གངས་རིའི་རོང་འབྲོག་ཀུང་སིས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད་པ།
2021.09.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

ཕྱོགས་བཞི་རི་བོས་བསྐོར་ཞིང་ཁོ་ཆུ་སྔོན་མོ་ལྷུང་ལྷུང་འབབ་པའི་འགྲམ་རྒྱུད་དུ་ཆགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་མང་ཚོགས་རྣམས་ཀྱིས་སྔོན་ཆད་ཕྱུགས་ཟོག་འཚོ་སྐྱོང་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ཀྱང་། ད་ལྟ་དེ་ཙམ་མ་ཡིན་པར་ཁེ་ལས་དང་མཉམ་འབྲེལ་གྱིས་ཕྱུག་འགྱུར་གྱི་བགྲོད་ལམ་གསར་པའི་སྟེང་སྐྱོད་བཞིན་ཡོད།

རྐྱང་ཆད་ཡུལ་ཚོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་། རྒྱུན་མཐུད་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་སྔོན་འགྲོ་བྱས་ཏེ། སྣེ་ཁྲིད་ཁེ་ལས་ལེགས་པོར་འཛིན་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་ཇེ་ཆེར་གཏོང་བཞིན་ཡོད། གངས་རིའི་རོང་འབྲོག་ཀུང་ཟིས་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱས་ཏེ། ཆུ་ནག་དང་ཤེས་ལུང་། ལུང་སྐྱིད། ཡག་ཆེན་སྡེ་བ་བཅས་ཀྱི་མཉམ་ལས་ཁང་བཞི་ལ་སྣེ་ཁྲིད་འཁོར་སྐྱོད་བྱེད་དུ་བཅུག་པ་དང་། “ཏང་འཛུགས་དང་། ཁེ་ལས། མཉམ་ལས་ཁང་། འབྲོག་ཁྱིམ”བཅས་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། འབྲོག་ལས་ཐད་ལ་སྔ་ན་མེད་པའི་ཕན་འབྲས་བྱུང་བ་དང་། འབྲོག་ཁུལ་ལྗང་མདོག་ཏུ་གྱུར་བ། འབྲོག་དམངས་ཀྱི་ཡོང་སྒོ་འཕར་བ་བཅས“འཕར་བ་གསུམ”གྱི་ཕན་འབྲས་ལྡན་པར་གྱུར།

དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་རུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་གངས་རིའི་རོང་འབྲོག་ལས་དོན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི2017ལོའི་ཟླ9པར་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་གསར་སྤེལ་ཁུལ་དུ་མ་དངུལ་བཏང་སྟེ་བཙུགས་པ་ཞིག་རེད། ཀུང་སི་འདིས་ད་སྔ་བཏང་ཟིན་པའི་འཁོར་རྒྱུག་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ལྷག་ལ་སླེབས་པ་དང་། ས་ཁྱོན་ལ་མུའུ་ཉིས་བརྒྱ་དང་དོན་ལྔ་ཡོད་པ་དང་།  ཀུང་ཟི་དེ་ནི་ཚན་རྩལ་གསར་སྤེལ་དང་། ཞིང་ལས་འདེབས་འཛུགས། རྩྭ་འདེབས་པ། ཕྱུགས་ལས་གསོ་སྤེལ་དང་། དེ་མིན་ནོར་ལུག་གི་ཤ་ལས་སྣོན་དང་ཐོན་སྐྱེད་བྱེད་པ། སྐྱེ་ལྡན་ལུད་རྫས་ལས་སྣོན་སོགས་ལས་ཀ་སྣ་ཚོགས་སྒྲུབ་བཞིན་པའི་ཚན་རྩལ་ཀུང་སི་ཞིག་རེད། ཀུང་སི་དེས་ཏང་འཛུགས་དང་ཁེ་ལས་དང་མཉམ་ལས་ཁང་དང་འབྲོག་ཁྱིམ་བཅས་བྱེད་ཐབས་བཞི་ཡི་ལམ་ནས་ས་གནས་ཀྱི་འབྲོག་པ་མང་ཚོགས་སྔར་ལས་འབྱོར་ཕྱུག་གི་ལམ་དུ་ཁྲིད་བཞིན་ཡོད།

2016ལོར་དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བའི་ཚུན་ལ། སྔ་གཞུག་ཏུ་སྡེ་བ་བཞི་ཡི་དབུལ་སྐྱོར་ཐོན་ལས་ཁྱིམ་ཚང་དུ་སླེབས་པའི་མ་དངུལ་སྒོར་མོ་ས་ཡ་བཞི་དང་འབུམ་གཅིག་ཁྲི་བདུན་ཁེ་ལས་ཀྱི་མ་རྐང་ནང་བཞག་སྟེ་ལོ་རེར་མ་དངུལ་སྒོར་མོ་ཁྲི་གསུམ་དང་སྟོང་ལྔ་ལྟར་བགོ་བཤའ་བརྒྱབ། ཁེ་ལས་སྟེགས་བུ་བྱས་ཏེ། ངལ་རྩོལ་པ་ཕྱིར་གཏོང་བར་ཤུགས་སྣོན་བརྒྱབ་པ་དང་། ཉེ་བའི་ལོ་གསུམ་གྱི་རིང་ལ་སྡེ་བ་བཞི་ཡི་དབུལ་ཁྱིམ་ལ་ཁ་གཏད་ནས་སྔ་གཞུག་ཏུ་ངལ་རྩོལ་པ་མི་ཉིས་བརྒྱ་དང་སུམ་ཅུ་ལྷག་ཕྱིར་གཏོང་བྱས་ཤིང་། ཁྱོན་བསྡོམས་ཡོང་འབབ་སྒོར་མོ་ས་ཡ་ལྔ་དང་འབུམ་བདུན་བླངས། ཁུལ་ཡོངས་ཀྱི་སྐྱེ་ལྡན་ས་མུའུ་ཁྲི་ཡི་གཟན་རྩྭའི་རྟེན་གཞི་འཛུགས་ཆེད། ཡུལ་ཚོ་ཡོངས་ཀྱི་ས་ནག་ཐང་ལ་ལེགས་བཅོས་ནུས་ལྡན་བྱས་པ་དང་། སྲིད་གཞུང་གིས་བཅོས་སྐྱོང་དང་། མཉམ་ལས་ཁང་གིས་དོ་དམ། ཁེ་ལས་ཀྱིས་བདག་གཉེར་བྱེད་པའི་རྣམ་པ་སྤྱད་དེ། ལོ་རེའི་ཕན་འབྲས་བྱུང་ཚད་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་དྲུག་ལ་སླེབས་པ་དང་། ས་ཞིང་འཁོར་རྒྱུག་ཕན་འབྲས་ཀྱིས་ལོ་རེར་མང་ཚོགས་ཀྱི་ཡོང་སྒོ་སྒོར་མོ་འབུམ་གསུམ་ཇེ་མཐོར་གཏོང་ཐུབ། རིན་གོང་ཐག་གཅོད་ཀྱིས་མ་རྐང་དུ་ཞུགས་པ་དེས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་བྱས། ཤེས་ལུང་སྡེ་བའི་བཞོན་མ་ཉིས་བརྒྱ་རིན་གོང་ཐག་གཅོད་ཀྱིས་གངས་རིའི་རོང་འབྲོག་ཀུང་སིར་བཞག་པ་དང་། སྡེ་བ་བཞི་ཡི་མཉམ་ལས་ཁང་དང་རྫོང་རིམ་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ཁེ་ལས་ལ་མ་བཅོས་རྒྱུ་ཆ་མཁོ་སྤྲོད་དང་། གངས་རིའི་རོང་འབྲོག་ཀུང་ཟི་སྟེགས་བུ་བྱས་ཏེ། ཤ་རིགས་ཐོན་རྫས་ཀྱི་ཐོན་སྐྱེད་ཇེ་ཆེར་བཏང་བ་དང་། ཕྱུགས་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་བཏང་།

གངས་རིའི་རོང་འབྲོག་ཀུང་སིས་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དག་ལས་ངལ་རྩོལ་ནུས་པ་ཡོད་པའི་མི་རྣམས་ཀུང་སིའི་ལས་མིའི་ནང་བསྡུ་ལེན་བྱས་ཏེ། སྐྱེ་ལྡན་ལུད་རྫས་ལས་སྣོན་དང་ཀུང་སི་ལ་དབང་བའི་ནོར་ལུག་འཚོ་བ་སོགས་ཀྱི་ལས་ཀ་གཉེར་བར་མ་ཟད། ཀུང་སིའི་ར་སྐོར་གཙང་སྦྲ་བྱེད་མཁན་ཡང་ས་དེའི་མང་ཚོགས་རེད།

ཏང་ཡོན་རྒན་པ་བསོད་རྒྱལ་ལ་མཚོན་ན། རྐྱང་ཆད་ཡུལ་དུ་ལོ་གང་མང་ལ་བྱ་བ་བསྒྲུབས་མྱོང་མཁན་ཞིག་ཡིན་ལ། ལས་འཁྱུར་ངལ་གསོ་བྱས་རྗེས། སླར་ཡང་གངས་རིའི་རོང་འབྲོག་ཀུང་སིའི་ནང་གདན་འདྲེན་ཞུས་ཏེ་བཟོ་གྲྭའི་མགོ་བའི་འགན་འཁུར་དུ་བཅུག ཁོས་ཀུང་སིའི་མགོ་བའི་འགན་ཁུར་པ་ནས་བཟུང་། རང་ནུས་ཅི་ལྕོགས་ཀྱིས་ས་གནས་མང་ཚོགས་ལ་སྲིད་ཇུས་དྲིལ་སྒྲོག་དང་། ཀུང་སིའི་ནང་ལས་མི་འཚོལ་བ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། ཁོས་བཤད་རྒྱུར། སྔོན་ཆད་ང་ཚོ་ཡུལ་ཚོ་འདིའི་མང་ཚོགས་ཚང་མའི་ཡོང་སྒོ་སྣ་གཅིག་ཡིན་པ་དང་། ཐོན་སྐྱེད་བྱེད་སྟངས་ཀྱང་སྣ་གཅིག་རང་བཞིན་ཅན་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱས་པར་བརྟེན་ནས་ཁོ་ཚོའི་བསམ་བློར་ཡང་འགྱུར་ལྡོག་ཆེན་པོ་བྱུང་སྟེ། བཟའ་མི་གང་པོ་རང་གི་སྒོ་ཕྱུགས་གསོ་བ་ཙམ་ལ་བརྟེན་ནས་མི་འདུག་པར་ངལ་རྩོལ་ནུས་པ་ཡོད་མཁན་ཚོ་ས་གང་དུ་སོང་ནས་ཡོང་སྒོ་འཚོལ་ཐུབ་ན་དེ་རུ་འགྲོ་བཞིན་འདུག ད་ལྟ་ང་ཚོའི་བཟོ་གྲྭའི་ནང་དུའང་ལས་མི་ཉི་ཤུ་ལྷག་གིས་ཀུང་སིའི་ནང་ལས་ཀ་སྒྲུབ་ཀྱིན་ཡོད་ལ། ཁོ་ཚོ་ཉི་མ་རེ་རེར་ལས་ཀར་ཡོང་ཐུབ་ན་ཟླ་གཅིག་ལ་སྒོར་མོ་སྟོང་བཞི་དང་ལྔ་བརྒྱའི་ཟླ་ཕོགས་སྟེར་བཞིན་ཡོད་པས། མི་མི་ཉུང་བ་ཞིག་གི་ལས་ཞུགས་གནད་དོན་ཐག་བཅད་ཡོད་ཟེར།

གསར་འགོད་པས་ཀུང་སིའི་བཟོ་ཁང་གི་ར་བའི་ཕྱི་རོལ་དུ་ན་གཞོན་ཞིག་གིས་ནོར་གནག་འགའ་དེད་ནས་འགྲོ་བཞིན་པ་མཐོང་། ཁོའི་སར་ནས་གནས་ཚུལ་ལ་རྒྱུས་ལོན་བྱུང་བ་ལྟར་ན། ཁོ་ཡང་གངས་རི་རོང་འབྲོག་ཀུང་ཟིའི་ལས་མི་ཞིག་ཡིན་ཞིང་། མིང་ལ་ཀེ་ཐོ་ཟེར། ཁོས་བཤད་རྒྱུར། དེ་རིང་ཁོམ་པ་ཡོད་པས་ཀུང་སིའི་ནོར་གནག་དག་རྩྭ་ཁར་གཏོང་བཞིན་ཡོད་པ་མ་གཏོགས་ནོར་རྫི་མིན། ང་རང་ཀུང་ཟིའི་བཟོ་གྲྭའི་ནང་གི་སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་མཁན་ཞིག་ཡིན། ཉིན་རེར་སྒོར་མོ་བརྒྱ་དང་ལྔ་བཅུ་རེ་ལེན་ཐུབ་ལ། ཟླ་གཅིག་ལ་སྒོར་མོ་སྟོང་བཞི་དང་ལྔ་བརྒྱ་བཙལ་ཐུབ། སྔོན་ཆད་སློབ་གྲྭར་འགྲོ་མ་ཐུབ་ཀྱང་། ད་ལྟ་ཕ་ཡུལ་ནས་ཡོང་སྒོ་འཚོལ་ས་ཞིག་རྙེད་ཡོད་པ་དང་། ངའི་ཆུང་མས་ཀྱང་བཟོ་གྲྭའི་ནང་དུ་ལས་ཀ་ལས་བཞིན་ཡོད་ལ། ཟླ་རེའི་ཟླ་ཕོགས་ལ་སྒོར་མོ་སྟོང་གཉིས་ཡོད་པས་ཀུང་སི་འདིས་ངེད་ཚང་ལ་ཡོང་སྒོ་མང་པོ་བསྐྲུན་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།