བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་སྡེ་བའི་ཐང་ཆེན་དུ“མི་རིགས་མཐུན་སྒྲིལ་གྱི་སྡོང་པོ”གཉིས་བཙུགས་ཡོད་པ་དང་། དེ་གཉིས་ཀྱི་ལོ་འདབ་རབ་ཏུ་རྒྱས་ཤིང་། གཅིག་ནི་ལྕང་མ་ཡིན་པ་དང་། གཞན་ཅིག་ཤོས་དེ་སྦྱང་སྡོང་ཡིན་ལ། བཤད་རྒྱུན་ལྟར་ན། སྡོང་བོ་དེ་གཉིས་ནི་རྒྱ་བོད་བཟའ་ཟླ་གཉིས་ཀྱིས་བཙུགས་པ་རེད་ཟེར།
ཤོ་པ་མདོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཚུལ་ཁྲིམས་རྒྱ་མཚོས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་རེར་མི་སུ་ཞིག་གཉེན་སྒྲིག་བྱེད་ཀྱང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡོང་བོ་དེ་གཉིས་ཀྱི་འོག་ཏུ་གསོལ་འདེབས་བྱེད་ཅིང་། ཟླ་མཆོད་དུས་ཆེན་དང་། ལོ་སར་སྐབས་སུ་ད་དུང་སྡོང་མགོར་ལྒང་ཞུ་འགེལ་བ་དང་། རེ་དམར་པོ་འདོགས་པ། ཤོ་པ་མདོ་་ས་ཆའི་སེང་གེ་འཁྲབ་སྟོན་བྱེད་བཞིན་ཡོད་ཟེར།
“ཤོ་པ་མདོ”ནི་ཇ་རྟའི་གནའ་ལམ་སྟེང་གི་ས་ཚིགས་གལ་ཆེན་ཞིག་རེད། 《ལྷོ་རོང་རྫོང་གི་ལོ་རྒྱུས》ནང་འཁོད་པར་གཞིགས་ན། ཆིན་རྒྱལ་རབས་ཀྱི་དུས་སྐབས་སུ། ཆིན་རྒྱལ་རབས་ཀྱི་དམག་དཔུང་སྟོང་གཉིས་ལྷག་ཤོ་པ་མདོ་་གྲོང་རྡལ་དུ་བཅའ་སྡོད་བྱས་པ་དང་། རྒྱ་རིགས་དམག་མི་ཁག་ཅིག་ས་གནས་དེ་གའི་བོད་རིགས་དང་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེས་པས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཞིག་གནས་དེ་གར་དར་ཁྱབ་ཆེན་པོ་བྱུང་ཡོད།
ཐང་བོད་གནའ་ལམ་དང་ཇ་རྟའི་གནའ་བོའི་ཚོང་ལམ་ནི་འཛམ་གླིང་ཡང་རྩེ་དེ་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་དང་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད། དེ་ནི་འཕྲེད་རྒྱུག་རི་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་མཐོ་གྲོག་རོང་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་ཀྱག་ཀྱོག་གི་ངང་ནས་འཐེན་ཡོད།
ལོ་སྟོང་གཅིག་དང་སུམ་བརྒྱ་ལྷག་གི་སྔོན་ལ། རྒྱ་བཟའ་ཀོང་ཇོ་ཁྲང་ཨན་(ཤིས་ཨན)ནས་ལམ་ལ་ཆས་ཏེ་ནུབ་ཕྱོགས་སུ་སྤྱི་ལེ་སུམ་སྟོང་ལྷག་ཙམ་བསྐྱོད་མཐར་བོད་ལྗོངས་ལྷ་ས་རུ་འབྱོར། དེ་ནས་བཟུང་ཁོ་མོ་བརྒྱུད་ཡོང་བའི་ལམ་དེ“རྒྱུ་ཆེན་ཚོང་བ་དང་ཕོ་ཉ་རྒྱུ་ས་དང་། དགའ་སྤྲོའི་འགྲོ་འོང་རྒྱུན་མི་ཆད་པ”ཞིག་ཏུ་གྱུར་བ་དང་། དུས་དེ་ནས་བཟུང་རང་རྒྱལ་གྱི་ནུབ་བྱང་ནས་གངས་ལྗོངས་ས་མཐོར་བསྐྱོད་པའི“ཐང་བོད་གནའ་ལམ”དེ་མྱུར་མོར་འཕེལ་རྒྱས་སུ་སོང་།
རང་རྒྱལ་གྱི་ལྷོ་ནུབ་དེ་ཐང་རྒྱལ་རབས་ནས་བཟུང་། ཕན་ཚུན་འགྲོ་འོང་བྱེད་པའི་རྟ་ཚོང་རུ་ཁག་གིས་ཀྲུང་ཡོན་ས་ཁུལ་དང་ལྷོ་ཕྱོགས་ཀྱི་ཇ་དང་། རྫ་ཆས། དར་གོས་སོགས་བོད་ལྗོངས་སུ་སྐྱེལ་འདྲེན་བྱས་ནས་གནས་དེ་གའི་བལ་དང་། རྟ། སྨན་རྩྭ་སོགས་དང་བརྗེ་རེས་བྱས། རྟ་དང་དྲེལ་བགྲོད་སའི་གནའ་ལམ་དེར་ཡན་ལག་གི་ལམ་ཕྲན་གྲངས་མེད་ཅིག་ཡོད་ཅིང་། དྲ་རྒྱ་བཞིན་དུ་བོད་ལྗོངས་ཀྱི་ས་གནས་གང་སར་འཐེན་ནས་ཡུན་ནན་དང་། བོད་ལྗོངས། སི་ཁྲོན་བཅས་བར་འབྲེལ་འདྲིས་རྒྱུན་མི་ཆད་པར་བྱེད་བཞིན་ཡོད།
རྫ་ཆུའི་འབབ་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་བོད་རིགས་དང་རྒྱ་རིགས་ཀྱི་གོམས་སྲོལ་གཅིག་འདུས་ཡིན་པའི་རིན་མདའ་རྡོ་བརྐོས་ཤིག་ཡོད་པ་དེ་ལོ་ཟླའི་ཆར་རླུང་ཁྲོད་ལོ་ངོ་སྟོང་གཅིག་དང་ཉིས་བརྒྱ་ལྷག་ལ་ཀྲོང་ངེར་འགྲེངས་ཞིང་། བརྐོས་བརྙན་གྱི་འོག་ཏུ་བོད་ཀྱི་ཡི་གེ་མང་པོ་བརྐོས་ཡོད་པ་དང་རྒྱ་ཡིག་འགའ་ཡང་བརྐོས་ཡོད་པ་རེད། ད་དུང་རྒྱ་བོད་ལག་ཤེས་པའི་མིང་སོགས་ཀྱང་བཀོད་འདུག ཆེད་མཁས་པས་བདེན་དཔང་བྱས་པ་ལྟར་ན། བརྐོས་བརྙན་དེ་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་བརྐོས་པ་དང་། ཐང་རྒྱལ་རབས་ཆེན་མོའི་ལག་ཤེས་པ་དང་བོད་ཀྱི་ལག་ཤེས་པས་མཉམ་དུ་བཞེངས་པ་ཞིག་རེད།
བྱམས་མདུན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་སེང་ཀོ་ལོ་ཡིས་བཤད་རྒྱུར། རྡོ་བརྐོས་ལ་བོད་རིགས་དང་རྒྱ་རིགས་ཀྱི་སྒྱུ་རྩལ་ཁྱད་ཆོས་ལྡན་ཞིང་། དེ་ལས་རྒྱ་བོད་མི་རིགས་ཀྱི་རིག་གནས་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཐད་བརྗེ་རེས་ཡོད་པ་མཚོན་པ་དང་། དེར་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་ཟབ་མོ་ལྡན་ཡོད་ལ། ད་ལྟ་གནས་དེ་ནི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད་ཟེར།
ཐང་བོད་གནའ་ལམ་དང་ཇ་རྟའི་གནའ་བོའི་ཚོང་ལམ་གྱིས་བོད་ལྗོངས་དང་ནང་ལོག་གི་འབྲེལ་བ་དམ་དུ་སྦྲེལ་ནས་རྒྱ་བོད་གཉིས་ཀ་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་དང་མི་རིགས་མཐུན་སྒྲིལ་ལ་བདེན་དཔང་བྱས་ཡོད།
ལྷོ་ཁ་རྩེད་ཐང་གྲོང་རྡལ་ནི་ཇ་རྟའི་གནའ་བོའི་ཚོང་ལམ་སྟེང་གི་ཚོང་འགྲུལ་གྲོང་རྡལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་མི་རིགས་མཉམ་འདྲེས་ཀྱི་ལོ་རྒྱུས་བདེན་དཔང་བྱས་ཡོད། ཚོང་ལམ་དེའི་སྟེང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཚོང་བ་གནས་དེར་བསྡད་དེ་བོད་རིགས་དང་གཉེན་སྒྲིག་བྱས་མྱོང་མཁན་ཡང་ཡོད། གྲོང་རྡལ་དུ་ད་དུང་ཀོན་ཏི་ལྷ་ཁང་ལས་ཡོད་ལ། དེའི་འོག་ཏུ་ཚོགས་པ་བཙུགས་ཡོད་ཅིང་། ཕན་ཚུན“ཕུ་བོ”དང་“ཨ་ཅེ”ལྟ་བུའི་འབྲེལ་བ་ཡིན། དེ་བས། ས་དེའི་བོད་རིགས་མང་ཚོགས་ཀྱིས་གཏན་སྡོད་བྱས་པའི་རྒྱ་རིགས་དང་དེའི་རྗེས་རབས་པར་ཡང་ཕུ་བོ་དང་ཨ་ཅེ་ཞེས་འབོད་བཞིན་ཡོད།
ཉིང་ཁྲི་ཐའེ་ཀྲའོ་ཡི་སྔོན་ཆད་ཀྱི་མིང་ལ་རྒྱ་མདའ་ཟེར་ཞིང་། སྤྱི་ལོའི་དུས་རབས་བདུན་པར་བོད་ཀྱིས་དེ་གར་ས་ཚིགས་བཙུགས་པས་རྒྱ་མདའ་དེ་ཐང་བོད་གནའ་ལམ་དང་ཇ་རྟའི་གནའ་བོའི་ཚོང་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ཆིན་རྒྱལ་རབས་ཀྱི་སྐབས་སུ། གནས་འདི་རུ་འབྲུ་རིགས་འཇོག་ས་དང་། སྤྱི་སྟེགས་སོགས་བཙུགས་ཏེ། “དམག་དཔུང་གིས་གྲོང་རྡལ་སྲུང་བ”ཡིན། དུས་དེ་ནས་བཟུང་དམག་མི་དེ་གར་བཅའ་སྡོད་བྱས་ནས་ས་སྲུང་རྒྱག་པ་དང་། འབྲུ་རིགས་དང་གཟན་རྩྭ་རྩིས་ལེན་བགོ་བཤའ་རྒྱག་པ། གཞུང་ཡིག་སོགས་ཕན་ཚུན་བརྒྱུད་སྤྲོད་བྱེད་པའི་ཕོ་ཉ་རྣམས་ལམ་ཐིག་འདིའི་ཕར་སྣེ་ཚུར་སྣེ་གཉིས་ན་འདུར་རྒྱུགས་བྱེད་བཞིན་འདུག
ལོ་ན་གོ་བརྒྱད་ལ་སོན་པའི་རྒན་པོ་བཀྲ་ཤིས་དབང་གྲགས་ཀྱིས་བཤད་རྒྱུར། མིན་གོ་དུས་སྐབས་སུ།་གནས་འདིར་རུ་འབྲུ་རིགས་གསོག་ཉར་བྱེད་ས་དང་། སློབ་གྲྭ་སོགས་བཙུགས་ཡོད་པས། འགྲོ་འོང་རྒྱུན་ཆད་མེད་པའི་ཚོང་བ་མང་པོ་གནས་འདིའི་མི་དང་གཉེན་སྒྲིག་བྱས་ནས་ད་དུང་བོད་རྒྱ་སྐད་གཉིས་ཀྱི་སློབ་གྲྭའང་སྒྲུབ་མྱོང་། སྡེ་བའི་ནུབ་ཕྱོགས་ཀྱི“གླང་ཆེན་རི་བོའི”འདབས་ཀྱི་དུར་ས་རུ་ཆིན་རྒྱལ་རབས་ཀྱི་དམག་མི་དང་། རྒྱ་རིགས། འཇང་རིགས་སོགས་ཀྱི་ཚོང་བ་བརྒྱ་དང་ཉི་ཤུ་ལྷག་དུར་སྦས་བྱས་ཡོད་པ་རེད་ཟེར།
ལོ་ངོ་བརྒྱ་སྟོང་གི་རིང་ལ། མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་གཅིག་གྱུར་བཅས་ཀྱི་ཁྲོད་དུ། གནའ་བོའི་ཚོང་འགྲུལ་ནི་ཉོ་ཚོང་འགྲོ་འོང་གི་བརྒྱུད་ལམ་ཅིག་ཡིན་པ་མ་ཟད། ཚན་རྩལ་རིག་གནས་ཁྱབ་སྤེལ་གྱི“རིག་གནས་སྐྱེལ་འདྲེན་གཙང་པོ”ཞིག་ཀྱང་ཡིན་པ་རེད།
དུས་རབས20པའི་ལོ་རབས80པའི་ནང་། ཞིབ་འཇུག་མི་སྣས་ཆེས་ཐོག་མར་ས་སྐྱ་དགོན་པ་རུ་མིན་རྒྱལ་རབས་ཀྱི་ཞོན་ཏི་ལོའི་སྐབས་ཀྱི་ཚོན་མདོག་སྣ་ལྔ་ལྡན་པའི་དཀར་ཡོལ་འབྲུ་རིས་མའི་དཔེ་རིས་ཉར་ཚགས་བྱས་ཡོད་པ་མཐོང་བ་དང་། བོད་ལྗོངས་སུ་ཉར་ཚགས་བྱས་ཡོད་པའི་རྒྱལ་ཁབ་རིམ་པའི་རྫ་ཆས་དེ་ལ་མི་རྣམས་ཀྱིས་མཐོང་ཆེན་བྱེད་མགོ་ཚུགས།
ས་སྐྱ་དགོན་པའི་དགེ་འདུན་པ་བློ་གྲོས་ཐོགས་མེད་ཀྱིས་མཚམས་སྦྱོར་བྱེད་རྒྱུར། ས་སྐྱ་དགོན་པ་སྤྱི་ལོ1073ལོར་འཛུགས་སྐྲུན་བྱས་པ་དང་། “གངས་ལྗོངས་ཀྱི་ཏུན་ཧོང་”ཞེས་པའི་མཚན་སྙན་ཐོབ་ཡོད་པར་མ་ཟད། རྫ་ཆས་དེའི་གྲངས་ཀ་སྟོང་གཉིས་མ་གཏོགས་མེད། ཞོན་ཏེ་ལོའི་སྐབས་ཀྱི་ཚོན་མདོག་སྣ་ལྔའི་དཀར་ཡོལ་འབྲུག་རིས་མ་དང་དཀར་ཡོལ་ཁ་མཐོན་པོ་ཅན་དེ་ནི་མིན་རྒྱལ་རབས་སྐབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་ས་སྐྱ་དགོན་པར་གནང་བའི་དངོས་པོའི་བདེན་དཔང་ཞིག་ཀྱང་ཡིན་པ་རེད།
གནའ་བོའི་ཚོང་ལམ་དང་། མི་རིགས་ཀྱི་བརྩེ་བ་ཟབ་མོ།
ཇ་རྟའི་གནའ་ལམ་དང་ཐང་བོད་གནའ་བོའི་ཚོང་ལམ་ནི་དུས་ཡུན་རིང་བོའི་ཕྱིར་དྲན་ཞིག་ཏུ་གྱུར་ཡོད་པ་དང་། ད་ལྟ། མཚོ་བོད་ལྕགས་ལམ་དང་། ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ། སི་ཁྲོན་ནས་བོད་ལྗོངས་བར་གྱི་གཞུང་ལམ། མཁའ་འགྲུལ་སོགས་ཀྱིས་གྲུབ་པའི་འགྲིམ་འགྲུལ་དྲ་རྒྱའི་རྣམ་པ་ཞིག་གྲུབ་ཏེ། བོད་ལྗོངས་དང་ནང་ལོག་གི་བརྗེ་རེས་ཇེ་ཉེར་བཏང་བར་མ་ཟད། མི་རིགས་སོ་སོའི་བརྗེ་རེས་མཉམ་འདྲེས་ཀྱི་གཏམ་རྒྱུད་དེ་གངས་ལྗོངས་མཐོ་སྒང་དུ་མུ་མཐུད་དུ་བྱུང་བཞིན་ཡོད་པ་རེད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།