བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རོང་མ་གནས་སྤོའི་བཀོད་སྒྲིག་གནས་སུ། རྩྭ་ཐང་ནས་ཉི་མ་རྫོང་དུ་གནས་སྤར་ཡོང་བའི་ཉི་རྒྱལ་གནས་འདིའི་ཁྱིམ་གཞིས་གསར་པར་ཧ་ཅང་དགའ་བཞིན་ཡོད་ལ། ཕྱུགས་འཚོ་བའི་འཚོ་བ་དང་ཁ་བྲལ་ནས་ཁོ་རང་མཛེས་བཟོ་བྱེད་མཁན་ཞིག་ཏུ་གྱུར་ཡོད། “གནས་འདིར་མ་སྤར་སྔོན། ལོ་གཅིག་ལ་ཟླ་འགའ་མ་གཏོགས་ལས་ཀ་ལས་མི་ཐུབ་ལ། ད་ལྟ་ལོ་གཅིག་གི་དུས་ཚིགས་བཞི་ལ་ཡོང་འབབ་ལེན་ཐུབ་པ་མ་ཟད། བཟའ་མི་བདུན་པོས་ལོ་གཅིག་གི་ནང་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་འགའ་ལེན་གྱིན་ཡོད”ཅེས་བཤད།
བོད་ལྗོངས་ཀྱི་སྔོན་ཆད་ཀྱི་དབུལ་ཕོངས་མི་གྲངས་གཙོ་བོ་ནི་བྱང་རྒྱུད་ཀྱི་མཚོ་འཕང་མཐོ་བའི་འབྲོག་ཁུལ་དང་ལྷོ་རྒྱུད་ཀྱི་མཐའ་མཚམས་ས་ཁུལ། ཤར་རྒྱུད་ཀྱི་རི་ཁུལ་སོགས་མཚོ་འཕང་མཐོ་བའི་ཆ་རྐྱེན་ཞན་པའི་ས་ཁུལ་དུ་འདུས་སྡོད་བྱས་ཡོད། ཡུལ་གཞན་དུ་གནས་སྤོར་བྱེད་པ་དེ་ས་ཁུལ་དེ་དག་དབུལ་ཐར་གྱི་བྱེད་ཐབས་ཤིག་ཏུ་གྱུར་ཡོད།
2016ལོ་ནས་བཟུང་། བོད་ལྗོངས་ཀྱིས་དབུལ་སྐྱོར་དབུལ་ཐར་བྱེད་པ་དམིགས་འབེན་བྱས་ཏེ་ཡུལ་གཞན་དུ་གནས་སྤོ་བྱེད་ཤུགས་ཆེ་རུ་བཏང་། 2020ལོའི་བར། བོད་ལྗོངས་ཀྱིས་མཚོ་འཕང་ཅུང་དམའ་བ་དང་། ཐོན་སྐྱེད་དང་འཚོ་བར་འཚམ་པའི་ས་ཁུལ་དུ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གནས་དགུ་བརྒྱ་རེ་བཞི་འཛུགས་སྐྲུན་བྱས་པ་དང་། མི་གྲངས་འབུམ་གཉིས་དང་ཁྲི་དྲུག་སྟོང་དྲུག་རང་མོས་སྒོས་གནས་སྤོའི་གནས་སུ་སྤར།
ཁོར་ཡུག་གསར་པ་ལོངས་སུ་སྤྱད་པ།
སྐལ་བཟང་ཚེ་རིང་གི་ཕ་ཡུལ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྒོད་པོ་ཡུལ་ཚོ་དཀྲིགས་པ་སྡེ་བའི་རེད། དེ་ནི་བྲག་རི་མང་བ། ས་བབ་མཐོ་ལ་གཡང་གཟར་ཡིན་པ། ས་ཞིང་ཞན་པ་བཅས་ཀྱི་གནས་ཤིག་རེད།
རི་མཐོ་གཡང་གཟར་གྱི་རི་རྒྱུད་ས་ཁུལ་དུ་ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་ཁེར་རི་ཡུལ་ཚོ་དང་གླང་སྨད་ཡུལ་ཚོ། གསེར་གདོང་ཡུལ་ཚོ། མིག་མདོ་ཡུལ་ཚོ། བྱང་གསུམ་ཡུལ་ཚོ། འབུམ་སྐྱེས་ཡུལ་ཚོ་བཅས་དང་། སྨར་ཁམས་རྫོང་གི་རྒོད་པོ་ཡུལ་ཚོའི་སྲིད་འཛིན་སྡེ་བ་ཞེ་ལྔ། ཞིང་བའི་ཁྱིམ་ཚང་སྟོང་གཉིས་དང་བདུན་བརྒྱ་ཞེ་གཅིག་དང་མི་གྲངས་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་ལྷག་ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་བཞི་བརྒྱ་དོན་ལྔ་དང་མི་གྲངས་སྟོང་བརྒྱད་དང་སོ་དགུ་ཡོད་པ་དང་། དབུལ་ཕོངས་སུ་གྱུར་ཚད་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་བརྒྱད་བརྒྱད་ཟིན་ཡོད།
ལོ་འགའི་སྔོན་ལ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་དང་ཚན་རིག་དང་མཐུན་པའི་དཔྱད་འཇོག་བྱས་པའི་རྨང་གཞིའི་སྟེང་། བོད་ལྗོངས་ཀྱིས་རི་མཐོ་ལུང་ཁུག་ས་ཁུལ་གྱི་མི་རྣམས་ཡོངས་སུ་ས་གནས་གཞན་ལ་གནས་སྤོར་དབུལ་སྐྱོར་བྱེད་པའི་ཐབས་ཇུས་ལག་ལེན་དུ་བསྟར། གཅིག་བསྡུས་བཀོད་སྒྲིག་བྱ་རྒྱུ་གཙོ་བོ་དང་ཁ་ཐོར་བཀོད་སྒྲིག་བྱ་རྒྱུ་ཕལ་བར་འཛིན་པ་དང་། རི་མཐོ་ལུང་ཁུག་གི་མང་ཚོགས་ཁྲི་གཅིག་དང་སྟོང་གཅིག་དྲུག་བརྒྱ་ཁག་བགོས་ནས་ལྷ་ས་དང་གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་བཞི་རུ་གནས་སྤོ་བྱས།
2018ལོའི་ཟླ6པར། སྐལ་བཟང་ཚེ་རིང་གི་བཟའ་མི་རྣམས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་བདེ་བླག་ངང་བསྡད། ཁྱིམ་གསར་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བརྒྱ་ལྷག་ཙམ་ཡོད་པ་དང་། ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་ལ། ཉེ་འཁོར་གྱི་ཁོར་ཡུག་ཧ་ཅང་གཙང་མ་རེད།
“བོད་ལྗོངས་ཀྱི་དབུལ་ཕོངས་མི་གྲངས་འདུས་སྡོད་བྱས་ཡོད་པའི་གནས་སུ་རང་བྱུང་ཆ་རྐྱེན་ཞན་པ་དང་། ཆུ་དང་གློག ལམ་སོགས་འཐེན་པར་མ་རྩ་ཧ་ཅང་མཐོ། དབུལ་ཕོངས་མང་ཚོགས་འདི་དག་གནས་སྤོར་བྱས་ན། དབུལ་ཕོངས་རྩ་བ་ནས་སེལ་བར་རོགས་སྐྱོར་བྱས་ཡོད་ཅེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱི་ཧྥིན་ཧྲོས་ཡིས་དེ་ལྟར་བཤད།
ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཚའེ་ཆུས་ཐང་སྡེ་བར་ཆུ་སྨུག་ལང་ལོང་དུ་འཐིབ་ཡོད། ས་གནས་དེ་གར་ཡོད་པའི་དམིགས་བསལ་གྱི་ཆུ་ཁོལ་ཐོན་ཁུངས་ལ་བརྟེན་ནས། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་དྲག་སྐྱེད་ལྟེ་གནས་ཤིག་བཙུགས་ཏེ། 2017ལོའི་ཟླ7པའི་ཚེས31ཉིན་སྤྱོད་འགོ་བརྩམས་པ་རེད། ལོ་ངོ་གསུམ་གྱི་རིང་ཁམས་གསོ་སྨན་བཅོས་བྱས་པ་བརྒྱུད། སྡེ་མི་སྐྱིད་ཐར་གྱི་ས་མཐོའི་རང་བཞིན་གྱི་གྲུམ་བུའི་ནད་ལ་དྲག་སྐྱེད་ཆེན་པོ་བྱུང་།
སྐྱིད་ཐར་གྱི་ཕ་ཡུལ་ནི་མཚོ་འཕང་སྨི4800ཡོད་པའི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་རེད། དེ་གར་དགུན་དུས་རུས་པར་ཟུག་གཟེར་ཆེ་བའི་གྲང་རླུང་ལྡང་བས། ཁོ་མོར་ས་མཐོ་རང་བཞིན་གྱི་གྲུམ་ནད་ཕོག་རྐྱེན་རྒྱུན་དུ་ན་ཚ་ལངས་ནས་འགྲོ་ཐུབ་ཀྱིན་མེད། 2017ལོར། བོད་ལྗོངས་ཀྱིས་ཡངས་པ་ཅན་གནད་འཁེལ་དབུལ་སྐྱོར་གྱི་གྲུམ་ནད་ཕོག་མཁན་གཅིག་བསྡུས་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་བྱས། གནས་དེའི་ས་བབ་ཅུང་དམའ་ལ་རྒྱལ་ལམ་དང་ཐག་ཉེ་བས་འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། ད་དུང་སྨན་བཅོས་དང་འཚོ་བའི་ཆ་རྐྱེན་ཡང་ཧ་ཅང་བཟང་། 2020ལོའི་ལོ་མཇུག་བར། མངའ་རིས་དང་ནག་ཆུ། ཆབ་མདོ་བཅས་ནས་ཡོང་བའི་ཁྱིམ་ཚང་བརྒྱ་དང་ལྔ་བཅུ་ཡི་མི་གྲངས་དྲུག་བརྒྱ་གྱ་གསུམ་ཚའེ་ཆུས་ཐང་སྡེ་བར་གནས་སྤར།
སྐྱིད་ཐར་གྱིས་བཤད་རྒྱུར། “གནས་འདི་རུ་ནད་གཞི་དྲག་སྐྱེད་བྱུང་བ་དང་། སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་བར་སྤོབས་པ་སྦྱིན”ཟེར།
བྱ་བ་གསར་པ་རྙེད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་བྱང་རྒྱུད་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱས་པའི་གཅིག་བསྡུས་བཀོད་སྒྲིག་སྡོད་ཁུལ་དུ། གཉན་རོང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་སྟོབས་རྒྱལ་གྱིས་སྡོད་ཁུལ་གྱི་སྒོ་འགྲམ་དུ་ཚོང་ཁང་ཞིག་ཕྱེས་ནས་འཚོ་བའི་མཁོ་ཆས་ཕྱིར་ཚོང་བྱེད་ཀྱིན་ཡོད།
“དུས་འགོར་མ་དངུལ་སྒོར་ཁྲི་ལྔ་བཏང་བ་དང་དེ་ནི་སྲིད་གཞུང་གི་ལས་སྐྲུན་རོགས་སྐྱོར་མ་དངུལ་རེད།” ཡུལ་གཞན་དུ་གནས་སྤོ་བྱས་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བའི་སྐོར་གླེང་སྐབས། སྟོབས་རྒྱལ་གྱིས་སྤྲོ་སྣང་ཆེན་པོས་སྒོ་ནས་བཤད་རྒྱུར། གནས་འདི་རུ་ཡངས་ཤིང་རྒྱ་ཆེ་ལ་དྲོད་འཁོལ་ལྡན་པའི་ཁང་བ་ཡོད་པ་མ་ཟད། ལས་སྐྲུན་གྱི་གོ་སྐབས་སྔར་ལས་མང་པོ་ཡོད་ཟེར།
མ་དངུལ་བཏང་ནས་ཚོང་ཁང་ཉེར་གཅིག་མཛེས་བཟོ་བྱས་པ་དང་། གཟིགས་སྐྱོང་གི་རིན་གོང་གིས་སྡོད་ཁུལ་གྱི་མང་ཚོགས་ལ་བོགས་མར་བཏང་། སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དབུལ་སྐྱོར་འཁོར་ཁང་བཙུགས་ནས་བུད་མེད་ལས་བཟོ་བ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། བཀོད་སྒྲིག་སྡོད་ཁུལ་ཁོངས་གཏོགས་ཀྱི་ཞིན་མིན་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་བྱ་ཐབས་སྣ་ཚོགས་སྤྱད་ནས། གནས་སྤོས་མང་ཚོགས་ཀྱིས་ཐག་ཉེ་ས་ནས་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།
“སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག གནས་སྤོས་མང་ཚོགས་ལ་ལས་སྡོད་ཁུལ་ཀུང་སི་རུ་བདེ་སྲུང་བ་བྱེད་པ་དང་། ལ་ལས་ཚོང་ཁང་གཉེར་བས། མི་མང་ཆེ་བར་རང་ཉིད་ཀྱི་བྱ་བ་གསར་པ་ཡོད་པར་གྱུར”ཞེས་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་མི་སྣ་བསོད་ནམས་སྒྲོལ་མས་དེ་ལྟར་མཚམས་སྦྱོར་བྱས།
བོད་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ཁྱད་སྟོབས་དང་ཐོན་ལས་ཀྱི་རྨང་གཞི། ཡུལ་གཞན་དུ་གནས་སྤོ་བྱས་པའི་མང་ཚོགས་ཀྱིས་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས། ཡུལ་བབ་དང་བསྟུན་ནས་གནས་སྤོའི་ཆ་ཚང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཐག་ཉེ་ས་ནས་ལས་ཞུགས་ལས་གནས་གསར་སྤེལ་བྱེད་པ། གནས་སྤོའི་མང་ཚོགས་ལ་གསོ་སྤེལ་ལས་སྣོན་དང་ཉོ་ཚོང་ཟོང་འགྲུལ། ཡུལ་སྐོར་ཞབས་ཞུ་སོགས་གཉེར་བར་ཁྲིད་སྟོན་བྱས་པས། ངལ་རྩོལ་ནུས་པ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་རྗེས་མཐུད་འཕེལ་རྒྱས་ལ་ཐབས་ལམ་ཡོད་པ་དང་། ལས་ཞུགས་གཞན་སྒྱུར་ལ་འབྲེལ་ལམ་ཡོད་པ། ཡོང་འབབ་ཇེ་མང་དུ་འགྲོ་བ་བཅས་ལ་ཁག་ཐེག་བྱས།
གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཡུལ་ཚོ་ཡའུ་ཡུལ་གཞན་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་རྗེས། སྤེན་པ་ཚང་ལ་རྨོ་ཞིང་མུའུ་བཅུ་གཉིས་བགོས། མུ་མཐའ་བྲལ་བའི་ས་ཞིང་སྟེང་སྐྱེ་འཚར་ཡག་པོའི་ནས་མཐོང་སྐབས་སྤེན་པ་ལ་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་འདུག “དེ་སྔོན་ས་ཞིང་ནས་འབྲུ་རིགས་མང་པོ་བསྡུ་མི་ཐུབ། ད་ལྟ་ཟ་མ་འདང་ཚིམ་པ་ཟ་ཐུབ་པ་མ་ཟད་ཡོང་སྒོ་ཡང་མང་པོ་འཚོལ་ཐུབ”ཟེར།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གྲོ་སྐྱིད་སྡེ་བ་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅུ་ཙམ་ལས་མེད་པ་དང་། ས་བབ་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཟུར་སྣོན་རིན་ཐང་ཅུང་མཐོ་བའི་ཞིང་ལས་སྒྲིག་བཀོད་ལག་བསྟར་བྱས། སྔོ་ཚལ་དྲོད་ཁང་ཆེན་མོའི་ནང་གནས་སྤོས་ཁྱིམ་མི་བསྟན་འཛིན་དངོས་གྲུབ་ལས་ལ་བྲེལ་བཞིན་འདུག “གྲོ་སྐྱིད་སྡེ་བར་གནས་སྤོས་རྗེས་སྲིད་གཞུང་གིས་སྒྲིག་ཆས་ཆ་ཚང་གི་དྲོད་ཁང་ལས་པ་དང་། ཁྱིམ་གྱི་སྒོ་ཁ་ནས་ཐོན་ལས་འཕེལ་རྒྱས་གཏོང་ཐུབ་པས། ལོ་གཅིག་གི་ནང་སྔོ་ཚལ་ཁོ་ནའི་ཡོང་སྒོ་སྒོར་སྟོང་ལྔ་ལེན་ཐུབ”ཟེར།
བསྡོམས་རྩིས་བྱས་པ་ལྟར་ན། བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་བརྒྱ་ཆའི་ལྔ་བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་ཐད་སྤྱད་དེ། གནས་སྤོས་ཁྱིམ་ཚང་ཚང་མར“ཁྱིམ་ཚང་རེའི་མི་གཅིག་རེ”ལས་ཞུགས་ཐུབ་པ་ཁག་ཐེག་བྱས་པ་དང་། གནས་སྤོས་མང་ཚོགས་སྔར་ལས་མང་པོ་ཞིག་ལ་བརྟན་འཇགས་ཀྱི་སྡོད་གནས་ཡོད་པ་དང་ལས་ཞུགས་བྱེད་ཐུབ་པ་བྱས་པས། རིམ་བཞིན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད།
འཚོ་བ་གསར་པར་ཞུགས་པ།
གནས་སྤོའི་མང་ཚོགས་སྤྱི་ཚོགས་ཁྲོད་ཞུགས་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་རེད།
ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱིས་མཚན་མོའི་སློབ་གྲྭ་གཉེར་ནས་གནས་སྤོས་མང་ཚོགས་ལ་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་ཞུགས་པར་རོགས་རམ་བྱས་པ་དང་། སློབ་ཁྲིད་ཀྱི་ནང་དོན་ནི་གྲོང་ཁྱེར་གྱི་འཚོ་བའི་གཞི་རྩའི་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་རེད།
“མཚན་མོའི་སློབ་གྲྭ་ཐེངས་བཅུ་ལྷག་ལ་སྒྲུབ་པས་གནས་སྤོས་མང་ཚོགས་གྲོང་ཁྱེར་གྱི་འཚོ་བར་སྔར་ལས་འཚམ་པར་གྱུར་ཡོད་པ་དང་། སྡོད་ཁུལ་དུ་དཀའ་ངལ་ཡོད་ཚེ་ཏང་རྩ་འཛུགས་འཚོལ་བ་དང་ཏང་ཡོན་འཚོལ་དུ་ཡོང་གིན་ཡོད”ཅེས་སྣེའུ་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཧྲིན་ཅོན་གྱིས་དེ་ལྟར་བཤད།
ཆབ་མདོ་ནས་ཡོང་པའི་བཀྲ་ཤིས་ནོར་བུ་ནི་ཁམས་པའི་བུ་རྒོད་ཞིག་ཡིན་པ་དང་། དེ་སྔོན་རྒྱུན་དུ་ཁྱིམ་ལས་ལས་ཀྱིན་མེད། ཉིན་འགའི་སྔོན་ལ་རང་འགུལ་ངང་ཁོར་ཡུག་འཕྲོད་བསྟེན་ཀུང་སིར་སོང་ནས་གྲོང་ཁྱེར་གཙང་སྦྲ་བྱེད་མཁན་ཞིག་བྱ་རྒྱུའི་རེ་ཞུ་བྱེད་ཀྱིན་ཡོད།
གནས་སྤོས་མང་ཚོགས་ཀྱི་མི་རབས་རྗེས་མར་མཚོན་ནས་བཤད་ན་འཚོ་བ་གསར་པ་དང་ཁོར་ཡུག་གསར་པར་སྔ་མོ་ནས་གོམ་ཡོད།
2019ལོའི་ཟླ་བཅུ་གཉིས་པར། དམའ་རིམ་སློབ་འབྲིང་གི་སློབ་མ་བློ་བཟང་བསམ་བསྟན་མཚོ་འཕང་སྨི་སྟོང་ལྔ་ཡོད་པའི་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་ནས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས། གནས་དེའི་མཚོ་འཕང་དམའ་ལ་མཁའ་དབུགས་བརླན་བཤེར་ཆེ་བ་དང་། དེང་རབས་གྲོང་ཁྱེར་གྱི་འཚོ་བ་དང་བར་ཐག་སྔར་ལས་ཇེ་ཉེར་སོང་ཡོད།
གོང་དཀར་སློབ་འབྲིང་གཉིས་པ་ནས་བློ་བཟང་བསམ་བསྟན་གྱི་མིག་རྒྱང་སྔར་ལས་ཇེ་རིང་དུ་གྱུར་ཡོད་པ་དང་། དུས་རྒྱུན་སློབ་གྲོགས་དང་མཉམ་དུ་རྗེས་ཕྱོགས་ཀྱི་འཚོ་བ་ཁ་བརྡ་བྱེད་ཀྱིན་ཡོད་ལ། དེ་སྔོན་གྱི་ན་གཞོན་བསམ་མེད་དེ་རྩ་བ་ནས་འགྱུར་ཡོད།
“ད་ལྟ་ལམ་ཇེ་བཟང་དུ་གྱུར་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧ་ཅང་མགྱོགས།” ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཡུལ་ཚོ་གནས་སྤར་ནས་ལོ་གཉིས་ལྷག་འགོར་བའི་བཀྲ་ཤིས་རྒྱལ་མཚན་གྱིས་ཐོག་མའི་གདམ་ག་སྔར་ལས་ཡིད་ཆེས་ཇེ་བརྟན་དུ་གྱུར་ཡོད་ལ། “ཡུལ་སྨད་ཡུལ་ཚོའི་ཡུལ་སྐོར་འཕེལ་རྒྱས་སུ་སོང་ནས་འཚོ་བ་སྔར་བས་ཁ་ཕྱོགས་ཡོད་པར་གྱུར”ཟེར།
ཡུལ་སྨད་ཡུལ་ཚོ་ནི་དེ་སྔོན་བོད་ལྗོངས་ཀྱི་ཆེས་བགྲོད་དཀའ་བའི་ཡུལ་ཚོ་ཞིག་ཡིན་པ་དང་། གནས་དེ་རུ་སྒྲོལ་དཀར་དང་གཡང་འཛོམས། ཁོ་མོ་ཚོའི་ཨ་ཕ་བཅས་བཟའ་མི་གསུམ་ལས་མེད།
སྒྲོལ་དཀར་དང་གཡང་འཛོམས། ཁོ་མོ་ཚོའི་ཨ་ཕ་བཅས་ཀྱིས་ལོ་བཅུ་ཉིན་གཅིག་ལྟར་སྣང་ནས་མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་སྲུང་བའི་གཏམ་རྒྱུད་ཐོས་མྱོང་བས། བཀྲ་ཤིས་རྒྱལ་མཚན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། “རང་ཉིད་ཀྱང་སྒྲོལ་དཀར་དང་གཡང་འཛོམས་ལྟ་བུའི་མཐའ་མཚམས་སུ་གཞི་ཚུགས་ཏེ་ཡུལ་སྨད་བ་བཟང་པོ་ཞིག་བྱས་ནས། ས་ཆ་དེ་ཡག་པོ་སྲུང་བ་དང་ཁྱིམ་གཞིས་ཡག་པོ་བསྐྲུན་རྒྱུའི་རེ་བ་ཡོད”ཟེར།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།