བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་འཆམ་མཐུན་བརྟན་འཇགས་འགན་སྲུང་བྱེད།
2021.08.30 ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀློག་གྲངས། 19

སྤྱི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་པར་སྐྲུན་བྱས་པའི་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་།   མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་མུ་འབྲེལ་དཔྱད་གཏམ་ཁག་གསུམ་པ་སྟེ།   བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་འཆམ་མཐུན་བརྟན་འཇགས་འགན་སྲུང་བྱེད་ཅེས་པའི་དཔྱད་བརྗོད་རྩོམ་ཡིག་སྤེལ།

རྩོམ་ཡིག་ནང་།  རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་འཇགས་ཡོང་བ་བྱེད་དགོས།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ནས་མི་དམངས་བདེ་སྡོད་ལས་བརྩོན་བྱེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་ནི་དོན་ཆེན་ཨང་དང་པོ་ཡིན་པས།  ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན།  བོད་དུ་གཟིགས་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  བོད་ལྗོངས་འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་དུ་བཏང་སྟེ།  རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་བརྟན་འཇགས་ཡོང་བ་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ།  ཐུན་མོང་ཐོག་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་བདེ་འཇགས་འགན་སྲུང་བརྟན་པོ་བྱེད་པ་དང་འཆམ་མཐུན་བརྟན་འཇགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་འཁོད་ཡོད།

རྩོམ་ཡིག་ནང་།  བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་གི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་།  ང་ཚོས་བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་དང་།  རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ནི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འབྲེལ་ཞིང་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པར་ངོས་འཛིན་གང་ལེགས་བྱེད་དགོས་པ།  བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་ཐུན་མོང་ཐོག་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་ཤིང་།  ང་ཚོས་སྤྱི་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག  མི་དམངས་ཀྱི་འགོག་རགས་བརྟན་པོ་འཛུགས་པ་དང་།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ།  འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་བྱེད་སྒོ་ཁག་རྒྱུན་མཐུད་ཡག་པོ་བྱེད་དགོས་པ་དང་།  བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་དར་ཆ་གསལ་སྟོན་བྱས་ནས་ཁ་བྲལ་བའི་ཆབ་སྲིད་ངན་ཇུས་ལ་ཐེར་འདོན་དགག་རྒྱག་བྱེད་དགོས་ཤིང་།  ང་ཚོས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་སྟངས་གསར་པ་དང་ཁྱད་ཆོས་གསར་པ།  འགུལ་ཕྱོགས་གསར་པ་བཅས་ལ་ངོས་འཛིན་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ།  ཁ་བྲལ་ཚོགས་པ་དང་འཐབ་རྩོད་བྱེད་པའི་འཐབ་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབས་ཏེ།  ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས་པ་བཅས་ནན་བཤད་བྱས་ཡོད།

རྩོམ་ཡིག་གི་མཇུག་ཏུ།  མི་དམངས་འབྱོར་ཕྱུག་དང་རྒྱལ་ཁབ་སྟོབས་འབྱོར།  མི་རིགས་བསྐྱར་དར་བཅས་ཡོང་བ་བྱེད་རྒྱུ་ནི་མེས་རྒྱལ་ཁྱིམ་གཞིའི་ཆེན་མོའི་ནང་འཚོ་བ་རོལ་བཞིན་པའི་རང་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་ཡིན་པས།  ཕྱི་ཕྱོགས་སྟོབས་ཤུགས་གང་ཞིག་གིས་ཀྱང་བོད་ཀྱི་བྱ་བར་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་པ་དང་།  བོད་ལྗོངས་ཁ་བྲལ་གྱི་ཇུས་ངན་དང་ལྐོག་གཡོ་གང་ཞིག་ཡིན་རུང་མཐར་ཕམ་ངེས་རེད་ཅེས་འཁོད་ཡོད།

                                                                  རྩོམ་སྒྲིག་པ། གཡང་འབུམ་རྒྱལ།