མེས་རྒྱལ་གྱི་མཐའ་མཚམས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།
2021.09.24 ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀློག་གྲངས། 18

རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་བརླིང་ཡོང་བ་བྱེད་དགོས། མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ནི་བོད་ལྗོངས་ཀྱི“དོན་ཆེན་བཞིའི”གྲས་ཤིག་ཡིན་ལ། “རྒྱལ་ཁབ་ཀྱི་དོན་ཆེན”ཡང་ཡིན་པས། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཟླ་བདུན་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་སོ་སོའི་མང་ཚོགས་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པར་སྐུལ་ལྕག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

མངགས་བཅོལ་ཟབ་མོ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་ཐད་ཐུགས་རེ་ཟབ་མོ་བཅངས་ཡོད། བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་བྱུང་།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་ང་ཚོར་སྐུལ་ལྕག་ཚད་མེད་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། མཐའ་མཚམས་ཀྱི་ལས་ཡུལ་དང་པོའི་སྡེ་མི་ཚང་མའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་སྤྲོ་སེམས་ཀྱང་འཕེལ་བས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོབ་ཡག་པོ་བྱེད་ཀྱི་ཡིན”ཞེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དངོས་གྲུབ་ཀྱིས་དེ་ལྟར་བརྗོད་བྱུང་།

བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་གནང་བ་མ་ཟད་དམངས་ཕྱུག་མཐའ་སྟོབས་ལ་འཐབ་འགོད་ཇུས་འདོན་གནང་བ་དང་། བོད་ལྗོངས་ཀྱི་མཐའ་མཚམས་བདེ་འཇགས་དང་མཐའ་མཚམས་འཛུགས་སྐྲུན་སྐོར་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྲིད་ཇུས་གལ་ཆེན་རབ་དང་རིམ་པ་དང་གཙོ་གནད་རྣམ་གྲངས་རབ་དང་རིམ་པ་བཀོད་སྒྲིག་གནང་སྟེ། བོད་སྐྱོང་བོད་བརྟན་བོད་དར་གྱི་བྱ་གཞག་ཐད་རྒྱུན་མི་ཆད་པར་ལེའུ་གསར་པ་དང་འགོ་གསར་པ་རྩོམ་རྒྱུར་སྣེ་ཁྲིད་གནང་ཡོད་པས། ང་ཚོས་དུས་རབས་གསར་པའི་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་མ་ཟད་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་བསྣན་ཡོད།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གིས་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་ཏེ་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། མཐའ་མཚམས་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ཧུར་ཐག་བྱས་པས་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད།

རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད། རྒྱལ་མཚམས་ཀྱི་བདེ་འཇགས་མེད་ན། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་མེད། བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སྐལ་བཟང་མེ་ཏོག་ལྟར་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱས་ཡོད།

ནེ་པ་ལ་དང་འབྲེལ་ཡོད་པའི་གཞིས་ཀ་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཡུལ་ཚོའི་ཆ་སྙོམས་མཚོ་འཕང་སྨིན་ལྔ་སྟོང་ཡན་ཡིན་པ་དང་།  དེ་གར་བཅའ་སྡོད་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཚོས“དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ་དང་། དབྱང་དབུགས་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ། ལམ་ཐག་སྤྱི་ལེ་བརྒྱ་དང་ལྔ་ཡོད་པའི་མཐའ་མཚམས་ལམ་ཐིག་དང་སྤྱི་ལེ་ངོས་སྙོམས་གྲུ་བཞི་སུམ་སྟོང་སུམ་བརྒྱ་བདུན་ཅུ་ཡི་མཐའ་མཚམས་དོ་དམ་ས་ཁུལ་བརྟན་སྲུང་བྱས་ཡོད།

མཐའ་མཚམས་ལམ་ཐག་རིང་བ་དང་ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཁྱོན་ཆེ་བས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་སྔར་ལས་ལེགས་པོ་བྱ་ཆེད། འཕྲང་སྒོ་ཡུལ་ཚོའི་མཐའ་སྲུང་མངགས་གཏོང་ཁང་གིས་འཕྲང་སྒོ་ཡུལ་ཚོའི་རོང་འབྲོག་པའི་མཉམ་འགོག་རུ་ཁག་བཙུགས་པ་རེད། དེའི་ཁྲོད་འཕྲང་སྒོ་ཡུལ་ཚོའི་འཕྲུལ་རྟའི་མཐའ་མཚམས་སྐོར་གཡེང་རུ་ཁག་ནི་མཉམ་འགོག་རུ་ཁག་གི་རུ་མི་དང་ཁྱིམ་ཚང་གཉིས་མཉམ་འབྲེལ་བྱས་པ་ལས་གྲུབ་པ་ཞིག་རེད། ཁོ་ཚོ་འཕྲུལ་རྟར་ཞོན་ནས་རི་མཐོའི་གྲོག་རོང་ཁྲོད་བསྐྱོད་དེ་མེས་རྒྱལ་གྱི་མཐའ་མཚམས་རྒྱུད་དུ་སྐོར་གཡེང་བྱེད་ཀྱིན་ཡོད།

མཉམ་འགོག་རུ་ཁག་ནང་ཞུགས་རྒྱུ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཏུ་གྱུར་ཡོད། མཉམ་འགོག་རུ་ཁག་ནང་ཞུགས་པའི་ཐོག་མའི་བསམ་ཚུལ་འདྲི་སྐབས་ས་གནས་དེ་གའི་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མཐའ་མཚམས་ཀྱི་ལས་ཡུལ་དང་པོའི་སྡེ་མི་ཞིག་ཡིན་པའི་ཆ་ནས་མཐའ་མཚམས་ཀྱི་ལས་ཡུལ་དང་པོའི་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོབ་བྱེད་པར་དོར་ཐབས་མེད་པའི་འགན་འཁྲི་ཡོད་ཅེས་མཉམ་གཅིག་ཏུ་བརྗོད་བྱུང་།

“མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ལ་སོགས་ཀྱང་ང་ཚོས་ཡག་པོ་བསྲུང་རྒྱུ་ཡིན།” བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བརྩོན་ལེན་བྱས་ཏེ། མེས་རྒྱལ་གྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ལག་ཏུ་དམ་པོར་འཛིན་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཁར། མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོབ་ཡག་པོ་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།