སྒྲིལ་ཡར་ཐོན་གྱི་ཁྲོད་ནས་བྱུང་བའི་ཁེ་ཕན་གང་ལེགས་སྒོས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་ཟེར།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་དཔལ་འབྱོར་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་སུན་ཡུང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་རྗེས། རང་ཉིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་མཛུབ་སྟོན་དུ་བརྩི་བ་དང་། ལས་གནས་ལ་གཞི་ཚུགས་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ནུས་ཤུགས་ཡོད་རྒུས་མི་རིགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་འབའ་གཙང་ཁོག་ཧུའེ་རིགས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཞིས་གོ་མེན་དང་ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་འཕྲལ་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་འབྲེལ་ཡོད་གསར་འགྱུར་ལ་བལྟས་རྗེས།  ཞིས་གོ་མེན་གྱིས་བཤད་རྒྱུར།  འབའ་གཙང་ཁོག་ཡུལ་ཚོའི་མི་རིགས་མཐུན་སྒྲིལ་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་རྒྱུན་འཛིན་བྱས་ཡོད་པ་དེ་ནི།    ཆེས་གཏིང་ཟབ་པའི་བསམ་པའི་གཞི་རྒྱུ་ཞིག་དང་མི་རིགས་ཁག་གི་མི་དམངས་ཀྱིས་གཅེས་འཛིན་ལྡབ་འགྱུར་བྱེད་པའི་སྲོག་རྩ་ཞིག་རེད།   ལོ་ལྔའི་འཆར་འགོད་བཅུ་བཞི་བའི་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུ་གསར་བའི་མགོ་བརྩམས་ཟིན་པས།  ཡུལ་ཚོ་དང་གྲོང་རྡལ་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་སྒོས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་།  རྩ་འཛུགས། གོང་བུ་གཅིག་སྒྲིལ་བཅས་བྱས་ནས་གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཟེར།

བློ་གཅིག་སེམས་གཅིག་གིས་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད། དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་བརྟན་པོ་བཙུགས་ནས་ཏང་ཁག་སོ་སོ་དང་། ཚོགས་པ་སོ་སོ། མི་རིགས་སོ་སོ། རིམ་གྲས་སོ་སོ་བཅས་དང་དེ་བཞིན་ཕྱོགས་སོ་སོའི་མཐུན་སྒྲིལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས།

“རང་རེའི་རྒྱལ་ཁབ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས། མི་རིགས་ཁག་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པས་ཚང་མས་ཕན་ཚུན་ལ་བརྩེ་བ་ཟབ་མོ་བཅངས་ནས་མཉམ་དུ་མཐུན་སྒྲིལ་ཡར་ཐོན་ཡོང་བ་བྱེད་དགོས”ཞེས་པའི2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་མངག་བཅོལ་དེ།  ད་ལྟའི་བར་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུ་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བའི་རྣ་ལམ་དུ་སྔར་བཞིན་གྲགས་འོང་། ཁོས་བཤད་རྒྱུར།  འབྲི་ཆུ་འགོ་ཁུངས་སྡེ་བས་འབྲོག་པ་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ནས།   སྡེ་བ་ཡོངས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་དམིགས་འབེན་ཕྱོགས་སུ་བསྐྱོད་དེ། འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་།  སྐྱིད་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཟེར།

ད་ལོའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློའི་སློབ་གསོ་དང་ཁྲིད་སྟོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རྨང་གཞིའི་འགན་སྲུང་དུ་བརྩིས་ནས་དམ་འཛིན་བྱེད་ཀྱིན་ཡོད།  ཆི་ལེན་རྫོང་གསར་འཛུགས་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་ལིས་ཅི་ཁྲིན་གྱིས་བཤད་རྒྱུར།  ཆི་ལེན་རྫོང་གིས སློབ་སྦྱོང་སློབ་གསོ་དང་ཤེས་བྱ་འཆད་ཁྲིད།  གནས་ཚུལ་དྲིལ་བསྒྲགས། བརྗོད་དོན་ལག་ལེན་བྱ་འགུལ་བཅས་ཀྱི་མཉམ་འདྲེས་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་པ་དང་། ཁ་འབྲལ་ཐབས་མེད་པ་གསུམ་དང་ངོས་འཛིན་གཅིག་མཐུན་ལྔ། ཕན་ཚུན་དྲུག་གི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ།  ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱ་རྒྱུ་ཡིན་ཟེར།

“མི་རིགས་མཐུན་སྒྲིལ་ནི་མཚོ་ནུབ་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པས་གནས་དེར་འཚོ་བ་རོལ་བཞིན་པའི་མི་རིགས་སོ་ལྔ་ལ་ཉི་འོད་བཞིན་དུ་དྲོད་ཁོལ་སྦྱིན་བཞིན་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞང་དབྱང་གིས་བཤད་རྒྱུར། མཚོ་ནུབ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་འདྲེས་འཕེལ་རྒྱས་བྱ་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་སྟེ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་། ཁུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་། གྲོང་གསེབ་དར་སྤེལ་སོགས་ཀྱི་ཐད་ནས་དུས་རབས་གསར་པའི་མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ཁྱོན་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་བར་སྐུལ་འདེད་བྱེད་པ་དང་ཆབས་ཅིག མི་རིགས་ཁག་གི་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱ་རྒྱུ་ཡིན་ཟེར།

ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་མཐུན་སྒྲིལ་གྱི་སྔོན་འགྲོ་དང་རྨང་གཞི་ཡིན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ལས་ཞུགས་ཅུས་ཀྱི་ལས་བྱེད་པ་འཕགས་མོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ང་ཚོས་མི་རིགས་ཁག་གི་མི་དམངས་མང་ཚོགས་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་མཁན་གྱི་སྐུལ་འདེད་པ་བྱས་ཏེ།  རྒྱུན་ཆད་མེད་པར་ངོས་འཛིན་གཅིག་མཐུན་ལྔ་ཇེ་དྲག་ཏུ་གཏོང་བའི་ལག་ལེན་མཁན་དང་ལས་གནས་ཐོག་གཞི་ཚུགས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཟབ་ཞུགས་མཁན་ བྱེད་པ་དང་། དངོས་སྒྲུབ་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་དགོས་ཟེར།

འཐབ་ཕྱོགས་གཅིག་གྱུར་གྱིས་མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས།

ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་སྟེང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་གོ་གནས་གལ་ཆེན་དུ་བཞག་ནས། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བཅས་བྱས་ཏེ། མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཅི་ཐུབ་བྱེད་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བའི་ཁྲོད་འཐབ་ཕྱོགས་གཅིག་གྱུར་གྱི་འགན་ནུས་དང་ཕན་ནུས་འདོན་སྤེལ་གང་ལེགས་བྱ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཚེ་རིང་གིས་བཤད་རྒྱུར། མཚོ་ལྷོ་ཁུལ་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཙུགས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། དམངས་ཀྱི་བློ་གྲོས་གཅིག་སྡུད་དང་། མཉམ་ཤུགས་ཆེར་གཏོང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོའི་དུས་རབས་གསར་པའི་མི་རིགས་ཆོས་ལུགས་ལས་དོན་ལ་བླང་བྱ་གསར་པ་བཏོན་ཡོད།  ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ལས་བྱེད་པ་ཝུན་ཁྲང་ཚེ་རིང་གིས་བཤད་རྒྱུར། ང་ཚོས་ལས་དོན་ལ་གཞི་ཚུགས་ནས་རིམ་པ་དབྱེ་བ་དང་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་ཁ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློའི་འདུ་ཤེས་བརྟན་པོ་འཛུགས་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས་ངོས་འཛིན་གཅིག་མཐུན་ལྔའི་བསམ་པའི་སྟོབས་ཤུགས་ཟམ་མི་ཆད་པར་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར།

ང་ཚོས་ལས་གནས་སུ་གཞི་ཚུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་།  མི་རིགས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོ་རྒྱུན་འཁྱོངས་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་དགོས།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དབང་ཆེན་ཚེ་རྒྱལ་གྱིས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད། ང་ཚོས་དེ་བས་ཧུར་བརྩོན་གྱི་རྣམ་འགྱུར་དང་དེ་བས་ཕན་འབྲས་ལྡན་པའི་བྱ་སྤྱོད་ཐོག་ནས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་སྲུང་སྐྱོབ་དང་། མི་སེམས་གཅིག་སྒྲིལ།  ལྟེ་བར་ཞབས་ཞུ་བཅས་བྱ་རྒྱུ་ཡིན་ཟེར།

ཚང་འཛོམས་གྲོས་ཚོགས་ལ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།  ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཞིས་ཧྥུའུ་ལིན་གྱིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས་ལོ་སྨད་ཀྱི་གཙོ་གནད་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཚད་མཐོའི་བསམ་བློའི་རང་རྟོགས་དང་། འགན་འཁྲི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཀྱི་ཐོག་ནས།  མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།