--ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་རང་ཞིང་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་ཚོགས་རྗེས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་ཚོད་དང་པོའི་ནང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་བླངས། ཚང་མས་གཅིག་མཐུན་གྱིས་བལྟས་ན། ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མགོ་ཡག་པོ་ཚུགས་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་གནད་འགག་གི་སྐབས་སུ་ཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་མུ་མཐུད་དུ་སྤེལ་བར་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་བཞི་བའི་སྐབས་བརྗེའི་གནད་འགག་གི་དུས་སྐབས་སུ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དུས་རབས་གསར་པ་དང་། འགན་འཁྲི་གསར་པ། བྱེད་སྟངས་གསར་པའི་རེ་བ་སྔར་ལས་མཐོན་པོ་བཏོན་ཡོད་པས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་བསམ་བློའི་སྒུལ་ཤུགས་གསར་བ་སྣོན་ཐུབ་ངེས་ཡིན་པར་འདོད།
ཚང་མས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་། དམིགས་འབེན་ལ་དམ་པོར་དམིགས་པ། འབད་འཐབ་དངོས་བསྒྲུབ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་མུ་མཐུད་གཏིང་ཟབ་དང་རྒྱ་སྐྱེད་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་ཡིན་ཟེར།
སློབ་གསོའི་སྟོབས་ཤུགས་བསྡུ་ལེན་ཟབ་མོ་བྱས་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས།
“ང་ཚོ་ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད། ཁྱད་ཆོས་སྣ་ཚོགས་ལྡན་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་གསོ་སྐྱོང་བྱས་པ་དང་། ཏང་གི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་། གཞི་རྩའི་དམིགས་འབེན། སྤྱོད་ཚུལ་བཟང་པོ་གཅིག་བསྡུས་ཀྱིས་མཚོན་པར་བྱས་པ་དེས་ང་ཚོས་འབད་འཐབ་ལྷོད་མེད་བྱ་རྒྱུར་སྐུལ་མ་གཏོང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། ད་ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་སློབ་སྦྱོང་ལ་མཐོང་ཆེན་བྱེད་པ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། བླ་ན་མེད་པའི་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་རེད་ཅེས་ནན་བཤད་གནང་།
ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱི་ན་གཞོན་ཏང་ཡོན་ཚའེ་ཧོས་ཡིས་བཤད་རྒྱུར། ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན། ཏང་གི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་མྱོང་ཚོར་ཐུབ་པ་བྱས་ནས་མ་འོངས་པའི་འཕེལ་རྒྱས་དང་འབད་འཐབ་ཁྲོད་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། མི་ཚེ་ཐུང་ངུ་སྐད་ཅིག་ཙམ་ལ་ཕར་འདས་སྲིད། མ་འོངས་པར་ང་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དད་སེམས་བརྟན་པོས་ཕུགས་བསམ་ཡོད་པ་དང་། ཡར་བརྩོན་གྱི་ནུས་པ་ཡོད་པ། སྒྲུབ་ཕོད་པ་དང་འགན་འཁྲི་འཁུར་ཐུབ་པ་བཅས་བྱས་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་། དཔའ་སྟོབས་ཀྱིས་ཁེངས་པ། འགན་འཁྲི་ལག་ལེན་བྱེད་པ། ཡང་བསྐྱར་འོད་སྟོང་བསྐྲུན་ཐུབ་པར་བྱ་རྒྱུ་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཏེ་གྲངས་ཉུང་མི་རིགས་ས་ཁུལ་དང་དེ་བཞིན་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཁུལ་སློབ་སྒྲུབ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཏ་ཀྲུང་ལུའུ་ཡིས་བཤད་རྒྱུར། ང་ཚོས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞིར་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ཏེ། དཔལ་འབྱོར་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བའི་དུས་མཚུངས་སུ། ཡུས་ཧྲུའུ་ཡི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་བསམ་པའི་མཐོ་ས་ཞིག་ཧུར་ཐག་གིས་གཏོད་རྒྱུ་ཡིན་ཞིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་འཇོག་པ་དང་། མུ་མཐུད་དུ་བསམ་པའི་རྒྱགས་ཕྱེ་དང་འབད་འབུངས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་བསྡུ་ལེན་བྱས་ནས་ཏང་ཡོན་ལས་བྱེད་པའི་སྙིང་སྟོབས་དང་མཁྲེགས་གཏོར་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། ཡུས་ཧྲུའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སེམས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ཟེར།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བློན་ཆོས་ཡུལ་ཚོའི་ལས་བྱེད་པ་པད་མ་དོན་གྲུབ་ཀྱིས་བཤད་རྒྱུར། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། མུ་མཐུད་དུ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་བསྒྱུར་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེ་བྲག་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། འགན་འཁྲི་ལྗིད་མོ་འཁུར་ཕོད་པ། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། ཏང་ལ་ངོ་མི་གནོང་བ་དང་། མི་དམངས་ལ་ངོ་མི་གནོང་བ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་སྐྲུན་རྒྱུ་ཟེར།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཧན་པིན་གྱིས་བཤད་རྒྱུར། རྩ་འཛུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་གོ་རིམ་རྗེས་མར་ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ནས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་རྒྱུ་དང་།‘གསར་བ་གསུམ’གྱི་བླང་བྱར་དམིགས་ནས‘གླང་གསུམ’གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་ཇུས་ཆོད་སོ་སོ་དངོས་འབེབ་ཞིབ་མོ་བྱེད་པར་ནན་ཏན་གྱིས་སྐུལ་འདེད་བྱེད་རྒྱུ་ཟེར།
སློབ་པ་བཀོལ་སྤྱོད་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་དགོས།
མི་དམངས་ཀྱི་བདེ་སྐྱིད་འཚོལ་སྙེག་ལ་མཐའ་མེད་པར་མུ་མཐུད་དུ་མགོ་རྩོམ་ས་གསར་བ་ཞིག་ཏུ་གནས་ཡོད། ང་ཚོས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། མི་དམངས་ཀྱི་ཁེ་ཕན་ལ་དམིགས་པ། མི་དམངས་ཀྱིས་སྤྲད་པའི་དབང་ཆ་བེད་སྤྱོད་ཡག་པོ་བྱས་ཏེ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དོན་དངོས་སྒྲུབ་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དོན་ཆེན་བཟང་པོར་སྒྲུབ་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དཀའ་གནད་ཡག་པོ་སྒྲུབ་པ་བཅས་བྱ་རྒྱུ་ཡིན། འདི་ནི་ཁས་ལེན་ཞིག་ཡིན་ལ་ལྷག་བསམ་ཞིག་ཀྱང་ཡིན་ཟེར།
ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བཞག་སྟེ། ‘སློབ་སྦྱོང་’ཐད་གཏིང་ཟབ་ཅིང་དོན་དངོས་ཡིན་པ་དང་‘རྟོགས་པའི’ཐད་སེམས་སུ་ཟུག་པ།‘ལས་སྒྲུབ’ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱས་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུ་བེད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལྷ་བསྟན་གྱིས་བཤད་རྒྱུར། ང་ཚོས་གཅིག་བསྡུས་ཀྱིས་དྲིལ་སྒྲོག་དང་། སྡེ་ཁུལ་ཞབས་ཞུ། སློབ་གྲྭའི་སྤྱི་ཕན། ཞིང་སྡེའི་སྒྲོག་འགྲེལ། ཏང་གཤིས་སྦྱོང་བརྡར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ལས་སྒོའི་བྱ་བ་གཉིས་གཏིང་ཟབ་པོའི་སྒོ་ནས་མཉམ་འདྲེས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་བསམ་བློའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོས་ཆུ་བེད་ བཅོས་སྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། ཏང་གི་དར་ཆ་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་མཐོན་པོར་བསྒྲེངས་རྒྱུ་ཡིན་ཟེར།
ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་ལས་ཁུངས་ཏང་ཨུའི་ལས་བྱེད་པ་ཝང་ཏཱ་ཞིན་གྱིས་བཤད་རྒྱུར། གནས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་གསར་པ་དང་ཟུང་འབྲེལ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཟུང་འབྲེལ་བྱས་ཏེ། དམར་པོའི་ཐོན་ཁུངས་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། ནང་དུ་བྱིང་བའི་རྣམ་པ་དང་། མངོན་སུམ་དུ་མཐོང་བ་ལྟ་བུའི་རྣམ་པ། ཉམས་ཞིབ་རྣམ་པའི་སློབ་སྦྱོང་གཏིང་ཟབ་སྒོས་སྤེལ་ཏེ། དད་མོས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། བསམ་བློའི་ཁྲག་རྒྱུན་རྒྱུན་མཐུད་པ། བྱ་བར་ཡར་སྐུལ་བྱེད་པའི་ཁྲོད་དུ་གནས་པའི་འགག་ས་དང་། དཀའ་ས་ཡང་དག་པར་བཙལ་ནས་ཐབས་བརྒྱ་ཇུས་སྟོང་གིས་འགལ་བ་དང་དཀའ་གནད་ཐག་གཅོད་བྱེད་པ་དང་། དོན་དངོས་ལས་གཞི་གལ་ཆེན་ཉི་ཤུ་མུ་མཐུད་དུ་སྤེལ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་བྲེལ་བ་དང་། དཀའ་བ། སེམས་སྡུག་པ། རེ་བའི་གནད་དོན་ཐག་གཅོད་གང་ལེགས་བྱ་རྒྱུ་ཡིན་ཟེར།
མཚོ་ཤར་གྲོང་ཁྱེར་ཞོང་ཧྭ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཝུན་ཅ་ཡིས་བཤད་རྒྱུར། ང་ཚོས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བྱ་བའིལག་ལེན་གྱི་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་བར་བསྒྱུར་རྒྱུ་ཡིན། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་མིག་དཔེར་ལྟ་བ་དང་། མིག་དཔེ་བྱས་ཏེ། བླ་སྲོག་སྐྲུན་པའི་རྩ་འཛུགས་ནུས་པ་མཐོར་འདེགས་དང་། རྒྱུན་མི་ཆད་པའི་འཐབ་འཛིང་ནུས་པ་གསོ་སྐྱོང་བྱེད་པར་དམིགས་ཏེ། འབད་འཐབ་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་སྐུལ་སློང་དང་། དུས་རབས་གསར་པའི་འགན་ཁུར་དེ་ཏང་ཡོན་ཡག་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ནས་བླ་ན་མེད་པའི་ཕུགས་བསམ་གྱི་དད་མོས་དང་རིན་ཐང་དོན་གཉེར་བྱ་རྒྱུ་དེ་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་བ་དང་། སྤྱིར་བཏང་གི་བྱ་བ་དང་འཚོ་བའི་ཁྲོད་མཚོན་པར་བྱ་རྒྱུ་ཡིན་ཟེར།
དྲང་བདེན་སྒོས་གསར་སྐྲུན་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྨོན་བྱེད་པ་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྤྱི་པའི་སྤྱོད་བཟང་ལ་བརྩི་མཐོང་བྱེད་དགོས་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། ཤི་གསོན་མཉམ་གནས། འགན་འཁྲི་འཁུར་ཕོད་པ། ཧུར་བརྩོན་གྱིས་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་ངོ་མ་བསྐྲུན་རྒྱུ་དེ་ཆེས་གཞི་རྩའི་འགན་འཁྲི་རུ་འཛིན་དགོས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཏུང་ཁྲོན་གྲོང་རྡལ་གྱི་འགོ་གཙོ་གཞོན་པ་མཱ་ཡུས་ཝུའུ་ཡིས་བཤད་རྒྱུར། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཉིན་རྒྱུན་བྱ་བའི་ཁྲོད་དུ་འདྲེས་པར་བྱེད་པ་དང་། དུས་རབས་གསར་པའི་ཆ་རྐྱེན་དང་ལག་ལེན་གྱི་བླང་བྱར་ཟུང་འབྲེལ་བྱེད་པ། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་སོགས་བྱ་བ་གཙོ་བོར་སྐུལ་འདེད་བཏང་སྟེ། ནན་ཏན་གྱིས་སྒྲུབ་པའི་བྱ་བའི་གྲུབ་འབྲས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲས་བུར་ཞིབ་བཤེར་བྱས་ནས་མང་ཚོགས་ཀྱིས་ཡིད་ཚིམས་ཚད་ལ་འགན་ལེན་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོབ་པ་དང་། འགྲོ་ཐབས་མི་བྱེད་པ། ཞིབ་བཤེར་ཐེག་ཐུབ་པ་ལ་ཁག་ཐེག་བྱ་རྒྱུ་ཡིན་ཟེར།
ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཚའེ་ཁྲིན་ལུའུ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པར་གཙོ་བོ་ལག་བསྟར་བྱེད་པ་དང་། འགག་རྩ་ནི་དོན་འཁྱོལ་བྱེད་དགོས། ཧོང་ཀྲུང་ཆུའུ་ཡིས་མུ་མཐུད་དུ་གཙོ་གནད་བྱ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་པོའི་སྒོ་ནས་མཉམ་འདྲེས་བྱེད་དུ་བཅུག་སྟེ། རིགས་ཆེན་པོ་བརྒྱད་ཀྱི་ལས་གཞི་གལ་ཆེན་ཞེ་གཅིག་གི་དམངས་འཚོའི་དོན་དངོས་ལས་གཞིར་དམིགས་ཏེ། ‘ངས་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ’ཞེས་པ་ནས་དམ་འཛིན་བྱེད་པ་དང་། སློབ་སྦྱོང་ཁྲོད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་དུ‘མི་རིགས་ཀྱི་བླ་སྲོག’དང‘ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བླ་སྲོག’སྐྲུན་པ་དང་། བྱ་བ་དང་འཚོ་བའི་ཁྲོད‘ཏང་ཡོན་གྱི་རྣམ་པ’དང‘སྤྱི་ཞབས་པའི་སྣང་བརྙན’ཡག་པོ་གཏོད་པ། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་བྱེད་པ། ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བྱེ་བྲག་གི་བླང་བྱར་ཁ་གཏོད་པ། ཁ་ཕྱོགས་ཤེས་པར་བྱས་ནས་འབད་འབུངས་ཡར་བརྩོན་གྱི་ལམ་བུར་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་རྩ་འཛུགས་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཙི་རུང་གིས་བཤད་རྒྱུར། ཁུལ་ཡོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་ནས་སློབ་སྦྱོང་བྱེད་པ་དང་། ཆེད་དོན་བགྲོ་གླེང་ཚོགས་འདུ། དམར་པོའི་གསར་བརྗེའི་སློབ་ཁང་། ཏང་གི་སློབ་ཁྲིད། བརྟན་འཇགས་ཏང་གི་སློབ་ཁྲིད། དཔེ་ཀློག་འཛིན་གྲྭ་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཏང་གི་ལོ་རྒྱུས་ལྟ་བ་མུ་མཐུད་དུ་སྲ་བརྟན་དུ་བཏང་། མིག་སྔའི་བར། ཁུལ་ཡོངས་སུ“ངས་མང་ཚོགས་ལ་དངོས་དོན་སྒྲུབ་པའི”ལག་ལེན་བྱེད་སྒོ་ཐེངས་བཞི་བརྒྱ་དང་གོ་ལྔ་ལྷག་སྤེལ་བ་དང་། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་སུམ་བརྒྱ་དང་དགུ་ལྷག་སྤེལ་ཞིང་། མང་ཚོགས‘བྲེལ་བ་དང་། དཀའ་བ། སེམས་སྡུག་པ། རེ་བའི’གནད་དོན་བརྒྱ་དང་ཉེར་དགུ་ཐག་གཅོད་བྱས་པ་དང་། ‘རྟ་ཐོག་སྒྲོག་འགྲེལ་རུ་ཁག’དང་། ‘སྐོར་སྐྱོད་སྦྲ་གུར’ ‘བྱིས་བློ་ཏང་ལ་ཕྱོགས’པའི་གསར་བརྗེའི་གློག་བརྙན་སྟོན་པ་དང་། ཁུལ་རིམ་པའི་སྔོན་ཐོན་དཔེ་ལེགས་དྲིལ་སྒྲོག པར་སྐྲུན་འགྲེམ་སྤེལ་དང་ཞིབ་འཇུག་དཔེ་ཚོགས་སོགས་གསར་སྐྲུན་གྱིས་ཕྱུག་པའི་ཏང་གི་ལོ་རྒྱུས་ཤེས་བྱའི་དྲིལ་སྒྲོག་སློབ་གསོ་སོགས་སྤེལ་ཏེ། གངས་ལྗོངས་ཀྱི་མགོ་ལོག་ཁུལ་དུ‘གསར་བརྗེའི་གཞི་རྒྱུའི’ལམ་བུ་ཞིག་མུ་མཐུད་དུ་བཏོད་དེ། བྱ་བ་སོ་སོ་དངོས་འབེབ་བྱེད་པར་སྐུལ་འདེད་དམ་འཛིན་བྱ་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།