བོད་ལྗོངས་ལྷ་སའི་ནུབ་ངོས་ཀྱི་གཙང་འགྲམ་དུ། དབྱིབས་ཟུར་གསུམ་དུ་སྣང་བའི་རྗེས་དྲན་རྡོ་རིང་ཆེན་པོ་ཞིག་ཁུ་སིམ་གྱི་ཀློང་ན་ཀྲོང་ངེར་འགྱིང་འདུག དེ་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་རྗེས་དྲན་རྡོ་རིང་རེད། རྗེས་དྲན་རྡོ་རིང་འགྲམ་དུ་གསོམ་སྡོང་ཀེ་རེར་འགྲེང་ཡོད།
བརྗིད་ཉམས་ལྡན་པའི་རྗེས་དྲན་རྡོ་རིང་གི་མདུན་དུ་ལངས་དུས། གཅིག་ན་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ན་འཆི་རྒྱུར་མི་སྐྲག་པའི་ལམ་ལས་སྙིང་སྟོབས་ཐད་ཀར་མི་སེམས་སུ་ཟུག་འོང་། ལོ་ངོ67གྱི་ཡར་སྔོན་ལ། ལམ་ལས་དམག་དམངས་འབུམ་གཅིག་དང་ཁྲི་གཅིག་ལྷག་གིས“སྐར་ལྔའི་དར་དམར་ཇོ་མོ་གླང་མའི་དབུ་རྩེར་འཛུགས་པ”ཡི་ཆོད་སེམས་ཡིད་ལ་བཅངས་ཏེ། ཞུམ་པ་མེད་པའི་དཔའ་བོའི་སྙིང་སྟོབས་ལ་བརྟེན་ནས། གངས་འཁྱག་ཐོག་ཉལ་ཞིང་གྲང་ངར་དང་འཐབ་འཛིང་བྱེད་བཞིན་ཐབས་ཆག་གི་འཛུགས་སྐྲུན་ལག་ཆ་བཀོལ་ནས། མདོ་དབུས་མཐོ་སྒང་དུ་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ལས་ཏེ། བོད་ལྗོངས་སུ་དེང་རབས་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། འཛམ་གླིང་གི་གཞུང་ལམ་ལོ་རྒྱུས་སྟེང་གི་ངོ་མཚར་ཞིག་བསྐྲུན།
བོད་ལྗོངས་བཅིངས་འགྲོལ་བྱས་མ་ཐག བློ་མཐུན་མའོ་ཙེ་ཏུང་གིས་དམག་དཔུང་ལ“ཕྱོགས་གཅིག་ནས་དམག་བོད་ལྗོངས་སུ་བསྐྱོད་དགོས་པ་དང་། ཕྱོགས་གཅིག་ནས་ལམ་ལས་དགོས་པ”ཡི་འབོད་སྐུལ་གནང་། 1954ལོའི་ཟླ5པར། བོད་ལྗོངས་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གི་སྲིད་གྲོས་ཨུ་ཡོན་ཡིན་པའི་མུའུ་ཧྲེང་ཀྲུང་གིས་རྔ་མོང་ཁྲིད་པའི་ལས་བཟོ་པ1200ཡི་སྣེ་ཁྲིད་དེ། མི་རེས་འཇོར་རེ་དང་ལྕགས་ཁེམ་རེ་བཟུང་ནས། མཚོ་སྔོན་གྱི་ན་གོར་མོ་ནས་འཛམ་གླིང་གི་ཡང་རྩེར་ཕར་རྒོལ་བྱེད་མགོ་བརྩམས།
བོད་ལྗོངས་དམག་ཁུལ་དམག་དོན་ལོ་རྒྱུས་ཁང་དུ་འདི་ལྟ་བུའི་ལྕགས་ཁེམ་ཞིག་ཉར་ཚགས་བྱས་ཡོད་དེ། ལྕགས་ཁེམ་གྱི་སྣེ་མོར་བཙའ་ཆགས་ཏེ་སེར་ཐིག་ལྷུང་ཡོད་ལ། ཤིང་གི་ཡུ་བ་ཆག་གྲུམ་ཤོར་ཏེ་རུལ་ནས་འདུག དེ་ནི་ཁྲོན་བོད་གཞུང་ལམ་ལས་སྐབས་འཐབ་མོ་པ་ཚོས་བཀོལ་བའི་ལག་ཆ་རེད། དེ་ལས་གཞན། ལམ་ལས་དམག་དམངས་ཀྱི་ལག་ཏུ་བཟུང་མྱོང་བའི་ལག་ཆར་ད་དུང་ཐོ་བ་དང་ལྕགས་གཟོང་། འཇོར་ཁ་གཉིས་མ་བཅས་ཡོད།
“ཨུ་ལག་རི་བོའི་གཡང་གཟར་སྟེང་། འཐབ་མོ་པ་རྣམས་བྲག་ངོས་གཟར་སར་ཐུར་དུ་དཔྱངས་ནས། གཅིག་གིས་རྡོ་གཟོང་ཡར་སྐྱོར་བ་དང་གཅིག་གིས་འཇོར་གཡུག་བཞིན། སྤྱི་ལེ་རེ་རེའི་མཚམས་ནས་མི་བདུན་རེའི་རང་སྲོག་བློས་གཏོང་གི་རིན་ཚབ་ཆེན་པོ་སྤྲད་དེ། སྲ་མཁྲེགས་ཀྱི་བྲག་རིའི་ངོས་སུ་མཁའ་ལམ་ལས་པ་རེད”ཅེས་བོད་ལྗོངས་དམག་ཁུལ་དམག་དོན་ལོ་རྒྱུས་ཁང་གི་འགྲེལ་བཤད་པ་ལི་ཁྲེན་གྱིས་དེ་ལྟར་བཤད།
མཚོ་བོད་གཞུང་ལམ་ལས་སྐབས། མུའུ་ཧྲེང་ཀྲུང་གིས་དེ་སྔོན་ལྕགས་ཁེམ་སྟེང“མུའུ་ཧྲེང་ཀྲུང་གི་དུར་ས”ཞེས་བརྐོས་མྱོང་། ཁོས་བཤད་རྒྱུར། “གལ་ཏེ་ང་རང་ལམ་བུ་འདིའི་སྟེང་ཤི་སོང་ན། འདི་ནི་ངའི་དུར་བྱང་ཡིན། ལམ་ལས་ནས་གང་ལ་སླེབས་ཐུབ་ན། ང་རང་དེ་རུ་སྦས་རོགས་མགོ་བོ་ལྷ་སའི་ཕྱོགས་སུ་གཏད་རོགས”ཟེར།
ཁྲོ་ལ་རི་བོའི་འཛུགས་སྐྲུན་བྱ་ཡུལ་ནས། ལོ་ན་ཉེར་ལྔ་ལས་སོན་མེད་པའི་ཀྲང་ཧྥུའུ་ལིན་ཕ་བོང་ཆེན་པོ་ཞིག་གིས་གཅིར་ཏེ་ཁྲག་གི་ནང་དུ་བརྫིས། བརྒྱ་ཤོག་གི་མཛུབ་སྟོན་པས་སྨན་པ་བཀོད་སྒྲིག་བྱས་ཏེ་མྱུར་སྐྱོབ་བྱས་པ་ན། ཁོས་ལྡོག་སྟེ་བཤད་རྒྱུར། “ང་རང་རྨས་པ་ཚབས་ཆེན་ཡིན་པས་ཕལ་ཆེར་ལྕོགས་མི་ཐུབ། ང་ལ་ཁབ་མ་རྒྱག རྒྱལ་ཁབ་ཀྱི་ཆེད་དུ་ཁབ་གཅིག་གྲོན་ཆུང་བྱ་རོགས།”
བོད་ལྗོངས་དཔའ་ཤོད་ཀྱི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་འགྲམ་དུ། ཁེར་རྐྱང་གི་ཟམ་གདན་རྙིང་པ་ཞིག་ཁུ་སིམ་མེར་འགྱིང་ཡོད། ཕར་འགྲོ་ཚུར་འོང་གི་རླངས་འཁོར་དག་གནས་དེ་རུ་བརྒྱུད་སྐབས། རྟག་ཏུ་དུང་བརྡ་བརྒྱབ་ནས་གུས་འདུད་ཞུ་བཞིན་ཡོད། དམག་གི་དཔུང་སྡེ་བཅོ་བརྒྱད་པའི་ངོ་སྤྲོད་བྱས་པ་ལྟར་ན། བཟོ་དམག་ཤོག་ལྔ་པའི་འཐབ་མོ་པ་ཞིག་ཟམ་པ་སྐྲུན་སྐབས་ཐང་ཆད་དྲགས་ཏེ། གཟབ་གཟབ་མ་བྱས་པར་ཟམ་གདན་ནང་དུ་ལྷུང་བས་རྟག་བརྟན་གྱི་རྗེས་དྲན་རྡོ་རིང་དུ་གྱུར་ཡོད།
ཟམ་གདན་གྱི་ཕར་ཁའི་བྲག་ངོས་སུ། 《ལྡིང་དཔོན་ཆུ་ལ་ལྕེབས་པའི་རི་མོ》ཞེས་པའི་རྡོ་བརྐོས་རི་མོ་ཞིག་གསལ་ལེར་མཐོང་ཐུབ། ངོ་སྤྲོད་བྱས་པ་ལྟར་ན། ལོ་དེར་དམག་སྡེ་བཅོ་བརྒྱད་པའི་དམག་ཤོག162པའི་ལྡིང་ཤོག་ཞིག་གིས་རྒྱལ་མོ་རྔུལ་ཆུའི་འགག་ཏུ་རི་གཏོར་ལམ་འབྱེད་བྱེད་སྐབས། འགག་དོག་པས་རྦབ་རྡོ་ལ་གཡོལ་ཐབས་དཀའ་བའི་དབང་གིས། རི་གཏོར་ལས་འགན་མཇུག་བསྒྲིལ་དུས་ལྡིང་དཔོན་གཅིག་པུ་མ་གཏོགས་ལྷག་མེད་དེ། གཞན་ཚང་མས་རང་སྲོག་བློས་བཏང་ཟིན། ལྡིང་དཔོན་སེམས་སྡུག་དྲག་པོས་མནར་ཏེ། དྲག་ཏུ་འཕྱོ་བཞིན་པའི་རྒྱལ་མོ་རྔུལ་ཆུར་ལྕེབས་ཏེ། འཐབ་གྲོགས་ཚོ་དང་ལྷན་དུ་བཞུད་སོང་བ་རེད།
འདི་ནི་ཁྲག་དང་ཚེ་སྲོག་ལ་བརྗེས་ནས་ལས་པའི་མཁའ་ལམ་ཞིག་ཡིན་པ་གངས་རི་དཀར་པོས་བདེན་དཔང་བྱེད་ཐུབ།
1954ལོའི་ཟླ12པའི་ཚེས25ཉིན། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་དུས་མཉམ་དུ་གྲུབ་སྟེ་རླངས་འཁོར་ཤར་གཏོང་བྱས། འཛམ་གླིང་ཡང་རྩེ་བརྟོལ་བའི་གཞུང་ལམ་དེ་གཉིས་ནི། དཀར་གཙང་གི་ཁ་བཏགས་ཡུག་རིང་ཞིག་དང་འདྲ་བར། གངས་ལྗོངས་མཐོ་སྒང་དང་ནང་ལོགས་དམ་དུ་སྦྲེལ་ཡོད། རིང་ཚད་ཡོངས་ལ་སྤྱི་ལེ4360ཡོད་པའི་གཞུང་ལམ་འགྲམ་རྒྱུད་དུ། ལམ་ལས་པའི་ཆེད་དུ་རང་སྲོག་བློས་བཏང་བའི་འཐབ་མོ་པ3000ལྷག་ནི་མཁའ་ལམ་སྟེང་གི་རྟག་བརྟན་གྱི་མཛད་རྗེས་རྡོ་རིང་དུ་གྱུར།
མཐོ་སྒང་དུ་འཕྲོས་པའི་གསེར་མདོག་གི་ཉི་འོད་ཀྱིས། ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་རྗེས་དྲན་རྡོ་རིང་ལ་འོད་མདངས་འཚེར་དུ་བཅུག་ཡོད། རྡོ་རིང་གི་ངོས་སུ་འདི་ལྟར་བྲིས་ཡོད་དེ། “རྒྱ་བོད་དམག་དམངས་ལམ་བསྐྲུན་བཟོ་པ་ཁྲི་བཅུ་གཅིག་ལྷག་གིས་དཀའ་སྡུག་ཁྱད་གསོད་དང་རླུང་བུ་ཟས་སུ་འགམས་ཤིང་ཁ་བ་མལ་གདན་བྱེད་བཞིན། བློ་སེམས་གཅིག་སྒྲིལ་གྱིས་རང་བྱུང་གི་ཉེན་ཁ་རེ་རེ་བཏུལ་བ་རེད། བརྐོ་སློག་བྱས་པའི་ས་རྡོ་རྒྱ་དཔངས་གྲུ་བཞི་མ་ཁྲི་སུམ་སྟོང་ལྷག་ལ་བུད་པ་དང་ཟམ་པ་བཞི་བརྒྱ་ལྷག་བསྐྲུན། ཚ་གྲང་ཁྱད་གསོད་དང་དཀའ་སྤྱད་འབད་བརྩོན་བྱས། འཐབ་མོ་པ་སུམ་སྟོང་གིས་དཔའ་ངར་ལྡན་པའི་ངང་རང་སྲོག་བློས་བཏང་ལ། མི་རབས་ཤིག་གི་མཛད་རྗེས་རྟག་ཏུ་དེབ་ཐེར་ངོས་སུ་བཀོད།”
ལོ་ངོ་བཅུ་ཕྲག་འགའི་རིང་ལ། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་གསོ་སྐྱོང་བྱེད་པའི་གོ་རིམ་ཁྲོད། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པར་དཀའ་སྤྱད་འབད་བརྩོན་དང་། ལམ་གྱི་རྡོ་བ་བྱེད་འདོད་ཀྱི་གཏོང་ཕོད། དམག་དམངས་ཁྱིམ་ཚང་གཅིག་ཡིན་པ། མི་རིགས་མཐུན་སྒྲིལ་བཅས་ཀྱི“ལམ་གཉིས”སྙིང་སྟོབས་གྲུབ་ཅིང་དར་སྤེལ་བཏང་།
དེང་སྐབས། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ། མཚོ་བོད་ལྕགས་ལམ། ལམ་འགྲམ་གནམ་གྲུ་ཐང་། ད་དུང་ཡུལ་ཚོ་དང་སྡེ་བར་ཤར་གཏོང་བྱུང་བའི་སྣུམ་ལམ་སྲ་བསྒྱུར་ལམ་བཅས་ཀྱིས་བོད་ལྗོངས་སུ་ཕར་འགྲོ་ཚུར་འོང་ལ་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་བཟོས་ཡོད།
“ཁྲོན་བོད་དང་མཚོ་བོད་གཞུང་ལམ་སོགས་ཀྱིས་འགྲིམ་འགྲུལ་གྱི་ལྟེ་བ་བྱས་ཏེ། བོད་ལྗོངས་དང་མེས་རྒྱལ་ནང་ལོགས་ཀྱི་འབྲེལ་བ་ཇེ་དམ་ནས་ཇེ་དམ་དུ་བཏང”ཞེས་བོད་ལྗོངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཐུབ་བསྟན་མཁས་གྲུབ་ཀྱིས་དེ་ལྟར་བཤད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།