མགར་རྩེ་སྡེ་བའི་འཚོ་བ་གསར་བ།
2021.08.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ད་ལོའི་དབྱར་མགོར། འབའ་ཐང་རྩྭ་ཐང་ལ་སྐྱེས་སྟོབས་ཀྱི་གསོན་ཤུགས་རྒྱས་འདུག

ང་ཚོ་ཡང་བསྐྱར་རྒྱལ་ལམ227འགྲམ་རྒྱུད་དུ་གཅིག་བསྡུས་སྒོས་འཛུགས་སྐྲུན་བྱས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བར་ཐོན་དུས། སྔོ་ཐིང་ཐིང་གི་ནམ་མཁའི་མཁའ་འོག་ན་འཚོ་བ་དང་ཐོན་སྐྱེད་ཀྱི་རྣམ་པ་ཞིག་གིས་ཡང་བསྐྱར་ང་ཚོའི་མིག་གི་དབང་བོ་འཕྲོག་པར་བྱས།

གསར་དུ་འཛུགས་སྐྲུན་བྱས་པའི་ཁང་བ་བསྟར་ཕྲེང་བསྒྲིགས་པ་དང་། དེང་རབས་རྣམ་པའི་བྱེད་སྒོ་སྤེལ་སའི་ཐང་ཆེན་དང་། མཐོན་པོར་གནས་པའི་གློག་སྒྲོན། དྲང་མོར་ལས་པའི་སྣུམ་ལམ། དབུལ་སྐྱོར་ཐོན་ལས་ར་བའི་ནང་སྐྱེ་ལྡན་ལུད་རྫས་ལས་སྣོན་བཟོ་གྲྭས་ལུད་རྫས་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བརྟན་འཇགས་ཀྱིས་འཕེལ་རྒྱས་གཏོང་བ། སྲང་ལམ་གསར་བ་དང་། ཚོང་ཁང་གསར་བ། སློབ་གྲྭ་གསར་བ། འཛུམ་མདངས་གསར་བ་རེ་རེ་ནི་མཚར་སྡུག་ལྡན་པའི་གཏམ་རྒྱུད་རེ་རེ་ཡིན་པས། རྩྭ་ཐང་གི་སྡེ་བ་གསར་བའི་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་བ་བསྣན་ཡོད།

གནམ་སར་འགྱུར་ལྡོག་མ་བྱུང་ཞིང་། རི་ཆུ་སྔར་བཞིན་མཛེས་སྡུག་ལྡན། ས་གཞི་སྔར་བཞིན་གནས་ཤིང་། མི་རྣམས་ཡང་སྔར་གྱི་མི་དེ་དག་ཡིན། རྣམ་པ་དེར་འགྱུར་ལྡོག་ཆེན་པོ་དེ་འདྲ་ཇི་ལྟར་བྱུང་བ་དང་། ཐོད་བརྒལ་གྱི་འཕེལ་རྒྱས་དེ་འདྲ་ཇི་ལྟར་བྱུང་བ་ཡིན་ནམ། མང་ཚོགས་ལ་སྔར་བྱུང་མ་མྱོང་བའི་ཐོབ་སྣང་དང་། བདེ་སྣང་ཕྱོགས་སུ་འབད་བརྩོན་བྱེད་འདོད་པའི་བསམ་བློ་དེ་འདྲ་ཤུགས་དྲག་པོ་ཞིག་ཀྱང་ཇི་ལྟར་སྐྱེས་པ་ཡིན་ནམ། མགར་རྩེ་སྡེ་བ་བརྒྱུད་སྐབས། ལས་བྱེད་མང་ཚོགས་ཀྱིས“གསར་བ་དང་རྙིང་བ”བསྡུར་བའི་ཁྲོད། ང་ཚོས་འགྱུར་ལྡོག་ཚོར་བ་དང་། འགྱུར་ལྡོག་དེའི་སྙིང་བོ་འཚོལ་ཞིབ་བྱེད་འོས།

མགར་རྩེ་སྡེ་བར་སྡོམ་པས་ཁྱིམ་ཚང་སུམ་བརྒྱ་དང་རེ་བདུན་དང་། མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་གཉིས་ཡོད་ཅིང་། སྡོམ་པས་རྨོ་ཞིང་སྤྱི་ཆིང་བརྒྱ་དང་གོ་དྲུག་དང་། རྩྭ་ས་སྤྱི་ཆིང་སྟོང་དགུ་དང་དགུ་བརྒྱ་ཡོད་ལ། ཕྱུགས་ཟོག་སྟོང་བཞི་དང་ལྔ་བརྒྱ་གསུམ་ཡོད་པས། དེ་ནི“ཕྱུགས་ལས་གཙོ་བོ་བྱས་ཏེ། ཞིང་ཕྱུགས་ཟུང་འབྲེལ”བྱེད་པའི་སྡེ་བ་ཞིག་ཡིན་ཞིང་། འགྲིམ་འགྲུལ་སྟབས་བདེ་བ་དང་། ནམ་ཟླ་ཅུང་བཟང་ཞིང་། ཉི་འོད་འཕྲོ་བ་མང་ལ། ཕྱིའི་བཙོག་བཟོ་ཐེབས་མེད་པ་དང་། ས་ཁོངས་ཀྱི་ཁྱད་སྟོབས་བཟང་བས། མ་གཞི་ནས་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་ཆོག་ཆོག་ཡིན་པའི་ས་ཆ་ཞིག་རེད།

ཡིན་ནའང་། 2012ལོའི་སྔོན་ལ། ཐུན་ཏེ་རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་ལས་ཀྱི་ཡོང་སྒོ་ཕལ་ཆེར་གོར་ཐིག་ཡིན་པ་དང་། བརྒྱ་ཆའི་དོན་ལྔའི་རོང་འབྲོག་མང་ཚོགས་རྣམས་དཀའ་ངལ་ཅན་གྱི་མང་ཚོགས་ཡིན་པ་རེད། མི་ཁྲི་དྲུག་དང་སྟོང་བཞི་ལྷག་གི་ཁྲོད། མི་ཁྲི་གཉིས་དང་སྟོང་གསུམ་ཙམ་འཐུང་ཆུའི་དཀའ་ངལ་ལ་འཕྲད་ཡོད་པ་དང་། ནད་ཀྱིས་དབང་གིས་དབུལ་བོར་གྱུར་བའི་ཚད་མཐོ་བས། རོང་འབྲོག་མང་ཚོགས་རྣམས་ཀྱིས་ལོ་རེ་རེ་བཞིན་སྒོར་མོ་བསྐྱིས་ཡང་སྐྱེད་ཀ་ཕྱིར་སྤྲོད་པ་ལས་བསྐྱིས་དངུལ་ཕྱིར་སྤྲོད་ཐུབ་ཀྱིན་མེད་པའི་འཁོར་བསྐྱོད་ལམ་བུར་བསྐྱོད་པ་དང་། དེའི་ཁར་རང་བྱུང་ཁོར་ཡུག་གདུག་རྩུབ་ཆེ་བ་དང་། རྨང་གཞིའི་སྒྲིག་ཆས་ཉམས་ཞན་ཡིན་པ། གནམ་གཤིས་གནོད་འཚེ་དུས་རྒྱུན་བྱུང་བས། གནས་འདིར་འཚོ་བ་རོལ་བའི་མི་རྣམས་ཀྱིས་དབུལ་ཕོངས་ཀྱི་ཁུར་བོ་ལྗིད་མོ་ཞིག་ཕྲག་ཏུ་ཁུར་ཡོད།

དགའ་འོས་པ་ཞིག་ནི་དཀའ་སྡུག་གི་ལོ་ཟླ་བརྒྱུད་མཐར། ཐུན་ཏེ་མི་དམངས་རྣམས་ཁྱོན་ཡོངས་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་རླབས་ཆེན་གྱི་འཕེལ་རིམ་ཁྲོད། ལས་དབང་ལ་ཁ་ལོ་བསྒྱུར་བའི་གནད་འགག་གི་དུས་སྐབས་ཤིག་བསུས་ཡོང་བ་དང་། དེ་ནི2012ལོའི་ཟླ11པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས《ཐུན་ཏེ་རྫོང་གི་དམིགས་བསལ་རིགས་ཀྱི་ལོ་གསུམ་དབུལ་སྐྱོར་མཁྲེགས་གཏོར་འཆར་འགོད》མགོ་བརྩམས་ཏེ། ལོ་ངོ་གསུམ་གྱི་དུས་ཡུན་ནང་རྨང་གཞིའི་སྒྲིག་ཆས་དང་། ཐོན་ལས་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། སྤྱི་བའི་ཞབས་ཞུ། ནུས་པ་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་སོགས་ལས་གཞི་ཆེན་མོ་དྲུག་ལག་བསྟར་བྱས་ཏེ། ཤུགས་གཅིག་ཏུ་བསྡུས་ནས་ཐུན་ཏེ་ཡི་དམིགས་བསལ་རིགས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱས།

མཚོ་སྔོན་གྱི་ལོ་རྒྱུས་སྟེང་ན་མེད་པའི་དམིགས་བསལ་རིགས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བས་དུས་ཡུན་རིང་བོར་དབུལ་ཕོངས་ཡིན་པའི་ཐུན་ཏེ“ཞིང་ཆེན་ཡོངས་སུ་ཆེས་དབུལ་ཕོངས་ཡིན་པའི་རྫོང་”གི་ཞྭ་མོ་ཕུད་པར་མ་ཟད། ད་དུང་རྨང་གཞིའི་སྒྲིག་ཆས་དང་། སྤྱི་བའི་ཞབས་ཞུ་སོགས་ཕྱོགས་ནས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། “ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་དྲུག”མངོན་འགྱུར་བྱེད་ཐུབ་པ་བྱུང་།

ད་ལོ་ལོ་རེ་ལྔ་ཡིན་པའི་རིན་ཆེན་འབུམ་ཚང་ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་འགྲམ་དུ་ཡོད་པ་དང་། ཁོ་ནི་སྡེ་བའི་ཏང་ཡོན་རྒན་པ་ཞིག་ཡིན་ཞིང་། སྡེ་བའི་འགལ་བ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཞིག་ཀྱང་ཡིན། ཁྱིམ་ནང་དུ་འཛུལ་ནས་དྲ་ཡོལ་ཕྱེས་པ་ན། དྭངས་གསལ་གྱི་ཤེལ་སྒོ་ལས་ཉི་འོད་ཁང་བའི་ནང་དུ་འཕྲོས་བྱུང་། མུ་འབྲེལ་བའི་ཁང་བ་གྱན་བཞིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་བརྒྱད་ཅུ་ལྷག་ཡོད་པ་དང་། དེ་ནི་འགྲུལ་ཁང་དང་། ཉལ་ཁང་། ཇ་ཁང་། སྤྱོད་ཁང་སོགས་ཚང་མ་ཡོད་པ་དང་། ཁྱིམ་ཆས་དང་གློག་ཆས་ཡང་བཞག་ཡོད་པས། དེ་ནི་འབྲོག་སྡེ་ཞིག་རེད་ཟེར་ན་སྣར་མི་འགྲོ་བ་ལྟ་བུའི་ཚོར་སྣང་ཞིག་ཀྱང་སྟེར་བར་བྱེད།

ང་ཚོ་ཐེ་ཚོམ་སྐྱེས་བཞིན་པའི་སྐབས་སུ། འོ་ཇ་ཚ་མོ་ཞིག་ཙོག་ཙེའི་སྟེང་བཞག་བྱུང་བ་དང་། དེའི་འགྲམ་དུ་རང་གིས་བཟོས་པའི་སྣུམ་ཟས་གྲལ་བསྟར་བསྒྲིགས་འདུག སྡེ་བའི་ཏང་ཀྲི་པུའུ་ཡི་ཨུ་ཡོན་མཁའ་འགྲོ་རྒྱལ་གྱིས་ལོ་ཙཱ་བྱས་པ་བརྒྱུད་ང་ཚོས་རྒྱུས་ལོན་བྱུང་བ་ལྟར་ན། རིན་ཆེན་འབུམ་སྔོན་ཆད་རྫོང་མཁར་དང་བར་ཐག་སྤྱི་ལེ་བཞི་བཅུ་ལྷག་ཡོད་པའི་རི་ཁུག་ཅིག་ཏུ་བསྡད་ཡོད་པ་དང་། ཁྱིམ་ཚང་གང་བོ་ས་ཕུག་ཅིག་ཏུ་འཚང་ཁ་བརྒྱབ་ནས་བསྡད་ཡོད། ས་ཕུག་དེའི་ནང་དགུན་ཁར་བཙག་བསེར་བུ་རྒྱུ་ཡོང་བ་དང་། དབྱར་ཀར་ཆར་འབབ་གཡུག་བྱེད། ད་དུང་ནམ་རྒྱུན་རྡིབ་ཨེ་འགྲོ་བར་ཡང་སེམས་ཁུར་བྱེད་བཞིན་ཡོད་ལ། ཁྱིམ་གྱི་འཚོ་བའི་ཡོང་སྒོ་ནི་དབྱར་རྩྭ་བརྐོ་བ་དང་ཕྱུགས་ཟོག་ཁ་མཐོ་ངན་ངོམ་ཅན་འགའ་ལས་མེད་པ་ལ་བརྟེན་ཡོད་པས། ཡོང་སྒོ་ཤིན་ཏུ་ཉུང་བ་རེད།

གཅིག་བསྡུས་སྒོས་འཛུགས་སྐྲུན་བྱས་པའི་སྡེ་བ་གསར་བར་གནས་སྤར་རྗེས། ཁྱིམ་ཚང་གང་བོ“དབུལ་ཐར་ཕྱུག་འགྱུར”གྱི་དམིགས་འབེན་གྱི་ཆེད་དུ་བྲེལ་འཚུབ་ཀྱིས་ཁེངས་འདུག བུ་ཆེ་བ་བསོད་ནམས་ཚེ་བརྟན་བཟའ་མི་གཉིས་ཀ་ནོར་ལུག་ཚོ་གསོ་སྤེལ་བྱེད་པར་བྲེལ་བཞིན་པ་དང་། བུ་ཆུང་བ་སྒྲོལ་མ་སྐྱབས་ཕྱི་ལ་ཞོར་ལས་ལ་འགྲོ་བར་བྲེལ་བཞིན་འདུག རིན་ཆེན་འབུམ་ཁོ་རང་གིས་ཀྱང་འགྲིམ་འགྲུལ་སྟབས་བདེ་བར་བརྟེན་ནས་གཞུང་ལམ་འགྲམ་རྒྱུད་དུ་རང་ཁྱིམ་ནས་བསྙལ་བའི་ཞོ་དང་མར་སོགས་བཙོང་། ཡོང་སྒོ་ཇེ་མང་དུ་སོང་བས། ད་ལོའི་ལོ་མགོར་ཁྱིམ་ཚང་གང་བོས་རླངས་འཁོར་ཞིག་ཀྱང་ཉོས།

རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཆེད། སྡེ་བའི་ཏང་ཀྲི་པུའུ་ཡིས་ད་དུང་“ཕྱུགས་ལས་གཙོ་བོ་ཡིན་པ་དང་། ཞིང་ཕྱུགས་ཟུང་འབྲེལ་བྱེད་པ། རྣམ་པ་མང་པོའི་ལས་གཉེར། ཁྱོན་ཡོངས་འཕེལ་རྒྱས”ཀྱི་འཕེལ་རྒྱས་བསམ་ཕྱོགས་བཟོས་ཏེ། སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་འབྲོག་ལུག་གི་ཚོང་རའི་དགོས་མཁོའི་གནས་ཚུལ་ལ་དམིགས་ནས་ལུག་བརྒྱད་བརྒྱ་ལྷག་གསོས་པ་དང་། ཚོང་རའི་རིན་གོང་ལྟར་ལུག་རེར་སྒོར་མོ་སྟོང་གཉིས་ཀྱི་རིན་གོང་ལྟར་རྩིས་བརྒྱབ་ན། གསོ་ཁ་ནས་བུད་པའི་ལུག་བརྒྱ་ཆའི་བདུན་ཅུ་ཡིས་ལོ་རེར་ཡོང་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་བཞི་ལེན་ཐུབ་ཡོད། སྡེ་བའི་ནང་དུ་ད་དུང་སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་ས་ཞིག་ཀྱང་ཡོད་པས། ལོ་རེར་སྒོར་མོ་འབུམ་གཅིག་དང་ཁྲི་གཉིས་སྟོང་ལྔའི་ཡོང་སྒོ་ཀྱང་ཡོད་པ་རེད། དེའི་ཁར་ལོ་རེའི་རྩལ་ནུས་གསོ་སྦྱོང་བསྣན་ན། སྡེ་བ་ཡོངས་སུ་ཁོམ་ཡོད་པའི་མི་གཅིག་ཀྱང་མེད་པ་དང་། ཁྱིམ་ཚང་ཚང་མའི་བྱིས་པ་ཚོ་ཡང་སྔ་གཞུག་རྩེད་ནས་སློབ་གྲྭར་འགྲོ་བ་དང་། སྦྱངས་འབྲས་བཟང་བོར་ལོ་རེར་སྒོར་མོ་ལྔ་བརྒྱའི་བྱ་དགའ་སྟེར་བཞིན་ཡོད་པ་རེད།

སྡེ་བ་ཕྱུག་པོར་གྱུར་བ་དང་། སྡེ་མིའི་ཀླད་པའི་འཁོར་རྒྱ་ཇེ་ཡངས་སུ་གྱུར་ལ། འཚོ་བའི་སྤུས་ཚད་ཐད་ཀྱི་རེ་བ་ཡང་ཇེ་མཐོར་སོང་། ང་ཚོ་གསར་འགོད་པས་བཅར་འདྲི་མཇུག་སྒྲིལ་ལ་ཉེ་དུས། མགར་རྩེ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ད་ལོའི་ཡུལ་སྐོར་དུས་ཚིགས་ཡག་ཤོས་སྐབས་སུ་ཞིང་བའི་སྤྲོ་ཁྱིམ་ཁང་ཞིག་ཇི་ལྟར་སྒྲུབ་པའི་སྐོར་ལ་གྲོས་མོལ་བྱེད་བཞིན་འདུག ད་ལོ་ལོ་ན་ཉེར་བདུན་ལ་སོན་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པའི་རིག་པའི་ཡེ་ཤེས་ཡིས་བཤད་པ་ལྟར་ན། ང་ཚོས་སྐྱེ་ཁམས་ཁྱད་སྟོབས་དེ་དཔལ་འབྱོར་ཁྱད་སྟོབས་དང་། འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་ཏེ། མགར་རྩེ་མཛེས་སྡུག་ལྡན་པའི་ཞིང་སྡེ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་པ་དང་། དཔལ་འབྱོར་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པས། སྔར་ལས་སྐྱིད་པའི་འཚོ་བ་ཡུན་རིང་ངེས་ཡིན་ཟེར།

ཞིང་སྡེ་བཅོས་སྐྱོང་གི་ལམ་བུར་བགྲོད་དགོས།

ཞིང་སྡེ་བཅོས་སྐྱོང་བྱས་ན་རྫོང་བརྟན་པ་དང་། རྫོང་བཅོས་སྐྱོང་བྱས་ན་གནམ་འོག་བདེ་བ་ཡིན།

གནས་འདིའི་དབུལ་ཕོངས་གནས་ཚུལ་ལ་ཕྱིར་དྲན་ཞིག་བྱས་ཚེ། སེམས་པ་ཧ་ཅང་སྐྱོ་ཞིང་།  མི་རེ་རེས་ཐུན་ཏེ་ཡི་དབུལ་སྐྱོར་བྱ་བ་མྱུར་མོར་སྒྲུབ་དགོས་པ་གསལ་བོར་རྟོགས་ཡོད། “ཞིང་སྡེ་དར་སྤེལ”ནས་གླེང་ན། ཞིང་སྡེ་བཅོས་སྐྱོང་ལ་མཁས་པའི་ལམ་བུར་བགྲོད་དགོས། རྒྱུ་མཚན་ནི་དེ་ཡིས་ཐད་ཀར་དུ་ཞིང་སྡེ་དར་སྤེལ་གྱི་གཞི་རྩ་བརྟན་མིན་ཐག་གཅོད་བྱེད་པ་དང་། ལྷག་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གཙོ་བོའི་སྟེང་དུ། ཚད་ཆེས་ཆེ་བའི་སྒོ་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆམ་མཐུན་བརྟན་འཇགས་ལ་ཤན་ཤུགས་ཐེབས་བཞིན་ཡོད།

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཐུན་ཏེ་རྫོང་ཡོངས་སུ་ཏང་ཨུའི་སྐབས་བརྗེའི་འདེམ་བསྐོ་བྱ་བ་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ་དང་། འདེམ་ཤོག་མང་པོ་ཐོབ་པ་ལས་སྐབས་གསར་བའི་གཞི་རིམ་འགོ་ཁྲིད་པའི་དཔུང་སྡེ་ཞིག་བྱུང་། འགན་འཁྲིའི་འབྲེལ་ཐག་ནན་མོར་གཏོང་བ་དང་། ཉེན་ཟོན་སློབ་གསོ་སྔ་མོ་ནས་དམ་འཛིན་བྱེད་པ། མི་བཀོལ་སྤྱོད་ཁ་ཕྱོགས་ལེགས་པོར་འཛུགས་པ། གོམས་སྲོལ་ལ་ལྟ་རྟོག་ནན་མོ་བྱེད་པ། བརྒྱུད་རིམ་གྱི་འགག་སྒོ་དམ་འཛིན་བྱས་ནས་ཏང་ཨུའི་འགོ་ཁྲིད་དང་། སྲིད་གཞུང་གི་འགན་འཁུར། སྤྱི་ཚོགས་ཀྱི་མཉམ་རོགས། མང་ཚོགས་མཉམ་ཞུགས། ཁྲིམས་སྐྱོང་འགན་སྲུང་བཅས་ཀྱི་དེང་རབས་ཞིང་སྡེའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་ཞིག་འཛུགས་པར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།

ཐུན་ཏེ་ཡི་དབུལ་ཕོངས་དམིགས་བསལ་ཡིན་པ་དང་། རྫོང་གི་གནས་ཚུལ་དམིགས་བསལ་ཡིན་པ་རེད། ཐུན་ཏེ་རྫོང་ནི་གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་གནས་ཡོད་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོབ་བྱ་བའི་ཁྲོད་བྱེད་ནུས་ཧ་ཅང་ཆེན་པོ་ལྡན་པ་རེད། གནས་འདི་ནི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་དབུལ་ཕོངས་ས་ཁུལ་ཞིག་ཀྱང་ཡིན་པ་དང་། དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་ཚང་མ་ནི་བཅོས་སྒྱུར་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་དོན་ཆེན་ཞིག་ཡིན་པ་རེད། དེ་དང་འདྲ་བར། ཐུན་ཏེ་ཡི་ཞིང་སྡེའི་དར་སྤེལ་དམིགས་བསལ་ཡིན་པས། “ཁྱད་སྟོབས་ཀྱི་ཤུགས”གཅིག་བསྡུས་བྱེད་དགོས་པར་མ་ཟད། ད་དུང་མིག་རྒྱང་རིང་པོའི་འཆར་འགོད་བཟོ་དགོས་ལ། ཐག་གཅོད་བྱས་རྗེས་འགུལ་སྐྱོད་སྤེལ་བ་དང་། ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་ཞིང་སྡེ་བཅོས་སྐྱོང་གི་བགྲོད་ལམ་དུ་ལེགས་པོར་བསྐྱོད་དགོས།

ཞིང་སྡེ་བཅོས་སྐྱོང་གི་བགྲོད་ལམ་དུ་ལེགས་པོར་བསྐྱོད་དགོས་ན། སྡེ་བའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་ལ་དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་གཏོང་མི་ཉན་པ་དང་།  སྔོན་ཐོན་ཀྲི་པུའུ་ལ་མུ་མཐུད་དུ་ཤུགས་སྣོན་དང་། བར་གྱི་ཀྲི་པུའུ་ཤུགས་ཆེན་པོས་མཐོར་འདེགས་གཏོང་བ། རྗེས་ཀྱི་ཀྲི་པུའུ་མུ་མཐུད་དུ་ལེགས་སྒྲིག་བཅས་བྱས་ནས་སྡེ་བ་རིམ་པའི་ཏང་རྩ་འཛུགས་དང་སྣེ་ཁྲིད་མི་སྣ་ཇེ་ལེགས་སུ་གཏོང་དགོས། མགར་རྩེ་སྡེ་བར་མཚོན་ན། ཏང་གི་གཞི་རིམ་རྩ་འཛུགས་ལྟེ་བར་བཟུང་སྟེ། སྡེ་མིའི་རང་སྐྱོང་དང་སྡེ་བའི་ལས་འགན་ལྟ་ཞིབ་རྩ་འཛུགས་རྨང་གཞིར་བྱེད་པ་དང་། ཐུན་མོང་དཔལ་འབྱོར་རྩ་འཛུགས། ཞིང་བའི་མཉམ་ལས་རྩ་འཛུགས་སོགས་འབྲེལ་ཐག་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་ཞབས་ཞུའི་རྩ་འཛུགས་རིགས་སོ་སོ་ཁ་གསབ་ཡིན་པའི་ཞིང་སྡེའི་རྩ་འཛུགས་མ་ལག་ཅིག་འཛུགས་སྐྲུན་བྱས་ནས་ཏང་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་འཛིན་པ་དང་། ཕྱོགས་སོ་སོ་ནས་མཐུན་སྦྱོར་བྱེད་པར་ཁག་ཐེག་བྱེད་དགོས།

ཞིང་སྡེ་བཅོས་སྐྱོང་གི་བགྲོད་ལམ་དུ་ལེགས་པར་བསྐྱོད་དགོས་ན། མི་དམངས་ལྟེ་བ་ཡིན་པའི་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཏང་དང་སྲིད་གཞུང་གི་ནུས་པ་གཙོ་བོ་དང་། མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ། “སུམ་བགོ་བཀོད་སྒྲིག”གི་འཐབ་ཕྱོགས་སྤྱད་དེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་ཡིན་པ་རྒྱུན་འཁྱོངས་བྱས་ནས་སེམས་ཞིབ་མོས་ལས་གཞི་འཆར་འགོད་བྱེད་པ་དང་། མ་དངུལ་གྱི་ཐོན་ཁུངས་ལེགས་སྒྲིག་བྱེད་པ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཆེས་བྲེལ་བའི་དོན་དག་ཐག་གཅོད་བྱེད་དགོས། སྡེ་སྲོལ་དམངས་ཆིངས་ལྟར་ན། དེའི་ནང་དུ་ཕུལ་དུ་བྱུང་བའི་རིག་གནས་ཀྱི་གཞི་རྒྱུ་འདུས་ཡོད་ཅིང་། ཞིང་སྡེ་བཅོས་སྐྱོང་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པར་མ་ཟད། སྡེ་བའི་ཏང་རྩ་འཛུགས་ཀྱིས་དེའི་སྟོབས་ཤུགས་ལ་བརྟེན་ནས་སྙིང་སྟོབས་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། ཞིང་སྡེའི་གསོན་ཤུགས་ལ་སྐུལ་སློང་དང་། ཞིང་སྡེ་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས་ཞིང་སྡེར་གསོན་ཤུགས་ཀྱིས་ཁེངས་ཤིང་བརྟན་འཇགས་དང་གོ་རིམ་ལྡན་པར་བྱས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།