ཏང་གི་དྲིན་ལས་འབྱོར་འབྲིང་མངོན་འགྱུར་བྱུང་། འཛིན་མའི་ཁྱོན་དུ་ལོ་ལེགས་སྙེ་མས་གཏམས།
2021.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

རེ་སྒུག་གི་ཁྲོད་ཐེངས་བཞི་པའི་ཞིང་བའི་ལོ་ལེགས་དུས་ཆེན་གཞི་ནས་སླེབས་བྱུང་།

མཚོ་སྔོན་གྱི་ས་གཞི་ཆེན་མོར་རྒྱང་ལྟ་བྱས་ཚེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་བྱེ་ཐང་སྤང་ལྗོངས་བར་དང་། མཚོ་སྔོན་པོའི་འབབ་རྒྱུད་ནས་ཙོང་ཆུའི་འབབ་ཁུལ་བར་དུ། “ཏང་ལ་བཀའ་དྲིན་ཞུ་བ་དང་། ལོ་ལེགས་ཡོང་བར་རྟེན་འབྲེལ་ཞུ་བ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱ་འགུལ་ཐེངས་བཞི་པ་སྤེལ་འགོ་ཚུགས་པ་རེད།

སྣ་མང་ཕུན་སུམ་ཚོགས་པའི་ཞིང་ལས་འཕེལ་རྒྱས་ཀྱི་བསྟོད་བསྔགས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཞིང་ནང་དུ། འཕང་འབྲས་ཀྱི་འབྲས་བུ་དམར་ཐིང་ངེར་གནས་ཤིང་། མཐོང་ཚད་མི་ཟིན་པའི་འཕང་འབྲས་ཀྱི་འགྲམ་དུ་ཤིང་འབྲས་བཏོག་མཁན་གྱིས་བྱང་ཆ་ལྡན་པའི་སྒོ་ནས་འབྲས་བུ་བཏོག་བཞིན་ཡོད་པ་དང་། ལོ་གཅིག་གི་འཕང་འབྲས་བཏོག་པའི་དུས་སུ་སླེབས་ཡོད་པས། ཐོན་ལས་གླིང་ཧྲིལ་པོར་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

“ད་ལོའི་འཕང་འབྲས་ཀྱི་ཐོན་ཚད་བརྟན་པོ་ཡིན་པས་མུའུ་རེ་ནས་འཕང་འབྲས་སྤྱི་རྒྱ་བརྒྱ་ཐོན་ཐུབ་པ་དང་། སྤྱི་རྒྱ་རེའི་ཁྲོམ་རའི་རིན་གོང་ལྟར་བརྩིས་ཚེ་སྒོར་ང་གཉིས་ནས་ང་བཞིའི་བར་ཡིན་པས། འབྲས་བུ་ཐོན་པ་བལྟས་ཚོད་ཀྱིས་བཟང།” གླིང་ཁུལ་ནང་གི་འཕང་འབྲས་དམར་པོའི་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བ་ལིག་ཞིན་རུང་གིས་བཏོག་མ་ཐག་པའི་འཕང་འབྲས་གནས་དེར་སྐམ་ཡོད་པ་ལ་བལྟས་ནས་དེ་ལྟར་བཤད། ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་རིམས་ནད་ཀྱི་ཤུགས་རྐྱེན་འོག འཕང་འབྲས་བཏོག་པའི་དུས་སྐབས་ཀྱི་བཏོག་གླ་དང་སྐྱེལ་འདྲེན། ཕྱིར་འཚོང་སོགས་ཀྱི་མ་རྩ་དེ་སྔོན་ལས་མཐོ་རུ་གྱུར་ཡོད་མོད། འོན་ཀྱང་འཕང་འབྲས་ཀྱི་ཐོན་ཚད་བརྟན་པོ་ཡིན་པ་དང་རྟེན་གཞིའི་ཕན་འབྲས་སྤྱིའི་ཆ་ནས་བཤད་ན་དོ་སྙོམས་རེད།

ཉེ་འགྲམ་གྱི་འཕང་འབྲས་ཞིང་ནང་དུ་སོང་བ་ན། ཀན་སུའུ་ཐེན་ཧྲོས་ནས་ཡོང་བའི་འཕང་འབྲས་བཏོག་མཁན་ཀྲང་ཡིག་ཚའེ་དང་ལས་རོགས་ཚོས་འཕང་འབྲས་ཀྱི་ཞིང་ནང་དུ་མགོ་བོ་སྒུར་ནས་འཕང་འབྲས་བཏོག་བཞིན་འདུག་ལ། འཕང་འབྲས་ཡལ་གའི་སྟེང་ནས་འབྲུ་རྡོག་རེ་རེ་བཞིན་བཏོག་རྗེས་འགྱིག་སྣོད་དུ་འཇོག་པའི་རྣམ་པར་བལྟས་ན་ཧ་ཅང་བྱང་ཆ་ལྡན་པ་ཞིག་རེད། ཀྲང་ཡིག་ཚའེ་ཡིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད། ད་ལྟའི་དུས་ཚོད་འདི་ལྟ་བུར་རང་ཡུལ་དུ་སྐམ་ཐང་ངེར་གནས་པའི་ས་མུའུ་ཁ་ཤས་སྲུང་ནས་འདུག་བཞིན་ཡོད། ད་ལྟ་འདི་གར་ཡོང་ནས་འཕང་འབྲས་བཏོག་ན་ཉིན་རེར་ཡོང་འབབ་སྒོར་བརྒྱ་ལྷག་ཙམ་ལེན་ཐུབ་པ་མ་ཟད། བཏོག་པ་ཇི་ཙམ་མང་ན་ཡོང་སྒོ་དེ་ཙམ་གྱིས་ཇེ་མང་དུ་འགྲོ་བ་རེད་ཅེས་བཤད།

ལོ་ལེགས་བྱུང་བའི་དགའ་སྤྲོ།

ཞིང་ལས་སྟོབས་ཆེར་འགྲོ་བ་དང་གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོར་འགྱུར་བ།

ཟླ་མཆོད་དུས་ཆེན་གྱི་སྐབས་སུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་སྡེ་བ་བཅུ་དྲུག་གི་རོང་འབྲོག་མང་ཚོགས་བཙུན་མོ་དམར་ཡག་མའི་འདབས་སུ་འཛོམས་ནས། མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་སྐབས་དང་པོའི“ལོ་ལེགས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད”ཅེས་པའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱ་འགུལ་རབ་དང་རིམ་པར་ཞུགས་པ་རེད།

བྱ་འགུལ་སྤེལ་བའི་ཉིན་དེར། ཉམས་འགྱུར་ལྡན་པའི་མི་རིགས་ཀྱི་ཞབས་བྲོ་དང་སྙན་ཞིང་འཇེབས་པའི་གླུ་གཞས་ཀྱིས་མཁར་དམར་གྲོང་རྡལ་གྱི་ལོ་ལེགས་དུས་ཆེན་སྔར་ལས་གསོན་ཉམས་ལྡན་དུ་བཅུག ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་མཇུག་སྒྲིལ་རྗེས། ཚང་མ་ས་གནས་དེ་གའི་ཞིང་ལས་ཐོན་རྫས་འགྲེམས་སྟོན་ཁུལ་དུ་བསྐྱོད་ནས། ས་གནས་ཀྱི་ནས་དང་ལོག་དཀར། སྲན་མ། ཞོག་ཁོག སྨན་རྒྱུའི་སྔོ་ཚལ་སོགས་ལོ་ལེགས་བྱུང་བའི་ཞིང་ལས་ཐོན་རྫས་ལ་ལྟ་སྐོར་བྱས་པ་དང་། ཉིན་དེར་ཞིང་ལས་ཐོན་རྫས་རིགས་སུམ་ཅུ་ལྷག་ཙམ་འགྲེམས་སྟོན་ནང་དུ་ཞུགས།

“ཤུགས་རྒྱོབ། ཤུགས་རྒྱོབ།”ནས་ཀྱི་ཞིང་ནང་དུ་མང་ཚོགས་གྲལ་གཅིག་ཏུ་བསྒྲིགས་ནས་ཟོར་བ་གཡུག་བཞིན་ནས་ཀྱི་སྡོང་རྐང་རེ་རེ་བཅད་དེ་མགྱོགས་མྱུར་ངང་བསྡམ་བུ་རྒྱག་བཞིན་ཡོད་པ་དང་། འགྲམ་གྱི་ལྟད་མོ་བ་ཚོས་ཞིང་ནང་གི་ལོ་ཏོག་འབྲེག་མཁན་ཚོར་ངར་ཤུགས་སློང་རོགས་བྱས། ལོ་ཏོག་འབྲེག་མཁན་དྲུག་ཅུ་ལྷག་ཙམ་གྱིས་ཞིང་ནང་དུ་ནས་དང་རྩྭ་འབྲེག་རྒྱུ་འགྲན་བསྡུར་བྱས་པ་དང་། སྡེ་བ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་ཐག་འཐེན་ཚོགས་ཆུང་བཙུགས་ནས་ཐག་འཐེན་འགྲན་བསྡུར་བྱས། ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཤུགས་གཅིག་ཏུ་བརྒྱབ་ནས་ངར་ཤུགས་བསླང་བ་དང་། བྱ་དགའ་ལེན་སའི་སྟེགས་བུའི་ཐོག་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་སྒྲོག་ལ། ཞིང་གི་སྟར་ཁ་རེ་རེ་བཞིན་དུ་ལོ་ལེགས་བྱུང་ཡོད་པས། བྱ་འགུལ་དེར་དགའ་སྤྲོའི་རྣམ་པའི་ཁེངས་ཡོད།

“ད་ལྟ་འཕྲུལ་ཆས་གྱིས་ལོ་ཏོག་བསྡུ་བཞིན་ཡོད་པས། མིས་ཞིང་འབྲེག་པའི་སྣང་ཚུལ་ཧ་ཅང་ཉུང་། སྟོན་བསྡུའི་འགྲན་བསྡུར་ནང་ཞུགས་ཚེ་མང་ཚོགས་ཕྱུག་འགྱུར་གྱི་སྒུལ་ཤུགས་སྔར་ལས་འཕེལ་ཐུབ།”ལྷ་གདོང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་ཡོན་གྱིས་གདོང་ལ་འཛུམ་ཞིག་ལངས་ནས་བཤད་རྒྱུར། ཉིན་དེར་ཁོ་དང་སྡེ་བའི་ནང་གི་མི་བཅུ་གཉིས་ཐག་འཐེན་འགྲན་བསྡུར་ནང་ཞུགས་ནས་ཨང་དང་པོ་བླངས་པ་དང་། མི་ཚང་མར་སླ་ང་ཆེན་པོ་རེ་བྱིན་པས་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་དགའ་རྟགས་འཁྱེར་ནས་ཁྱིམ་དུ་ལོག་པ་ཡིན་ཞེས་བཤད།

“དེ་སྔོན་ལྟོ་བ་རྒྱགས་མིན་ལ་ལྟ་བ་དང་། ད་ལྟ་ཟས་རིགས་བཟང་མིན་བཤད་ཀྱིན་ཡོད། གང་ལྟར་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདུག” མིག་སྔའི་རྣམ་པར་བལྟས་ནས་སྡེ་མི་ཚོས་མྱོང་ཚོར་དེ་ལྟར་བརྗོད་བཞིན་ཡོད། མཁར་དམར་གྲོང་རྡལ་གྱི་ལོ་ལེགས་དུས་ཆེན་ཐོག་མི་རྣམས་ཀྱི་ཡིད་དབང་ཆེས་འཕྲོག་པ་ནི་མར་ལ་ཧོ་སྡེ་བའི་སྡེ་མི་མཱ་ཡུས་དབྱིན་གྱིས་ལས་པའི་ཟླ་མཆོད་བག་ལེབ་ཆེན་པོ་དེ་རེད། ཟླ་མཆོད་བག་ལེབ་ཀྱི་སྟེང་མདོག་སྣ་ཚོགས་ཀྱི་ཟས་རིགས་ཀྱིས་རྒྱན་སྤྲོས་ཡོད་པས། མང་ཚོགས་ཚང་མར་ཟ་འདོད་ཆེན་པོ་སྐྱེས་བཞིན་ཡོད།

ལོ་ལེགས་བྱུང་བའི་རྒྱུན་འཛིན།

--རྨོ་སློབ་གཉིས་འཛོམས་ཁྱིམ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ།

རོང་འབྲོག་མང་ཚོགས་ཀྱིས་དུས་གཅིག་ཏུ་གསེར་མདོག་ཅན་གྱི་ཞིང་ནང་དུ་འདེབས་གསོ་བྱས་པའི་ལོ་ལེགས་ཀྱི་སྟོན་མོ་གཤམ་སྐབས། རྒྱ་ཆེའི་མང་ཚོགས་དང་མཉམ་དུ་སྡེ་བའི་རྒྱབ་མདུན་གང་སར་འབྲས་བུ་ཆེན་པོ་ཐོབ་པ་ལས་བྱུང་བའི་དྲི་ཞིམ་ཉམས་སུ་རོལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2021ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་གནས་དམངས་ཕན་འཁྲབ་སྟོན་དང་། ཁྲི་ཀ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བསྐྲུན་པའི་མགོ་རྩོམ་མཛད་སྒོ་དང་ཞིང་པའི་སྐབས་བཞི་པའི་ལོ་ལེགས་དུས་ཆེན་དེ་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དུ་སྤེལ།

“གནམ་འོག་རྨ་ཆུ་ཁྲི་ཀར་དྭངས”ནི་འབྲི་ཆུ་དང་རྨ་ཆུའི་མགོ་ཁུངས་ཀྱི་རིག་གནས་འབྱུང་ཁུངས་ཀྱི་གྲས་ཤིག་ཡིན་ལ། རྨ་ཆུའི་སྟོད་རྒྱུད་དུ་ཞིང་རྨོའི་རིག་གནས་གསར་གཏོད་བྱེད་སྔ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། ཉེ་བའི་ལོ་འགའི་རིང་ལ། རྨ་ཆུའི་རོང་སའི་ཞིང་སྤྱོད་ས་ཞིང་ཐོན་ཁུངས་ཀྱི་ཁྱད་སྟོབས་འབུར་དུ་ཐོན་པ་དང་། ཁྲི་ཀས་ཞིང་ཆེན་ཡོངས་ཀྱི་རྒྱུད་འདྲེས་ལོག་དཀར་དང་ནས། དཔྱིད་གྲོ་བཅས་ཀྱི་ས་བོན་འདེབས་འཛུགས་ཀྱི་རྟེན་གཞི་ཆེ་ཤོས་བཙུགས་ཡོད་པ་དང་། དེ་མིན་ཞིང་ཆེན་ཡོངས་ཀྱི་དགུན་གྲོའི་ས་བོན་འདེབས་འཛུགས་ཀྱི་རྟེན་གཞི་ཐོག་མ་ཡང་བཙུགས་ཡོད། ཞིང་ལས་སྐྱེ་དངོས་ཀྱི་སྤྱིའི་འདེབས་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་ལྔ་བཞི་བརྒྱ་ཟིན་པ་དང་། སྒོ་ཕྱུགས་གསོ་ཁ་ན་ཡོད་པའི་གྲངས་ཀ་འབུམ་ལྔ་དང་ཁྲི་གཅིག་སྟོང་གཉིས་སུམ་བརྒྱ་ཡིན་ལ། ནོར་ལུག་ཕག་བྱ་བཅས་ཐོན་རྫས་ཆེན་པོ་བཞིའི་གསོ་ཁ་ནས་བུད་ཚད་དང་ཐོན་ཚད་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། “རྩྭ་ཆུ་བཟང་ལ་ནོར་ལུག་ཤ་ཤེད་རྒྱས་པ། ཆར་ཆུ་དུས་སུ་བབས་ནས་ལོ་ལེགས་བྱུང་བ”ཞིག་རེད།

ཁྲི་ཀ་རྫོང་ཏང་ཨུའི་་ཧྲུའུ་ཅི་གཞོན་པ། རྫོང་དཔོན་སའར་ན་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་བརྟེན་ནས། ཁྲི་ཀ་རྫོང་གིས་མཚོ་སྔོན་ཞིང་ཆེན་ཡོངས་སུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འདྲེན་ཡུལ་སྐྲུན་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཁྲི་ཀའི་སུར་པན་དང་སྒོག་པ། ཙོང་། སྨྱུག་རྩ་སོགས་ཁྱད་ལྡན་སྔོ་ཚལ་དང་། ཆང་བ་ལི་དང་ཁམ་བུ། སྲེའུ་སོགས་ཁྱད་ལྡན་ཤིང་འབྲས་འདེབས་ཁྱོན་ནུས་པ་ཆེ་རུ་བཏང་ནས། སྐྱེ་ལྡན་སྔོ་ཚལ་དང་དེ་མིན་སྤུས་ལེགས་ཤིང་འབྲས་ཐོན་ལས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་། སྲོལ་རྒྱུན་གྱི་ཕྱུགས་ལས་རིམ་སྤོར་གཞན་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཁྱད་ལྡན་གསོ་སྤེལ་སྤུས་རྟགས་ཀྱི་ཕན་འབྲས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་རྒྱུར་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས། ཞིང་ཕྱུགས་ལས་དེང་རབས་ཅན་གྱི་འཕེལ་རྒྱས་དང་འཚམ་པའི་ཐོན་སྐྱེད་དང་བྲིན་ཚོང་མ་ལག་ཅིག་རིམ་བཞིན་བཙུགས་ཏེ། ཞིང་ཕྱུགས་ཐོན་རྫས“གཞི་ཁྱོན་ལྡན་པ་དང་ཁྱད་ཆོས་མངོན་པ། སྤུས་རྟགས་བསྐྲུན་པ། ཕན་འབྲས་གཏོད་པ”བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཟེར།

ལག་རྩལ་འགྲན་བསྡུར་ཆེན་པོ་སྤེལ་ནས། ཞིང་པའི་ཉམས་འགྱུར་གསར་པ་མངོན་པར་བྱས། སྔར་ལས་ལྷག་པའི་སྒོ་ནས་ཞིང་པ་གསར་པའི་གཟི་བརྗིད་ཀྱི་བསམ་པ་དང་སྤོབས་སེམས་ཆེ་རུ་གཏོང་དགོས། ཐེངས་འདིའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐོག་ད་དུང“ཁྲི་ཀ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ”གྱི་དཔེ་སྟོན་འཕྲང་དམར་གྲོང་རྡལ་དང་ཞིན་ཅེ་ཡུལ་ཚོ་ལ་སྒོ་བྱང་སྤྲད་པ་དང་།“ཆེས་མཛེས་པའི་ངལ་རྩོལ་ཕྱུག་འགྱུར་སྣེ་ཁྲིད་པའི”གཟི་བརྗིད་མཚན་སྙན་ཐོབ་པའི་མཱ་ཏེ་ཚའེ་སོགས་མི་བཅུ་བཞི་ལ་བྱ་དགའ་གནང་པ་རེད།

ལོ་ལེགས་བྱུང་བའི་སྒུལ་ཤུགས།

--གྲོང་གསེབ་དར་རྒྱས་གཏོང་བའི་མཚར་སྡུག་གི་མེ་ཏོག་བཞད་དུ་བཅུག

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་སྟེང་དུ། ཤ་ཤེད་རྒྱས་པའི་ནོར་ལུག་གི་རོལ་རྩེད་ཅི་དགར་རོལ་བཞིན་འདུག འབྲོག་པས་ནོར་ལུག་སྒོ་ཁར་བཀང་བའི་མཛེས་ལྗོངས་དང་ཞིང་ནང་དུ་སེར་ལམ་མེར་ཡོད་པའི་འབྲུ་རིགས་སྒྲོག་ཙེའི་ཐོག་སླེབས་པ་མཐོང་བས། ཞིང་པའི་ངོ་གདོང་ལ་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་བཞིན་མཆིས།

ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་དགའ་བསྟོད་ཡུལ་ཚོ་ཁངས་མ་སྡེ་བའི་སྡེ་མི་ཚོས་ལོ་གཅིག་གི་སྟོན་བསྡུ་བསུ་བཞིན་ཡོད་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་འཁུར་བ་ཞིང་ནང་དུ་བསྐྱོད་དེ་ཡུལ་དངོས་སུ་ད་ལོའི་སྟོན་བསྡུའི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་ཡོད།

ཞིང་ཁ་རུ་ཁོ་ཚོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་།“ཀྲི་པུའུ་དང་མཉམ་ལས་ཁང་། རོང་འབྲོག་པ”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་བསྐྲུན་ཏེ། ཁངས་མ་སྡེ་བའི་ཞིང་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་བཏང་ཡོད།

དུས་ཡུན་རིང་པོའི་ནང་། ཁངས་མ་སྡེ་བས་ཞིང་ལས་དེ་རང་ཉིད་ཀྱི་གཙོ་ཁྲིད་ཐོན་ལས་སུ་བརྩིས་ནས། ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་མང་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ་ནས་ནག་གཞི་རྒྱ་ཆེན་པོས་འདེབས་འཛུགས་བྱས་པ་དང་། དགའ་བསྟོད་ཡུལ་ཚོའི་ནས་ནག་འདེབས་འཛུགས་རྟེན་གཞི་བསྐྲུན་ནས། མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་། ཉེ་བའི་ལོ་འགའི་རིང་ལ། ཁངས་མ་སྡེ་བས་ལོ་རེར་ནས་ནག་སྤྱི་ཆིང་རེ་གསུམ་འདེབས་རྒྱུ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་རམ་བྱས་པས། ལོ་རེར་ནས་ནག་སྤྱི་རྒྱ་ཁྲི་གསུམ་དང་སྟོང་གཅིག་ལྔ་བརྒྱ་ལྷག་ཙམ་གྱི་ཕན་འབྲས་ཐོན་ཡོད།

གནམ་གཤིས་ཇེ་འཁྱག་ཏུ་སོང་བ་དང་ཆབས་ཅིག ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་སྤྲེལ་ཚ་ཡུལ་ཚོའི་སྐྱེ་ལྡན་ནས་ནག་འདེབས་འཛུགས་རྟེན་གཞི་རུ། ལོ་གཅིག་གི་ནས་ནག་བསྡུ་བའི་ལས་ལ་བྲེལ་བཞིན་འདུག

ནང་ཆེན་རྫོང་ནི་ཡུས་ཧྲུའུ་ཡི་ནས་ནག་འདེབས་འཛུགས་བྱ་ཡུལ་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཡུལ་དེ་གའི་སྡེ་མིས་མུའུ་སྟོང་གི་སྤུས་ལེགས་སྐྱེ་ལྡན་ནས་ནག་འདེབས་འཛུགས་ཐོན་ལས་འཆར་གཞི་འཕེལ་རྒྱས་བཏང་བ་བརྒྱུད།“སྡེ་བ་རྨང་གཞི་ཡིན་པ་དང་། ཡུལ་ཚོ་ཡོངས་ལ་སྐུལ་འདེད་གཏོང་བ། ས་ཁུལ་གཅིག་ལེགས་པར་བསྐྲུན་པ། གཅིག་གྱུར་འཆར་འགོད་བྱེད་པ། ཐོན་ལས་འཕེལ་རྒྱས་གཏོང་བ”བཅས་ཀྱི་དབུལ་སྐྱོར་བྱེད་ཕྱོགས་ལྟར། བེད་མེད་ས་ཞིང་འཁོར་རྒྱུག་དང་ཐར་ཐོར་ས་ཞིང་བསྡུ་སྒྲིལ་བྱས་ནས། ནུས་ཤུགས་ཡོད་དགུས“ནས་ནག་འདེབས་འཛུགས་དཔེ་སྟོན་རྟེན་གཞི”ལེགས་བསྐྲུན་བྱས། ནས་ནག་འདེབས་འཛུགས་བྱས་པ་བརྒྱུད་ཡུས་ཧྲུའུ་ཡི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས་ནས། ས་གནས་དེ་གའི་རོང་འབྲོག་པའི་ཡོང་འབབ་འཕར་བར་གཙོ་གནད་གསར་བ་ཞིག་བསྐྲུན་ཡོད།

ནས་ནག་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བ་ཚེ་རིང་བསོད་ནམས་ཀྱིས་བཤད་རྒྱུར།“ད་ལོ་ང་ཚོས་ནས་ནག་འདེབས་འཛུགས་བྱས་ཚད་སྤྱི་ཆིང་གྱ་ལྔ་ཟིན་ཞིང་། བྲིན་ཚོང་ཀུང་སི་དང་འབྲེལ་བ་བྱས་ནས་ཞིང་བ་ཁྱིམ་ཚང་དང་གན་རྒྱ་བཞག་ཡོད། དེ་རྗེས་ནས་ནག་གཅིག་གྱུར་གྱི་བསྡུ་ལེན་བྱེད་རྒྱུ་ཡིན་པ་མ་ཟད། ཚད་གཞི་མཐོན་པོ་ལྟར་གདམ་གསེས་བྱས་ཏེ་སྤུས་ལེགས་ནས་ནག་ཕྱིར་འཚོང་བྱེད་ཀྱི་ཡིན”ཅེས་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།