མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་མཉམ་དུ་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱ་དགོས།
2021.08.26 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 13

 ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པ་བཅས་ཀྱི་སྐབས་འདིར། ང་ཚོས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བ་བསུས་ཡོང་། ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་བོད་ལྗོངས་ལ་གཟིགས་ཞིབ་དང་མཛུབ་སྟོན་གནང་བ་དང་།   མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ།   སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་སུ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་མཉམ་དུ་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་གནང་སྟེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས། དེ་ལས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་པ་དང་ཏང་ཀྲུང་དབྱང་གིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་གང་ལེགས་སྒོས་མཚོན་ཡོད་པས།  གངས་ལྗོངས་མཐོ་སྒང་གི་ས་གཞི་ཆེན་མོར་དགའ་བ་དཔག་མེད་སྐྱེས་པ་དང་སྤྲོ་སེམས་རབ་ཏུ་འཕེལ་ལ།  བོད་ལྗོངས་ཀྱི་བུ་བུ་མོར་དྲོ་སྐྱིད་ཀྱིས་ཁེངས་ཤིང་སྤོབས་སེམས་རབ་ཏུ་རྒྱས་ཡོད།

མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་མཉམ་དུ་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར། རླབས་ཆེན་གྱི་ལོ་རྒྱུས་ཁྲོད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་གདེང་ཚོད་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། 1951ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནི་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ལ་ཐོབ་པའི་རྒྱལ་ཁ་གལ་ཆེན་ཞིག་དང་བོད་ལྗོངས་ཀྱི་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་རེད། དུས་དེ་ནས་བཟུང་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་འཛིན་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་འབྱེད་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་བསྐྱོད་ཡོད། ལོ་ངོ70ཡི་རིང་བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། མི་དམངས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་རིགས་མཐུན་སྒྲིལ་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་སྟེ། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་གསོན་ཉམས་ལྡན་པའི་ལེའུ་བརྩམས་པ་དང་གནམ་ས་བརྗེ་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལག་ལེན་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པའང་མེད་པ་དང་། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པར་ར་འཕྲོད་གང་ལེགས་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཚེ། བོད་ལྗོངས་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ལྟ་དང་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་བ་ཡོད་སྲིད།

མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་མཉམ་དུ་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར། རླབས་ཆེན་གྱི་དགོངས་པ་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་གདེང་ཚོད་དང་སྟོབས་ཤུགས་སུ་སྒྱུར་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བོད་ལྗོངས་འདི་ཉིད་འཕེལ་རྒྱས་ཆེས་ལེགས་པོ་དང་། འགྱུར་ལྡོག་ཆེས་ཆེན་པོ། མང་ཚོགས་ལ་དངོས་ཕན་ཆེས་མང་བ་ཐོབ་པ་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་བོད་ལྗོངས་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འདོན་ཇུས་འགོད་གང་ལེགས་གནང་བ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་པ་བརྒྱུད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གྲུབ་པ་དང་། དུས་བབ་དང་མཐུན་པའི་བྱ་སྤྱོད་རྩ་འཛིན་བཟོས་པ། འཐབ་ཇུས་རང་བཞིན་གྱི་བརྗིད་ཆེའི་འཆར་གཞི་བཀོད་ནས་ང་ཚོར་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དེ་སྔོན་སྒྲུབ་དགོས་བསམས་ཀྱང་བསྒྲུབས་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་པ། བོད་ལྗོངས་ཀྱི་བྱ་གཞག་ཁག་ཁྱོན་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ལྷག་པར་དུ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་སྐབས་འདིར།  སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་སུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ་དང་། སྐུ་དངོས་སུ་ཕྱག་བྲིས་གནང་བ། བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ཡང་བསྐྱར་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་གནང་སྟེ། ང་ཚོ་དུས་རབས་གསར་པའི་རྒྱུགས་འབུལ་ལམ་དུ་ཡག་པོ་བསྐྱོད་པར་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཧ་ཅང་ཆེན་པོ་གནང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ། དཀའ་སྤྱད་འབད་འཐབ་ཀྱིས་བཏིང་བའི་རྨང་གཞི་བརྟན་པོ་བཅས་ཡོད་པས། བྱམས་བརྩེའི་ཐུགས་ཁུར་དེ་འབད་འབུངས་ཡར་བརྩོན་གྱི་སྒུལ་ཤུགས་སུ་བསྒྱུར་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཚེ། ང་ཚོས་རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་ཐུབ་པ་དང་ལོ་རྒྱུས་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ཐུབ་ངེས་རེད།

མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་མཉམ་དུ་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར། རླབས་ཆེན་གྱི་འཐབ་རྩོད་ཁྲོད་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་གདེང་ཚོད་དང་སྟོབས་ཤུགས་འཕེལ་བར་བྱེད་དགོས། དེང་གི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ་དང་། “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས་པ་དང་། བོད་ལྗོངས་ཀྱི་འཆམ་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་བརྟན་བརླིང་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་གཙོ་བོར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག  དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་དགོས།

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ནས་ཏང་གི་འགོ་ཁྲིད་ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་པའི་སྟབས་ཀྱིས། ཀྲུང་གོས་གཞི་ནས་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་ངོ་མཚར་བྱས་རྗེས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བྱས་རྗེས་བཏོད་པ་དང་། ཀྲུང་ཧྭ་མི་རིགས་ལ་གཞི་ནས་ཡར་ལངས་དང་ཕྱུག་འགྱུར་ནས་སྟོབས་ཆེན་བར་གྱི་རླབས་ཆེན་མཆོང་སྐྱོད་བྱུང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་གཞི་ནས་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་པའི་སྟབས་ཀྱིས། བོད་ལྗོངས་ལ་གཞི་ནས་ཞི་བའི་བཅིངས་འགྲོལ་མངོན་འགྱུར་བྱུང་བ་དང་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་བཏང་བས། དར་རྒྱས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་འགོ་ཚུགས་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་རྦད་དེ་གཏོར་བས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ། རང་སྐྱོང་ལྗོངས་དབུ་བརྙེས་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་པ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་ཐོབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཏེ་ལས་དོན་སྣ་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་རྒྱུས་དང་དོན་དངོས་ལས་ང་ཚོར།  ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ལ་འགོ་ཁྲིད་བྱེད་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ནས་བོད་ལྗོངས་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཡོང་བར་བྱེད་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་ལས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་བ་ར་སྤྲོད་བྱས་ཡོད།

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ནས་བྱུང་བ་དང་སུ་ཞིག་གིས་མི་རིགས་ཁག་གི་མང་ཚོགས་འཚོ་བ་ཡག་པོ་སྐྱེལ་ཆེད་འབད་འཐབ་ལྷོད་མེད་བྱེད་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་བོད་ལྗོངས་མི་དམངས་ཀྱི་མགོན་སྐྱབས་ཡིན་ཞིང་། ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་པས་ཆབ་སྲིད་ཐད་ཡར་ལངས་བྱུང་སྟེ། “མངའ་བདག་ཆེན་པོ་གསུམ”གྱིས་རང་དགར་བྲན་དུ་བཀོལ་བའི་སྐད་ཆ་བཤད་ཤེས་པ་ཙམ་གྱི་ལག་ཆ་ནས་རང་གི་ལས་དབང་གི་ཁ་ལོ་རང་གིས་སྒྱུར་མཁན་གྱི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་བདག་པོར་གྱུར་པ་དང་། དཔལ་འབྱོར་ཐད་ཡར་ལངས་བྱུང་སྟེ། བོད་ལྗོངས་རྙིང་པའི་རྨི་ལམ་དུའང་འཁོར་མ་མྱོང་བའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བ་དང་། རིག་གནས་ཐད་ཡར་ལངས་བྱུང་སྟེ། བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་གི་བསམ་པའི་ལྕགས་སྒྲོག་ལས་ཐར་ནས་བསམ་བློར་སྔར་བྱུང་མ་མྱོང་བའི་བཅིངས་འགྲོལ་ཐོབ་ཡོད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ཚུན་གྱི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དང་ཡར་ལངས་དོན་གཉེར་བྱས་པའི་ལོ་རྒྱུས་དང་། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་འབྱོར་ཕྱུག་དོན་གཉེར་བྱས་པའི་ལོ་རྒྱུས། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་བརྟན་ལྷིང་དང་འཕེལ་རྒྱས་དོན་གཉེར་བྱས་པའི་ལོ་རྒྱུས་བཅས་རེད། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཁེ་ཕན་དོན་གཉེར་ཅི་ཐུབ་བྱས་པས། བོད་ལྗོངས་སུ་ཏང་གི་བླ་ན་མེད་པའི་སྙན་གྲགས་བཏོད་པ་དང་། ཏང་ལ་མི་རིགས་ཁག་གི་མི་དམངས་ཀྱི་བླ་ན་མེད་པའི་གོང་བཀུར་ཐོབ་ཡོད།

རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བདག་པོ་བྱས་པ་དང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་དུ་བཅུག་པ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་སྐྱེལ་དུ་བཅུག་པ་བཅས་ང་ཚོས་ནམ་ཡང་ཡིད་ལ་བརྟན་པོ་ངེས་དགོས།

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ལང་ལོང་རྦ་རླབས་ཁྲོད་ནས་མི་འཇིག་བྲག་རི་མངོན། རི་ཚོགས་མཐོན་པོའི་ཁྲོད་ནས་འགྱིང་གནས་དབུ་རྩེར་ལྟ། “སྲུང་སྐྱོབ་གཉིས”ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་བྱེད་ཕྱོགས་དེ་བྱེད་ཕྱོགས་སུ་འཛིན་པ་དང་ཏང་གི་དར་ཆ་དེ་དར་ཆར་བརྩིས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བྱེད་ཕྱོགས་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་གསལ་པོ་ཤེས་པ་དང་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ།  དོན་ངོ་མའི་ཐོག་ནས་ཆབ་སྲིད་ཀྱི་སྒུལ་ཤུགས་ཆེན་པོ་དང་། བསམ་པའི་སྒུལ་ཤུགས་ཆེན་པོ། ལས་ཀའི་སྒུལ་ཤུགས་ཆེན་པོ་བཅས་སུ་འགྱུར་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིར་དགའ་ཞེན་དང་། ཏང་ཀྲུང་དབྱང་ལ་གོང་བཀུར། དེ་བཞིན་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་དང་།  བློ་བརྟན་འགྱུར་མེད་ངང“དོན་ཆེན་བཞི”དམ་འཛིན་ཡག་པོ་དང་“འགན་ལེན་བཞི”ཧུར་ཐག་གིས་མངོན་འགྱུར་བྱས་ནས། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་མཉམ་དུ་རླབས་ ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆེས་རྩ་བའི་ཁག་ཐེག་ནི་ཏང་གི་འགོ་ཁྲིད་ཡིན་པ་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པ།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བཅས་བྱས་ནས་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་དང་རྒྱལ་ཁའི་ལེའུ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།