—མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་ཝ་མགྱོགས་ཡུལ་ཚོ་མདའ་བཞི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཁར་འབུམ་རྒྱལ་གྱི་གནས་ཚུལ་བཀོད་པ།
“ང་ཚོ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་པར་ཧྲུའུ་ཅི་རྒན་པར་བྱས་རྗེས་ཆེན་པོ་ཡོད། ཁོང་ནི་ང་ཚོའི་མིག་དཔེ་བལྟ་ས་དང་སློབ་སྦྱོང་བྱེད་ས་ཡིན།”སྐད་ཆ་འདི་མདའ་བཞི་སྡེ་བའི་རྒན་དར་གཞོན་གསུམ་ཀུན་གྱིས་ཧྲུའུ་ཅི་རྒན་པ་ངོ་སྤྲོད་བྱེད་སྐབས་རྒྱུན་པར་གླེང་བཞིན་ཡོད། སྡེ་མི་ཀུན་གྱིས་གཅིག་མཐུན་སྒོས་འདི་འདྲའི་བཀུར་བསྟི་དང་ཡི་རངས་བྱེད་པའི་ཧྲུའུ་ཅི་རྒན་པ་དེ་དངོས་གནས་གང་འདྲ་ཞིག་ཡིན་པ་དང་། ཁོས་སྡེ་བའི་མང་ཚོགས་ལ་ཕན་པའི་བྱ་བ་ཅི་ཞིག་བསྒྲུབས་པར་རྒྱུས་ལོན་བྱེད་ཆེད་མཚར་སྣང་དང་བཅས་པའི་ང་ཚོ་གསར་འགོད་པ་ཁོང་ལ་བཅར་འདྲིར་ཕྱིན་པ་ཡིན།
ཝ་མགྱོགས་ཡུལ་ཚོ་ནས་ལམ་ལ་ཆས་ཏེ་ཁོད་སྙོམས་པའི་ཞིང་སྡེ་གསར་པའི་སྣུམ་ལམ་དེད་ནས་སྤྱི་ལེ་ཉི་ཤུ་ལྷག་གི་སར་བསྐྱོད་པ་ན་ཧྲུའུ་ཅི་རྒན་པ་ཚང་ལ་འབྱོར་བྱུང་། ཁོའི་གདོང་ལ་འཛུམ་མདངས་དང་བཅས་ང་ཚོར་འཚམས་འདྲི་གནང་བ་དང་། བཅར་འདྲིའི་དམིགས་ཡུལ་གང་ཡིན་པ་རྒྱུས་ལོན་བྱས་རྗེས་འདས་པའི་ལོ་ཟླའི་ཕྱིར་དྲན་གྱི་ཀློང་ནས་མགོ་བརྩམས་ཏེ་མདའ་བཞི་སྡེ་བའི་འཕེལ་རྒྱས་གླེང་བྱུང་།
ཧྲུའུ་ཅི་རྒན་པའི་དངོས་མིང་ལ་མཁར་འབུམ་རྒྱལ་ཟེར་ཞིང་། ཁོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་ཝ་མགྱོགས་ཡུལ་ཚོ་མདའ་བཞི་སྡེ་བའི་མི་ཡིན་ལ། 1973ལོ་ནས་བཟུང་སྡེ་བའི་ལས་བྱེད་པའི་འགན་ཁུར། 1977ལོའི་ཟླ6པར་ཏང་གི་ནང་ལ་ཞུགས། 2011ལོར་ངལ་གསོས་བའི་བར་གྱི་ཕལ་ཆེར་ལོ་ངོ40ལྷག་གི་རིང་ལ་སྡེ་བའི་ལས་བྱེད་པའི་འགན་ཁུར་བ་རེད། ད་ལྟ་ཁོ་རང་ལོ་ན་རེ་བདུན་ལ་སོན་ཡོད།
ཁོས་ང་ཚོར་ལོ་རབས་བདུན་ཅུའི་སྐབས་ཀྱི་འཚོ་བ་གླེང་བྱུང་།“སྐབས་དེར་ང་སྡེ་བའི་ནང་གི་ལོ་ན་ཆེས་གཞོན་པའི་ལས་བྱེད་པ་རེད། ཆུ་གློག་ལམ་གསུམ་ཕར་ཞོག་ཁྱིམ་ཚང་མང་ཤོས་ལ་སྡོད་ཁང་མེད་པར་སྦྲ་གུར་ནང་དུ་བསྡད་ཡོད། རྫོང་ཐོག་ལ་ཉོ་ཚོང་དུ་འགྲོ་ན་ཡང་རྟར་བཞོན་ནས་ཕར་ལམ་ཚུར་ལམ་ཉིན་གཉིས་ཀྱི་རིང་ལ་འགྲོ་དགོས། གློ་བུར་དུ་ན་ཚ་ལྕི་མོ་འདྲ་བྱུང་ཚེ་ཤིང་རྟར་བསྡད་ནས་འགྲོ་དགོས་པས་རྫོང་སྨན་ཁང་ལ་ཐོན་དུས་ནད་པ་ཕལ་ཆེར་གསོན་དཀའ། ད་ལྟ་ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་མང་པོ་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་པས། མང་ཚོགས་ཀྱི་འཚོ་བར་བློ་ཡུལ་ལ་ཤོང་དཀའ་བའི་འགྱུར་བ་བྱུང་ཡོད།” དངོས་གནས་ད་ལྟའི་མདའ་བཞི་སྡེ་བའི་ཁྱིམ་ཚང་སོ་སོའི་གྲལ་དག་པའི་ཁང་མིག་དང་ཐད་ཀར་སྒོ་ཁར་འཐེན་པའི་སྣུམ་ལམ། ཆུ་དང་གློག འཕྲོད་བསྟེན་སོགས་ཟས་གོས་འགྲོ་འོང་གང་ཅིའི་ཐད་ལ་སེམས་ཁྲལ་མེད་པའི་སྤྲོ་སྐྱིད་ཡིད་འོང་གི་རྣམ་པ་འདི་མཐོང་ན་འདས་ཟིན་པའི་འཇིག་རྟེན་དང་གཉིས་སུ་ཡོད་པར་སྣང་། འགྲིམ་འགྲུལ་དང་བརྡ་འཕྲིན་སོགས་ཀྱི་ཆ་རྐྱེན་ཞན་པའི་དམིགས་བསལ་གྱི་དུས་སྐབས་དེ་ལ་ཡང་། ཁོ་སྡེ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་མི་དམངས་ཀྱི་དཀའ་ཁག་རང་གི་ཕྲག་ཏུ་བླངས་ནས་སྤྱི་གཞུང་གི་ལས་ལ་འབད་པ་དང་། རྫོང་ཐོག་ནས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་རིན་མ་བླངས་པར་ཇ་དང་ཚྭ་སོགས་འཚོ་བའི་ཉེར་མཁོ་དངོས་རྫས་ཉོས་པ་ཡང་གྲངས་མེད་ཡིན།
དཀའ་ཁག་གང་ན་ཡོད་ན་ཏང་ཡོན་ལས་བྱེད་པ་གནས་དེ་རུ་ཡོད། ཁོས་རང་ཉིད་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་རྒྱུན་པར་རང་ལ་རེ་བ་ནན་མོ་བཏོན་ལ། ཐོག་མར་རང་ངོས་ནས་མགོ་བརྩམས་ཏེ་ནོར་འཁྲུལ་ཡོ་བསྲང་དང་གཞན་གྱི་སྐྱོན་བརྗོད་དང་ལེན་བྱས། མདའ་བཞི་ནི་ཕྱུགས་ལས་གཙོ་གཉེར་བའི་སྡེ་བ་ཞིག་ཡིན་པས་དེ་སྔོན་རྒྱུན་པར་རྩྭ་ས་རྩོད་གླེང་གི་རྙོག་དྲ་མང་པོ་འབྱུང་བཞིན་ཡོད། ཡིན་ཡང་། ཁོས་ཐེངས་རེ་རེར་སུན་སྣང་མེད་པར་དྲང་བདེན་དང་འདྲ་མཉམ་སྒོས་རྩོད་གླེང་མཐའ་དག་འདུམ་འགྲིག་བྱས་པའང་བགྲང་གིས་མི་ལང་།
སྡེ་བ་སོ་སོས་ཐོན་ལས་འཕེལ་རྒྱས་བཏང་ནས་ཡོང་སྒོ་འཕར་བར་འབད་པའི་ཚ་རླབས་འཕྱུར་བའི་སྐབས་སུ། ཁོས་དུས་དང་བསྟུན་ནས་རང་གི་བསམ་བློར་བསྒྱུར་བཅོས་བྱས་པར་མ་ཟད། སྡེ་བའི་ལས་བྱེད་པ་ཚོའི་མགོ་ཁྲིད་ནས་རང་ས་གནས་སུ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ནོར་ལུག་ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གདམ་ག་ལེགས་ཤོས་ཡིན་པ་ཚོར། ཁོས་བཤད་རྒྱུར“ཐོག་མར་ང་ཚོ་རང་ལ་ཆ་རྐྱེན་འཛོམས་པའི་ཐོན་ལས་གཉེར་རྒྱུ་ནི་གོམ་པ་དང་པོ་ཡིན། ཆ་རྒྱུས་ཡོད་པའི་ཐོན་ལས་དར་སྤེལ་བཏང་ན་གཅིག་ནས་ཉམས་མྱོང་མང་པོ་བསྡུ་ལེན་བྱེད་ཐུབ་པ་དང་། གཉིས་ནས་དེར་བརྟེན་ནས་མ་དངུལ་གསོག་འཇོག་བྱས་ཏེ་ཐོན་ལས་གཞན་གཉེར་བར་གྲ་སྒྲིག་བྱེད་དགོས”ཟེར། ལོ་འགའི་རིང་ལ་ནོར་ལུག་གསོ་སྤེལ་མཉམ་ལས་ཁང་གཉིས་བཙུགས་པ་དང་། གཟན་ཆས་ལས་སྣོན་དང་གསོ་སྤེལ་ར་བ་ལ་ཡོད་དགོས་པའི་སྒྲིག་ཆས་ཆ་ཚང་ཉོ་སྒྲུབ་དང་འཛུགས་སྐྲུན་བྱས་པས་སྡེ་མི་ཀུན་གྱིས་ཡི་རང་བྱེད་བཞིན་ཡོད།
ཡིན་ཡང་། ཁོར་འཕྲད་པའི་དཀའ་ཁག་ཆེ་ཤོས་ནི་མཉམ་ལས་ཁང་གི་འཛུགས་སྐྲུན་ཙམ་མ་ཡིན་པར། ཡོད་ཚད་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཀྱང་། མ་རྐང་འཇོག་མཁན་ཁྱིམ་ཚང་འགའ་ལས་མ་བྱུང་བས། ཁོ་དངོས་སུ་ཁྱིམ་ཁ་སྒོ་ཁ་ཉུལ་བྱས་ནས་འབྲོག་པ་མང་ཚོགས་ཀྱི་དྲི་བ་དང་དོགས་པ་ཡོད་ཚད་ལ་རེ་རེ་བཞིན་འགྲེལ་བཤད་གསལ་པོར་བྱས་པར་མ་ཟད། དབུལ་སྐྱོར་སྲིད་ཇུས་དང་དེང་གི་ཐོན་ལས་གསར་པའི་འཕེལ་ཕྱོགས་སོགས་འབྲེལ་ཡོད་ཤེས་བྱ་བརྒྱུད་སྒྲོག་བྱས་མཐར་མང་ཚོགས་ཀྱི་བསམ་བློར་འགྱུར་བ་ཆེན་པོ་བྱུང་། རིམ་བཞིན་སྡེ་བའི་ནང་གི་ཁྱིམ་ཚང་མང་ཤོས་མཉམ་ལས་ལ་ཞུགས་ནས་མ་རྐང་བཞག ཁོས་བཤད་རྒྱུར། མང་ཚོགས་ཀྱི་བྱ་བ་གང་སྒྲུབ་རུང་ཐོག་མར་གསལ་བཤད་བྱས་ནས་ཁོ་ཚོར་སེམས་ཁྲལ་མེད་པ་ཞིག་བྱེད་དགོས་ལ། མང་ཚོགས་ལ་སེམས་ཁྲལ་དང་དོགས་པ་མེད་ན་ལས་བྱེད་པས་བྱ་བ་གང་སྒྲུབ་རུང་ལས་སླ་བོ་ཡིན་ཟེར། ལོ་གཉིས་རིང་གི་འབད་བརྩོན་བརྒྱུད་མཉམ་ལས་ཁང་དུ་ཁྱོན་སྡོམ་ནོར་ལུག་ཁྲི་གསུམ་དང་སྟོང་གསུམ་བརྒྱ་ཡོད་པ་དང་། ལོ་གཅིག་གི་ཡོང་འབབ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་ལས་བརྒལ། ལས་སྣོན་བྱས་པའི་ཤ་མཚོ་འགྲམ་གྲོང་ཁྱེར་ཧྲང་ཧའེ་སོགས་ལ་ཕྱིར་འཚོང་བྱས་ནས་བརྟན་འཇགས་ཀྱི་ཉོ་བདག་མང་པོ་བྱུང་ཡོད། མཉམ་ལས་ཁང་ལེགས་འགྲུབ་བྱུང་བ་དང་བསྟུན་ཐོན་ལས་གཞན་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱས་ནས“ཡུལ་སྐོར་དང་། འབྲོག་པའི་དམངས་སྲོལ”ཚོང་གཉེར་ཐབས་ལམ་བརྒྱུད་དེ་སྔ་རྗེས་སུ་ཡུལ་སྐོར་ལྗོངས་རྒྱུའི་ལས་གཞི་འགའ་འཛུགས་སྐྲུན་བྱས་པ་དང་། སྡེ་བའི་ཐུན་མོང་གི་དཔལ་འབྱོར་སྣ་གཅིག་རྐྱང་ནས་སྣ་མང་ཅན་ལ་བསྒྱུར།
མདའ་བཞི་སྡེ་བ་ནི་མི་རིགས་མང་པོ་གཅིག་འདུས་ཀྱི་སྡེ་བ་ཞིག་ཡིན་པས་མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་དུ་གྱུར་ཡོད། མཁར་འབུམ་རྒྱལ་གྱིས་བཤད་རྒྱུར། མཐུན་སྒྲིལ་མེད་ན་འཕེལ་རྒྱས་མེད། མི་རིགས་མཐུན་སྒྲིལ་ནི་ང་ཚོའི་སྡེ་བས་ངེས་པར་གཙིགས་ཆེན་བྱེད་དགོས་པའི་བྱ་བ་གལ་ཆེན་ཡིན་ཟེར། མི་རིགས་མཐུན་སྒྲིལ་རྟགས་མའི་རྟ་རྒྱུག་དང་སྐོར་བྲོ་འགྲན་བསྡུར་སོགས་རིག་རྩལ་བྱ་འགུལ་མང་པོ་སྤེལ་བ་དང་། ཕན་ཚུན་གྱི་འགྲོ་འོང་དང་རིག་གནས་བརྗེ་རེས་ཇེ་མང་དུ་གྱུར་པ་དང་བསྟུན་ནས་མི་རིགས་མཐུན་སྒྲིལ་ལ་སྔར་མེད་པའི་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད། སྡེ་སྡོད་ལས་བྱེད་པ་བསྟན་པ་ཚེ་རིང་གིས་བཤད་རྒྱུར། ཧྲུའུ་ཅི་རྒན་པ་ཁོང་ལ་མང་ཚོགས་ཀྱི་ཁྲོད་དུ་མཚན་སྙན་བཟང་པོ་ཡོད། སྡེ་བའི་ནང་གི་ནད་པ་དང་སློབ་མ་མང་པོར་རྒྱུན་པར་རོགས་རམ་བྱེད་ཀྱིན་ཡོད། ན་ནིང་ཡང་ཕལ་ཆེར་སྒོར་མོ་ཁྲི་ལྔ་ལྷག་གིས་རོགས་སྐྱོར་བྱས་ཟིན་ཟེར།
ཏང་ཡོན་ཞིག་གི་ཚད་གཞི་དང་དམངས་ལ་བློ་དཀར་བའི་བྱ་བ་སྒྲུབ་སྟངས་ཀྱིས་ཀུན་གྱིས་ཁས་ལེན་ཐོབ་ཡོད་པས། སྔ་གཞུག་ཐེངས་བདུན་ལ་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཐེངས་གཉིས་ལ་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། ཐེངས་གསུམ་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་བཅས་ཀྱི་བྱ་དགའ་ཐོབ་པ་རེད། ད་ལྟ། ཁོས་ལས་གནས་སུ་ངལ་གསོ་བྱས་ཀྱང་སྡེ་བའི་བློ་འདྲི་ས་གཙོ་བོ་ཡིན་པས་མདའ་བཞི་སྡེ་བའི་འཕེལ་རྒྱས་ལ་སྔར་བཞིན་ནུས་པ་འདོན་གྱིན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།