ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་བརྩམས་པ།
2021.09.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

“དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཡག་པོ་སྒྲུབ་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་བྱ་བའི་གཙོ་གནད་དུ་བརྩི་དགོས།” བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཚང་མས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཁྲོད་དུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་། བདེ་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་བརྩམས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པར་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི‘རྩ་གནད’ཡིན་པས་བྱ་བ་ཚང་མ་དེར་དམིགས་དགོས།”

“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་སོ་སོའི་རྩ་བའི་ཁེ་ཕན་སྲུང་སྐྱོབ་ཡག་པོ་བྱེད་པ། ཐུན་མོང་གིས་ང་ཚོའི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པ། ཐུན་མོང་གིས་མཛེས་སྡུག་གི་འཚོ་བ་བསྐྲུན་དགོས།” ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཧྥིན་གྱིས་བཤད་རྒྱུར། “འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་བསྒྲགས་ལས་དོན་པ་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་བོ་དམ་པོར་དམིགས་ནས། རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། རང་ཞིང་གི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་དང་བརྩེ་སེམས་ཟབ་ལ་ཡིད་དབང་འཕྲོག་པའི་གཏམ་རྒྱུད་སྔོག་འདོན་དང་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས། མི་རིགས་སོ་སོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་གཙིགས་སུ་འཛིན་དགོས”ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་བསམ་བློའི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད་ལ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཤིག་ཀྱང་རེད།” མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཀུའུ་ཁྲིན་ཧོས་རིགས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཞེ་ཧའོ་ཡིས་བཤད་རྒྱུར། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཡུལ་ཚོ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། མི་རིགས་གྲོང་གསེབ་དར་སྤེལ་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས”ཟེར།

“ང་ཚོའི་དང་ཐོག་གི‘བཟོ་ཁང་ཆུང་གྲས’ནས་གཏན་འཇགས་རྒྱུ་ནོར་གྱི་སྤྱིའི་རིན་ཐང་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་ལྔ་ལས་བརྒལ་བའི་ཀུང་སི་ཞིག་ཏུ་གྱུར་པ་དེ་ནི་ཏང་གི་སྲིད་ཇུས་ཀྱི་ཤུགས་ཆེན་པོས་རྒྱབ་སྐྱོར་ལ་བརྟེན་པ་རེད།” མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་མིན་ཧྥང་མི་རིགས་མཁོ་ཆས་ཚད་ཡོད་འགན་ལེན་ཀུང་སིའི་སྤྱིའི་འགན་འཛིན་པ་ཚེ་རིན་ཆུས་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་ནི་མི་རིགས་ཁེ་ལས་ལ་སྐུལ་ལྕག་དང་ཁྲིད་སྟོན་ཤུགས་ཆེན་བྱས་པ་ཞིག་ཡིན་པས། རོང་འབྲོག་མང་ཚོགས་སྔར་ལས་མང་པོ་ཐུན་མོང་གིས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་རིགས་མཐུན་སྒྲིལ་གསར་སྐྲུན་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་སངས་འབྲུག་རྒྱལ་གྱིས་བཤད་རྒྱུར། “ང་ཚོས་གསུང་བཤད་གལ་ཆེན་གྱི་དགོངས་དོན་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ནས། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་རྒྱུ་ཡིན”ཟེར།

“ཉེ་བའི་ལོ་འགའི་རིང་ལ། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་སྟོབས་ཤུགས་ལག་ལེན་དང་རོལ་མྱོང་བྱས་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཏང་གི་སྲིད་ཇུས་བཟང་པོ་མེད་ན་ང་ཚོའི་ད་ལྟའི་བདེ་སྐྱིད་འཚོ་བ་ཡོད་མི་སྲིད་པའི”མྱོང་ཚོར་ཟབ་མོ་བྱུང་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྣ་སྐལ་བཟང་རྒྱ་མཚོས་བཤད་རྒྱུར། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས”ཟེར།

ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་བྱ་བའི་རྣམ་པ་གསར་པ་གཏོད་དགོས།

“ངེས་པར་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཏེ། མི་རིགས་སོ་སོའི་མི་སེམས་གཅིག་སྒྲིལ་དང་བསམ་པའི་བརྟེན་རེས་བྱེད་པ། མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་འབྲེལ་ཐག་ཆེན་པོ་ཞིག་ཆགས་པ་བྱེད་དགོས།”

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་ཁྲུའུ་རིམ་པ་གཉིས་པའི་བརྟག་ཞིབ་པ་སུང་ཝའེ་ཀྲུང་གིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་མི་རིགས་བྱ་བ་སྔར་ལས་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། མི་རིགས་སོ་སོའི་དབར་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པ། ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཏང་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། ཏང་སྲིད་ཀྱི་སྤྱིའི་འགན་ཁུར་བ། སྤྱི་ཚོགས་ཀྱི་མཉམ་བསྐྲུན། དམངས་ཡོངས་ཀྱིས་མཉམ་སྐྲུན་བཅས་ཀྱི་མི་རིགས་བྱ་བའི་རྣམ་པ་གསར་པ་ཞིག་ཆགས་པ་བྱས་ནས། ‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། སེམས་པ་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན’ཅེས་པའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས”ཟེར།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཅིན་ཞང་གིས་བཤད་རྒྱུར། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པར་དམིགས་ནས། མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གྱིས་གསར་འཛུགས་བྱས་པའི“རྩ་བ”དང“བླ་སྲོག”ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་པ་དང་། མི་རིགས་སོ་སོའི་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་དང་ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་བྱ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཟེར།

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དོན་འགྲུབ་ཚེ་རིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཤིང་། ཁོས“མི་རིགས་མཐོ་རིམ་སློབ་གྲྭས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་དང་མི་རིགས་སློབ་གསོའི་བྱ་བ་ཡག་པོ་སྒྲུབ་པར་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་བླང་བྱ་ལག་བསྟར་བྱས་ནས། སློབ་གྲྭའི་ནང་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། དེས་ང་ཚོར་མི་རིགས་སོ་སོའི་སློབ་གྲོགས་དབར་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་པ་དང་། ཀུན་སྤྱོད་ལེགས་པོ་འཛོམས་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཟེར།

“མཐོ་རིམ་སློབ་གྲྭ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་ལག་ལེན་བསྟར་བའི་གཡུལ་ས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་བརྒྱུད་བསྒྲགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བྱ་ཐབས་གསར་གཏོད་དང་། སློབ་ཆེན་སློབ་མའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་ཁྱོན་ཡོངས་ནས་ཇེ་བརྟན་དུ་གཏོང་བ། སློབ་མའི་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་བའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུ་ཡིན”ཞེས་མཚོ་སྔོན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཧོ་ཞ་ཡིས་དེ་ལྟར་བཤད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ནུབ་མཚོ་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་དགེ་རྒན་རིན་ཆེན་སྒྲོན་དཀར་ཆུང་དུས་ནས་མི་རིགས་ས་ཁུལ་དུ་འཚར་ལོངས་བྱུང་བ་རེད། ཁོ་མོས་བཤད་རྒྱུར། “ངའི་འཚར་ལོངས་ལ་མི་རིགས་སྲིད་ཇུས་ཀྱི་རོགས་སྐྱོར་གྱིས་ཁེངས་ཡོད། རྗེས་ཕྱོགས། ང་རང་མི་རིགས་འགྲོ་འོང་དང་བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ཕོ་ཉ་ཞིག་བྱས་ནས། བྱིས་པ་ཚོར་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུའི་རོགས་རམ་བྱས་ཏེ། ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་ས་བོན་བྱིས་པ་ཚོའི་སེམས་ནང་ཟུག་པར་བྱེད་དུ་འཇུག་རྒྱུ་ཡིན”ཟེར།

དུས་རབས་གསར་པར་ཕྱོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱས་རྗེས་གསར་པ་མངོན་དགོས།

“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཏང་གི་མི་རིགས་བྱ་བའི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་རེད། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་པ་དང་། ཐུན་མོང་རང་བཞིན་ཇེ་ཟབ་ཏུ་གཏོང་བའི་ཁ་ཕྱོགས་ལ་གཞིགས་ནས་མི་རིགས་བྱ་བ་ཇེ་ལེགས་སུ་བཏང་སྟེ། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་དང་མི་རིགས་རྒྱུ་རྐྱེན། ས་ཁོངས་ཀྱི་རྒྱུ་རྐྱེན་བཅས་ཟུང་འབྲེལ་དམ་པོ་བྱས་ཚེ། གཞི་ནས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་ཐུབ”ཟེར།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཧུའུ་པའོ་ལིན་གྱིས་བཤད་རྒྱུར། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མི་རིགས་བྱ་བའི་ཁྲོད་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར། ཏང་གི་མི་རིགས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། འགན་འཁྲི་དང་ངེས་གནས་སྔར་ལས་འཕྱུགས་མེད་ངང་བཙལ་ཏེ། དུས་རབས་གསར་པའི་མཚོ་སྔོན་མི་རིགས་ཆོས་ལུགས་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱ་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་གསོ་ཞིབ་འཇུག་པུའུ་ཡི་ཀྲུའུ་རིན་མཱ་མིན་ཀྲུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྲོག་ཤིང་དོན་སྙིང་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། དུས་རབས་ཀྱི་བླང་བྱ་དང་བསྟུན་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བསྐྲུན་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཟེར།

“ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་གལ་ཆེན་དང་གཏིང་ཟབ་པའི་ནང་དོན་ལ་ངོས་འཛིན་གང་ལེགས་བྱས་ནས། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཐད་མདུན་གྲལ་དུ་བསྐྱོད་རྒྱུ་ཡིན”ཞེས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཧྥིན་གྱིས་དེ་ལྟར་བཤད།

“ཡུས་ཧྲུའུ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་གནས་ཤིག་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡང་ཡིན་པས། གནས་འདིའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བར་སྐུལ་འདེད་བཏང་སྟེ། ཡུས་ཧྲུའུ་ས་ཆའི་མི་རིགས་སོ་སོའི་མང་ཚོགས་ལ་ཕན་ཚུན་རོགས་རེས་དང་བརྩེ་སེམས་ཟབ་མོ་ལྡན་པའི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་བསྐྲུན་རྒྱུ་ཡིན”ཞེས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚེ་མིན་གྱིས་དེ་ལྟར་བཤད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་པོ་ཡིས་བཤད་རྒྱུར། “ཏང་གིས་གསོ་སྐྱོང་ལོ་མང་པོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་རང་ཉིད་ཀྱི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་གསལ་པོར་རྟོགས་བྱུང་། དུས་རབས་གསར་པ་དང་བླང་བྱ་གསར་པའི་འོག ངས་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་རོགས་བྱས་ཏེ། རིགས་སོ་སོའི་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་དང་ཡར་ཐོན་བརྩོན་པ། མཉམ་དུ་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།