མོན་པ་དང་ལྷོ་པ་མི་རིགས་ཀྱི་འཚོ་བ་གསར་བ།
2021.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

“ཕ་ཡུལ་གྱི་ལྷིང་འཇགས་གྲོག་རོང་དང་ཉི་ཟེར་ལྷན་དུ་འཛོམས་བྱུང་།”ཉི་མ་ནུབ་ལ་ཉེ་བའི་དུས་སུ། མོན་པ་རིགས་ཀྱི་སྡེ་མི་བཟང་མོ་ཡིས་ཡུལ་སྐོར་བ་རྣམས་མགྲོན་ཁང་དུ་བཀོད་སྒྲིག་བྱས་རྗེས། སྲོལ་རྒྱུན་མི་རིགས་གྱོན་ཆས་གྱོན་ཏེ་མ་མ་སྡེ་བའི་མི་རིགས་གླུ་གར་འཁྲབ་སྟོན་པའི་གྲས་སུ་ཞུགས་ནས་མེ་ཕུང་གི་མཐའ་སྐོར་ཏེ་མོན་པ་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་མངོན་པར་བྱས།

རང་རྒྱལ་གྱི་ཧི་མ་ལ་ཡའི་རི་ཁུལ་དུ་འཚོ་སྡོད་བྱས་ཡོད་པའི་མོན་པ་དང་ལྷོ་པ་རིགས་ཀྱི་མི་གྲངས་ཅུང་ཉུང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་སྔོན་ལ། ཁོ་ཚོས་གདོད་མིའི་རྔོན་པའི་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པར་མ་ཟད། ད་དུང་གདོད་མའི་སྡེ་བའི་ཚོགས་པའི་རྩ་འཛུགས་དང་གདོད་མའི་ཚོ་བའི་འཚོ་བ་སྐྱེལ་བཞིན་ཡོད་པས། བཀས་བཀོད་ཞིང་བྲན་བདག་པོས“མི་གཏུམ་པོ་”ཅེས་མཐོང་ཆུང་བྱེད་བཞིན་ཡོད།

ད་ལོ་ལོ་ན89ལ་སོན་པའི་འབུམ་ཤོག་བཅོ་བརྒྱད་པའི་འཐབ་མོ་བ་རྒན་པ་ཅི་བུན་ཀྲིན་1954ལོར་མེ་ཏོག་རྫོང་དུ་བྱ་བ་སྒྲུབ་པར་ཡོང་། ཁོང་གིས་པར་ཆས་ལ་བརྟེན་ནས་སྣང་ཚུལ་ཞིག་ཟིན་ཐོར་བཀོད་ཡོད་པ་སྟེ། ངོ་གདོང་སྨུག་པོར་གྱུར་བའི་དོ་པ་མགོན་པོ་ཡིས “རྫོང་དཔོན” གྲགས་པ་དོན་གྲུབ་རྒྱབ་དུ་ཁུར་ནས། ཤིང་ཐུར་གྱི་ལག་རྟེན་ལ་ཁེན་ནས་ཤུགས་གང་ཡོད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད། གྲགས་པ་དོན་གྲུབ་ཀྱི་རྐང་བ་ས་ལ་ཐུག་བཞིན་མེད་ཀྱང་ད་དུང་དལ་མོ་ཡིན་པར་འདོད་དེ་མགོན་པོ་ལ་གཤེ་གཤེ་བཏང་།

“ནགས་ཚལ་ནང་གི་ཁལ་ལམ་ནི་མོན་པ་རིགས་ཀྱི་དོ་པ་ཡིས་རྐང་པ་གཉིས་སྤོས་ནས་ཡོང་བའི་འདམ་རྫབ་ཅིག་ཡིན་པ་དང་། འདམ་རྫབ་ནང་དུ་དོ་པ་དག་གི་རྔུལ་ཁྲག་དང་མིག་ཆུ་འདྲེས་ཡོད། ” མེ་ཏོག་རྫོང་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཅི་བུན་ཀྲིན་གྱིས་མོན་པ་རིགས་ཀྱིས་དོ་པ་ཚང་མ་ཕྱུགས་ཟོག་དང་འདྲ་བར་ཞིང་བྲན་བདག་པོ་འཁུར་ནས་གངས་རི་བརྒལ་བ་དང་། དྲག་ཏུ་འཕྱོ་བའི་རྦབ་ཆུ། ནགས་ཚལ་སྟུག་པོ་སོགས་བརྒྱུད་དེ“མིས་མི་འཁུར་བའི”རྣམ་པ་དངོས་སུ་མིག་གིས་མཐོང་མྱོང་།

1988ལོར་ཅི་བུན་ཀྲིན་སླར་ཡང་མེ་ཏོག་རྫོང་དུ་ལོག་ནས་སྐབས་དེ་དུས་ཀྱི་དོ་པ་མགོན་པོ་བཙལ་ནས་རང་ཉིད་ཀྱིས་བླངས་པའི་པར་དེ་ཁོ་ལ་བྱིན། མགོན་པོ་ཡིས་ལག་པ་གཉིས་ཀྱིས་པར་དེ་བཟུང་ནས་ཡུན་རིང་ཅེར་རྗེས་མིག་ལ་མཆི་མ་འཁོར་ནས་ཅི་བུན་ཀྲིན་ལ་བཤད་རྒྱུར། སྔོན་ཆད་ཀྱི་དཀའ་སྡུག་གི་འཚོ་བ་བརྗེད་མི་རུང་།  མི་རབས་རྗེས་མར་བོད་ལྗོངས་རྙིང་བ་ནི་ཅི་ལྟ་བུ་ཞིག་ཡིན་པ་མཐོང་དུ་འཇུག་དགོས་ཟེར།

1959ལོར་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་པས་མོན་པ་དང་ལྷོ་པ་རིགས་རྣམས་བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་མཉམ་དུ་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་འཚོ་བ་གསར་བ་ཐོབ་ཡོད། ཏང་དང་སྲིད་གཞུང་གིས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་དང་བབ་བསྟུན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་མོན་པ་དང་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མགྱོགས་མྱུར་སྒོས་ལེགས་བཅོས་བྱུང་དུ་བཅུག་ཡོད།

བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་ཀྱི་མེ་ཏོག་རྫོང་ནི་རང་རྒྱལ་གྱི་མོན་པ་དང་ལྷོ་པ་རིགས་ཀྱི་འདུས་སྡོད་ཁུལ་ཆེ་ཤོས་དེ་རེད། ཧི་མ་ལ་ཡའི་གས་སྲུབས་ས་རྒྱུད་དུ་གནས་པའི་དབང་གིས་ས་ཡོམ་དང་། གངས་ཉིལ་བ། རི་ཉིལ་བ། འདམ་ཟགས་བཞུར་བ་སོགས་ཀྱི་རང་བྱུང་གནོད་འཚེ་མང་པོ་འབྱུང་བཞིན་ཡོད། དེའི་སྟེང་ད་དུང་ཆར་འབབ་ཚད་མང་ཞིང་ནམ་ཟླར་བརླན་བཤེར་ལྡན་པས། མེ་ཏོག་རྫོང་ནི་དེ་སྔར་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་བྱས་མེད་པའི་རྫོང་ཁོ་ན་ཡིན་པ་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་ནང་ཏང་དང་སྲིད་གཞུང་གིས་ཐེངས་མང་པོར་ལས་ཀའི་མགོ་བརྩམས་པ་བརྒྱུད2013ལོར་ད་གཟོད་མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་བྱེད་ཐུབ་པ་བྱུང་།

ད་ལོའི་ཟླ་ལྔ་བར་མེ་ཏོག་རྫོང་དུ་ཐོན་པའི་འགྲིམ་འགྲུལ་གཞུང་ལམ་གཉིས་པ་ཡོངས་སུ་ཤར་གཏོང་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་གྱི་ལམ་ཐག་དེ་སྔོན་གྱི་སྤྱི་ལེ346ནས་སྤྱི་ལེ180བར་ཇེ་ཐུང་དུ་བཏང་བ་དང་། དུས་ཚོད་བརྒྱད་ཡས་མས་ཇེ་ཐུང་དུ་བཏང་། མིག་སྔར། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བརྒྱད་དང་། སྲིད་འཛིན་སྡེ་བ་ཞེ་དྲུག་ཡོངས་སུ་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཀྱི་རོགས་སྐྱོར་ཤུགས་ཚད་དང་རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་ལ་བརྟེན་ནས་སྔོན་ཆད་ཀྱི“བགྲོད་ལམ་མི་བདེ་བ་དང་། གློག་མེད་པ། ཁ་པར་བརྡ་རྟགས་མེད་པའི”མོན་པ་དང་ལྷོ་པའི་རི་ཁུལ་གྱི་སྡེ་བ་དེ་ད་ལྟ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་ཞིག་ཏུ་གྱུར་ཡོད་པ་རེད།

བཟང་མོ་སྡོད་སའི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་རོང་ནི་རང་རྒྱལ་གྱི་མོན་པ་རིགས་འདུས་སྡོད་བྱེད་ས་ཞིག་ཡིན་པ་དང་། གནས་འདི་རུ་མོན་པ་མི་རིགས་ཡུལ་ཚོ་བཞི་ཡོད། 2015ལོར། མ་མ་སྡེ་བའི་འབྱོར་འབྲིང་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱས་ནས་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་རེ་གཉིས་ཀྱི་མང་ཚོགས་སྡོད་ཁང་གསར་བའི་ནང་གནས་སྤར། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་སོང་བ་དང་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་བཟང་མོས་ཁང་བ་གསར་བ་གྱན་གསུམ་ཕུབ་ཡོད་པ་དེ་ཁྱིམ་ཚང་མགྲོན་ཁང་བྱས་པ་དང་། ད་ལོའི་ཟླ་བཞི་བ་ནས་ཟླ་བཅུ་བའི་བར་དུ། ཕྱོགས་བཞིའི་མགྲོན་པོ་སྣེ་ལེན་བྱས་པ་དང་ན་ནིང་གི་ཡོང་སྒོ་སྒོར་མོ་ཁྲི་དྲུག་ལྷག་ལ་སླེབས།

ལེགས་པོ་རོང་དུ་བསྐྱོད་པ་ན། མོན་པ་རིགས་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་བརྩེགས་བཞི་ཅན་གྱི་ཁང་བ་བསྟར་ཕྲེང་བསྒྲིགས་ཡོད་པ་དང་། སྡེ་བའི་ལམ་གཙང་ཞིང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་བཞིན་ཡོད་པ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོང་བ་ཤིན་ཏུ་མགྱོགས། མ་མ་མོན་པ་མི་རིགས་ཡུལ་ཚོའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲའོ་ཧིན་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར། མ་མ་སྡེ་བར་ཁྱིམ་ཚང་བརྒྱ་དང་དྲུག་ཡོད་པའི་མང་ཚོགས་ཁྲོད་ཁྱིམ་ཚང་གྱ་བཞིས་ཁྱིམ་ཚང་མགྲོན་ཁང་ཕྱེས་ཡོད་པ་དང་། ཁྱིམ་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་བཞི་ཙམ་ཡོད་པ་རེད།

འཚོ་བའི་ཆ་རྐྱེན་ཤུགས་ཆེན་པོས་ལེགས་བཅོས་བྱས་པའི་དུས་མཚུངས་སུ། ཐོན་ལས་འཕེལ་རྒྱས་དེ་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་། མེ་ཏོག་རྫོང་གི་ཆ་སྙོམས་མཚོ་འཕང་ལ་མུས་སྟོང་གཅིག་དང་ཉིས་བརྒྱ་ཡོད་པ་དང་། དུས་རྒྱུན་སྨུག་པ་འཐིབས་ཡོད་པ་དང་། མཁའ་དབུགས་ཧ་ཅང་གཙང་ཞིང་། སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་ལ། སྤུས་ལེགས་ཀྱི་ཇ་ཡི་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་རེད། 2014ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ཆེད་མངགས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ནས་མེ་ཏོག་རྫོང་གི་གདོད་མའི་སྐྱེ་ཁམས་སྐྱེ་ལྡན་ཇ་ཞིང་ནུས་ཤུགས་ཡོད་རྒུས་སྐྲུན། མིག་སྔར།  ་རི་མགོ་རུ་ཚད་གཞི་མཐོ་བའི་ཇ་ཞིང་དགུ་བཅུ་སྐྲུན་ཡོད་པ་དང་། རྒྱ་ཁྱོན་མུའུ་ཁྲི་གཉིས་དང་སྟོང་ལྔ་དགུ་བརྒྱ་ལྷག་ཙམ་ཟིན་ཞིང་། 2015ལོ་ནས་བཟུང་། སྐོར་ཁག་དང་པོར་ཇ་ལོ་འཐུས་པ་ནས་སྡོམ་པས་ཇ་སྟོང་ཁེ་འབུམ་གསུམ་དང་ཁྲི་གཅིག་ལྷག་འཐུས་པ་དང་། རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཁྲི་གཅིག་ཙམ་ལ་ཡོང་སྒོ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་བཞི་ཁྲི་གཉིས་ལྷག་སྐྲུན་ཡོད་པ་རེད།

སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཡུལ་ཚོ་ནི་ལྷོ་པ་རིགས་ཀྱི་འདུས་སྡོད་ཁུལ་གལ་ཆེན་ཞིག་ཡིན་པ་དང་། དེ་རུ་གདོད་མའི་ནགས་ཚལ་མཛེས་ལྗོངས་ལ་ལྟ་ས་དང་ལྷོ་པའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྲོལ་སོགས་ཡུལ་སྐོར་ཐོན་ཁུངས་ཡོད། སྲིད་གཞུང་སྡེ་ཁག་གིས་ཁྱུང་གླིང་སྡེ་བ་སོགས་ཁོངས་གཏོགས་སྡེ་བ་གསུམ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། ཧུར་ཐག་གི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བར་མ་ཟད་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད་པ་རེད། མིག་སྔར། ཁྱུང་གླིང་སྡེ་བས་གནས་ཡུལ་ལུང་བའི་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཉོ་ཚོང་བྱེད་སའི་ཚོ་ཆུང་བཞི་བཙུགས་པ་དང་། སྡེ་བའི་ནང་གི་བུད་མེད་ཞེ་བདུན་གྱིས་གྲུབ་པའི“ལྷོ་པའི་འཁེལ་འཐག་རོང་འབྲོག་པའི་མཉམ་ལས་ཁང”བཙུགས་ཏེ། ཡོང་སྒོ་མུ་མཐུད་དུ་བརྟན་འཇགས་ཀྱིས་འཕར་བར་ཁག་ཐེག་བྱས། 2020ལོར་ཁྱུང་གླིང་སྡེ་བའི་ཐུན་མོང་དཔལ་འབྱོར་སྤྱིའི་ཡོང་སྒོ་སྒོར་མོ་ས་ཡ་ལྔ་དང་འབུམ་ལྔར་སླེབས་པ་དང་། མི་རེར་ཆ་སྙོམས་བགོས་ཆོག་པའི་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་ལྔར་སླེབས།

ད་ལོ་ལོ་ན་ཞེ་དྲུག་ལ་སླེབས་པའི་ཁྱུང་གླིང་སྡེ་བའི་སྡེ་མི་དར་རྒྱས་ནི་ལྷོ་པ་རིགས་ཀྱི་རྔོན་པའི་རྗེས་རབས་པ་ཞིག་རེད། ལོ་ཉི་ཤུ་ཡི་སྔོན་ལ། ཁོས་མདའ་གཞི་བསྐྱུར་ནས་ནགས་ཚལ་སྲུང་སྐྱོབ་མཁན་བྱས་པ་དང་། ད་དུང་ལོ་འདི་གཉིས་ཀྱི་རིང་ལ་ཁོས་ཕག་གསོས་པ་དང་། མིག་སྔའི་བར་ཕག་བརྒྱ་ལྷག་གསོ་ཁ་ནས་བུད་ཡོད། ན་ནིང་ཁོས་ཡུལ་སྐོར་མགྲོན་ཁང་དང་། ཟ་ཁང་སོགས་ལ་ཉོ་ཚོང་གི་གན་རྒྱ་བཞག་པ་དང་། ཕག་ལྔ་བཅུ་ཡིས་ཡོང་སྒོ་སྒོར་མོ་ཁྲི་དགུ་ལྷག་སྐྲུན་ཏེ། འབྱོར་འབྲིང་གི་འཚོ་བ་རོལ་ཐུབ་པ་བྱུང་།

ལོ་ངོ་བདུན་ཅུའི་དུས་ཡུན་ནང་། མོན་པ་དང་ལྷོ་པ་རིགས་ཀྱི་བུ་བུ་མོར་བདེ་སྐྱིད་ཀྱི་འཚོ་བ་གསར་བ་ཐོབ།

པད་མ་ཆོས་སྒྲོན་དང་བཀྲ་ཤིས་དབྱངས་ཅན་གཉིས་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྐྱོད་དེ་མི་དམངས་རང་ཁྱིམ་རང་བདག་གི་དབང་ཆ་སྤྱད་དེ། ལྷད་མེད་བབ་ཆགས་ཀྱི་སྒོ་ནས་རང་མི་རིགས་ཀྱི་འཕེལ་རྒྱས་དང་འཚམ་པའི་གྲོས་འགོ་བཏོན། ཁོ་ཚོས“མོན་པ་དང་ལྷོ་པ་རིགས་ཀྱིས་འཚོ་བ་གསར་བ་བསུས་ཡོང་བ་དང་། དེ་ནི་རྒན་རབས་པས་སེམས་ལའང་དྲན་མ་མྱོང་བའི་དོན་ཞིག་ཡིན་པ་དང་། འདི་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འོག་གཞི་ནས་མངོན་འགྱུར་བྱེད་ཐུབ་པ་བྱུང་བ་རེད”ཅེས་མྱོང་ཚོར་ཟབ་མོས་སྒོ་ནས་བཤད།

ལོ་ཙཱ། ཚེ་རིང་སྒྲོལ་མ།