དབྱར་གཞུང་ཞིག་ལ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཁར་བྱང་གཞིས་ཁུལ་གྱི་སྐོར་ལམ་བྱང་མར་ཆགས་པའི་ཨེར་སྟི་ཡུལ་ཚོ་ཆོས་ཚ་སྡེ་བར་སོང་། ཕྱོགས་བཞིར་བལྟས་ཙམ་ན། རྒྱལ་ལམ་གཞོགས་གཉིས་སུ་སྔོ་ལྡེམ་ལྡེམ་གྱི་གསོམ་ཤིང་ཀྲོང་ངེར་ལངས་ཡོད་ལ། རི་སྐྱེས་མེ་ཏོག་རྣམས་རླུང་གི་རྒྱུ་བ་དང་འགྲོགས་ཏེ་མགོ་ལྕོག་ལྡེམ་བཞིན་འདུག འཛུགས་སྐྲུན་བྱས་ཚར་ཡོད་པའི་མཛེས་སྡུག་བརྗིད་ཉམས་དོད་པོའི་དབུལ་སྐྱོར་ཐོན་ལས་གླིང་གི་སྒོ་ཡང་དངོས་སུ་ཕྱེས་འདུག སྡེ་བའི་གནས་སྤོར་ཁུལ་དུ་སོང་བ་ན། ཁང་ཁྱིམ་རེ་རེར་ལྗང་མདོག་གི་ར་བ་རེ་རེ་བསྐོར་ནས་གྲལ་དག་ཅིང་དྲོད་སྣང་ལྡན་པར་ཆགས་ཡོད་ལ། ཨར་འདམ་གྱི་ལམ་སྡེ་བའི་མང་ཚོགས་ཀྱི་སྒོ་ཁར་འཐེན་ཡོད། རིག་གནས་ཐང་ཆེན་དུ། བཀྲག་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་ལྷབ་ལྷུབ་ཏུ་སྐྱོད་བཞིན་འདུག
ཆོས་ཚ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་དབུལ་ཕོངས་སྡེ་བ་ཞིག་རེད། སྡེ་དམངས་རྣམས་ཀྱིས་མི་རབས་ནས་མི་རབས་བར་སྲོལ་རྒྱུན་གྱི་ཕྱུགས་འཚོ་བ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། 2018ལོའི་ཟླ10པའི་ཡར་སྔོན་ལ། ཆོས་ཚ་སྡེ་བར་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་གཅིག་ཡོད་པ་རྣམས་ད་དུང་རི་མཐོ་ལུང་ཟབ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། རང་བྱུང་ཁོར་ཡུག་མི་ལེགས་པའི་རི་མ་ས་ཁུལ་དུ་བསྡད་ཡོད། ཆོས་ཚ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསང་བདག་གིས་བཤད་རྒྱུར། སྡེ་བའི་རྩྭ་སའི་བརྒྱ་ཆའི་ལྔ་བཅུ་ནི་གྲམ་ཐང་ཡིན་པ་དང་། རྩྭ་སའི་རྒྱུ་སྤུས་ཞན་པས་བེའུ་རྩེབ་པའི་ཚད་དམའ་ལ། སྡེ་དམངས་རྣམས་ཀྱང་དབུལ་ཕོངས་ཡིན་ཟེར།
རི་མགོར་གཞིས་ཆགས་པའི་ལོ་ཟླ་གླེང་ཙམ་ན། ཆོས་ཚ་སྡེ་བའི་ཏང་ཡོན་ཤ་མོ་ཐར་ལ་ཁོག་སྡུག་མང་པོ་ཞིག་བཤད་རྒྱུ་ཡོད།“དེ་དུས། སྡེ་དམངས་རྣམས་སྡོད་ས་སྦྲ་ནག་ཡིན་ལ། ཆ་རྐྱེན་ཅུང་བཟང་བའི་ཁྱིམ་ཚང་ས་ཁང་དུ་བསྡད་ཡོད། སྡོད་ཁང་གི་བདེ་འཇགས་ལ་འགན་སྲུང་རྩ་བ་ནས་མེད། རི་མཐོ་ལུང་ཟབ་དང་། ལམ་ཐག་ཧ་ཅང་རིང་བས། སྡེ་དམངས་རྣམས་མཁར་གྲོང་དུ་ཐེངས་ཤིག་འགྲོ་རྒྱུའང་ལས་སླ་མོ་ཞིག་མིན་པ་དང་། སྨན་བཅོས་དང་སློབ་གྲྭར་འགྲིམ་རྒྱུ་ནི་དེ་བས་ཀྱང་དཀའ”ཟེར།
དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་དུས་ལྟར་རྒྱལ་ཁ་ལེན་ཆེད། 2018ལོའི་ཟླ10བར། དབུལ་ཁྱིམ་བརྒྱ་དང་གཅིག་གུང་ཧོ་རྫོང་མཁར་གྱི་བདེ་སའི་གནས་སྤོ་བྱེད་ཡུལ་དུ་གཅིག་བསྡུས་ངང་བཀོད་སྒྲིག་བྱས། སྨན་བཅོས་འགན་སྲུང་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཁྱིམ་ཚང་མ་དངུལ་སོགས་དེར་བསྟུན་གྱི་ཆ་སྒྲིག་སྲིད་ཇུས་ཀྱིས་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་གཅིག་གི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་བཏང་།
རྣམ་པ་ཡོངས་སུ་འགྱུར་བའི་ཨེར་སྟི་ཡུལ་ཚོ་ཆོས་ཚ་སྡེ་བའི་བདེ་སར་གནས་སྤོས་པའི་ས་ཁུལ་དུ་སོང་བ་ན། གསར་དུ་ལས་པའི་ཁང་པ་ང་གཅིག་ལ་ཞིང་བ་ཁྱིམ་ཚང་གི་བབ་ཆགས་པའི་ཁྱད་ཆོས་ལྡན་ལ། མཁར་གྲོང་ཅན་གྱི་བཟོ་སྐྲུན་ཁྱད་ཆོས་ཀྱང་མངོན་ཡོད། གསང་བདག་ཐར་གྱིས་བཤད་རྒྱུར། ཁང་པའི་ཆེ་ཆུང་ལ་མི་གཅིག་ཅན་དང་མི་གཉིས་ཅན། མི་གསུམ་ཅན་བཅས་ཁང་དབྱིབས་སྣ་ཁ་གསུམ་ཡོད་པས། འབྲོག་དམངས་ཀྱིས་ཁྱིམ་ཚང་གི་མི་གྲངས་ལྟར་ཁང་པ་བདམས་ཆོག སྡེ་ཁུལ་ལ་ད་དུང་དྲོད་རླངས་དང་རང་འབབ་ཆུ། ཇ་ཁང་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད་ལ། སྡོད་སའི་ཁོར་ཡུག་སྐྱིད་པོ་ཡིན་པས་སྡེ་མིའི་སེམས་བདེ་ལ་འབབ་ཐུབ་པ་བྱུང་ཡོད་ཟེར། གནས་སྤར་བའི་ཚུན་ལ། ཆོས་ཚ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་དང་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་གཅིག་སྡེ་ཚན་བྱས་ཏེ་དྲ་མིག་གསུམ་དུ་དབྱེ་བ་དང་། དྲ་མིག་རེར་མི་ལྔ་རེ་ཡོད་པའི་ཏང་ཡོན་དང་བླངས་རུ་ཁག་དང་། སྡེ་དམངས་དང་བླངས་རུ་ཁག་བཙུགས་ཏེ། “ཏང་ཡོན་དང་དང་བླངས་པས་སྡེ་དམངས་ལ་ཞབས་ཞུ་སྒྲུབ་པར་འགན་གཙང་ལེན་བྱས་ཏེ་འབྲེལ་ལམ་འཛུགས་པ”ཡི་ལམ་ལུགས་ལག་བསྟར་བྱས། རང་འགུལ་ངང་ཁྱིམ་ཚང་དུ་སོང་སྟེ། སྡེ་དམངས་ཀྱི་གཉེན་སྟོན་དང་འདས་མཆོད་སྒྲུབ་པ། ཉེན་ཚབ་དང་དཀའ་སྡུག་ཅན་གྱི་དོན་དག་ཐག་གཅོད་པ་སོགས་ལ་རོགས་རམ་བྱེད་པ་དང་། འགལ་བ་དང་རྩོད་གཞི་ལ་བར་འདུམ་དང་ཐག་གཅོད་བྱེད་པ། སྙོར་མཁན་མེད་པའི་ལོ་ལོན་དང་། གཞིས་སྲུང་བྱིས་པར་བདག་སྐྱོང་བཅས་བྱས་ཏེ། དོན་དག་ཅི་བྱུང་ཡང་ཁྱིམ་ཚང་གི་སྒོ་ཁར་སླེབས་པ་དང་ག་དུས་ཡིན་ཡང་འབྲེལ་གཏུག་ཡོད་པ། རོགས་རམ་བྱེད་ཐུབ་པ་བཅས་བྱེད་ཀྱིན་ཡོད།
དེ་དང་ཆབས་ཅིག ཆོས་ཚ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་དེ་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པའི་བྱེད་ཐབས་ནུས་ལྡན་དུ་བརྩིས་ཏེ། སྡེ་བའི་ཏང་ཀྲི་པུའུ་ཡིས་བདེ་སར་གནས་སྤོས་ཡུལ་གྱི་ཏང་ཚན་ཆུང་དང་མཉམ་དུ“སྡེ་བའི་ཐུན་མོང་དཔལ་འབྱོར་དང་དབུལ་ཕོངས་ཁྱིམ་ཚང་”གི་འཕེལ་རྒྱས་ཀྱི་དཔེ་དབྱིབས་འཚོལ་ཞིབ་བྱས་ཤིང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཁྲོད་སྒོར་མོ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་གཉིས་སྟོང་དགུ་འོད་ཧྥུའི་ལས་གཞིའི་ཐད་བཏང་བར་ལོ་གཅིག་གི་ཡོང་འབབ་སྒོར་མོ་འབུམ་གཉིས་དང་ཁྲི་བརྒྱད་སྟོང་དྲུག་ཡོད་པ་དང་། དེའི་ཁར་ཞིང་ཆེན་དང་རྫོང་གི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་མོ་ས་ཡ་བཞི་དང་འབུམ་ལྔ་ཁྲི་གསུམ་སྟོང་དྲུག་ལྷག་དང་། དབུལ་ཁྱིམ་གྱི་ཐོན་ལས་ཁྱིམ་ཚང་དུ་ཐོན་པའི་མ་དངུལ་སྒོར་མོ་ས་ཡ་བཞི་དང་ཁྲི་ལྔ་བཅས་གཅིག་བསྡུས་བྱས་ཏེ། བདེ་སར་གནས་སྤོས་པའི་ས་ཁུལ་གྱི་ཚོང་གཉེར་བྱེད་ས་རུ་བཟའ་བཏུང་དང་ཞག་སྡོད། ཉོ་སྒྲུབ་བཅས་གཞི་གཅིག་ཅན་གྱི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ཐོག་ཁང་གསར་དུ་ལས་པས། ལོ་རེར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་མོ་འབུམ་གཅིག་དང་ཁྲི་དགུ་སྟོང་ལྔ་ལྷག་ཡོད་པ་རེད།
སྡེ་དམངས་དཀར་མོ་སྐྱིད་ཚང་ལ་སོང་བ་ན། དཀར་མོ་སྐྱིད་ཀྱིས་བོད་ལྭ་བཟོ་བཞིན་འདུག སྔོན་ཆད་དབུལ་ཕོངས་ཁྱིམ་ཚང་ཡིན་པ་དང་ད་ལྟ་གནས་འདིར་སྤར་རྗེས་ལག་ཤེས་བཟང་པོར་བརྟེན་ནས། གུང་ཧོ་རྫོང་མཁར་གྱི་བོད་ལྭའི་ཚོང་ཁང་ཆེ་ཆུང་ཚང་མར་བོད་ལྭ་བཟོ་བཞིན་ཡོད། ལོ་སར་སླེབས་ཐེངས་རེར། ཉིན་རེར་ཚོང་ཟོག་མངག་ཐོ་བཅུ་ལྷག་འབྱོར་བཞིན་ཡོད་པས། བྲེལ་བ་ཧ་ཅང་ཆེ། ད་ལྟ་དཀར་མོ་སྐྱིད་ཚང་གི་ལོ་གཅིག་གི་བོད་ལྭ་བཟོ་བའི་ཡོང་སྒོ་གཅིག་པུ་སྒོར་མོ་ཁྲི་དྲུག་ལ་སླེབས་ཤིང་། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པས། དཀར་མོ་སྐྱིད་ཀྱི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད། ཁོ་མོས་བཤད་རྒྱུར། ང་ཚོ་གནས་སྤར་རྗེས། འཚོ་བར་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་། སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག ཡོང་འབབ་ནི་སྔོན་ཆད་ལས་ལྡབ་བཅུ་དྲུག་གིས་ཇེ་མང་དུ་སོང་བ་དང་། སྡེ་དམངས་རྣམས་ཀྱི་བསམ་བློར་ཡང་ཡར་ཐོན་བྱུང་བས། སྡེ་བ་ཡོངས་སུ་སློབ་བྱོལ་བྱེད་མཁན་མེད་པར་གྱུར། སློབ་ཆེན་མཐར་ཕྱིན་སློབ་མས་ཁུལ་ཐོག་དང་རྫོང་ཐོག་ཏུ་བྱ་བ་ལས་བཞིན་ཡོད་ལ། ཡང་ལ་ལས་མ་དངུལ་བཏང་སྟེ་ཚོང་ལས་གཉེར་བཞིན་ཡོད། འཚོ་བ་ཇེ་སྐྱིད་དུ་སོང་བས། ཚང་མས་ཕ་ཡུལ་སྔར་ལས་འཕེལ་རྒྱས་འབྱུང་བར་འབད་པ་བྱེད་བཞིན་འདུག་ཟེར།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།