ལོ་ལེགས་ཁུར་གྱིས་དུད་པའི་འཕང་འབྲས་ལས་རིགས།
2021.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

གསེར་མདོག་གི་སྟོན་དུས་འདིར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་དར་དཀར་ཡུལ་ཚོའི་འཕང་འབྲས་ཞིང་སའི་ནང་དུ་འདུ་འཛིས་ཁེངས་འདུག་ལ། དམར་མདངས་བཀྲ་བའི་འཕང་འབྲས་དག་སྡོང་བོའི་ཡལ་ག་སོ་སོའི་སྟེང་ཡོངས་སུ་སྐྱེས་ཏེ་འབྲས་བུ་ཁུར་གྱིས་དུད་པའི་རྣམ་པ་མངོན་འདུག ཞིང་སའི་ནང་དུ་འཕང་འབྲས་བཏོག་མཁན་གྱི་མི་གསུམ་ལྔ་རེ་ཚོགས་པ་དང་ཚོགས་པ་བྱས་ཏེ་འཕང་འབྲས་བཏོག་པར་ལས་ལ་བྲེལ་བཞིན་འདུག་ཅིང་། ཡུལ་ཚོའི་ལམ་བར་དུ་འཕང་འབྲས་བརྩིགས་ཡོད་པའི་ཞིང་སྤྱོད་རླངས་འཁོར་མང་པོ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད་པ་དང་། ཁྱིམ་ཚང་སོ་སོའི་མི་རྣམས་ཀྱིས་སིལ་ཏོག་གསར་བ་ཉི་མར་ལྡེ་བཞིན་ཡོད་པས། མྱ་ངམ་ཐང་དེ་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་ཏུ་གྲུབ་འདུག

སྔ་དྲོའི་དུས་ཚོད་དགུའི་སྟེང་། དར་དཀར་ཡུལ་ཚོ་ལུང་གཡང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བང་ལའེ་ཁྲིན་གྱིས་རང་ཚང་གི་འཕང་འབྲས་བཏོག་མཁན་རྣམས་ཁྲིད་དེ་ཉིན་གཅིག་གི་བྱ་བའི་བྲེལ་འཚུབ་ཀྱི་མགོ་བརྩམས། སྡོང་བོའི་སྟེང་གི་དམར་མདངས་བཀྲ་བའི་འཕང་འབྲས་དག་ཚེར་མའི་གསེང་ན་ཡོད་པ་དང་། བང་ལའེ་ཁྲིན་གྱིས་བྱང་ཆ་ལྡན་པའི་སྒོ་ནས་ཚེར་མའི་གསེང་ནས་འཕང་འབྲས་བཏོག་པ་དང་། ཅང་མ་འགོར་བར་སྣོད་ཀྱི་ཕྱེད་ཀ་བཀང་འདུག

བང་ལའེ་ཁྲིན་ནི་ཆེས་སྔ་མོར་འཕང་འབྲས་འདེབས་འཛུགས་བྱེད་མཁན་ཞིག་ཡིན་པ་དང་། ཁོས་ཕྱིར་དྲན་བྱས་པ་ལྟར་ན། 2019ལོ་ནས་མགོ་བརྩམས་ཏེ་ཁོས་འཕང་འབྲས་འདེབས་འཛུགས་བྱེད་མགོ་བརྩམས་པ་དང་། ཐོག་དང་པོར་འཕང་འབྲས་འདེབས་འཛུགས་བྱེད་དུས་རྒྱུ་སྤུས་མི་བཟང་བ་དང་། ཐོན་ཚད་དམའ་བ་རེད། ཡིན་ནའང་། འཕང་འབྲས་འདེབས་འཛུགས་བྱེད་མཁན་གྱི་ཁྱིམ་ཚང་དེ་དག་གི་ཡོང་སྒོ་གཞན་པ་འདེབས་འཛུགས་བྱེད་པའི་ཁྱིམ་ཚང་དག་ལས་ཧ་ཅང་མཐོ་བས། ང་ཚོའི་སེམས་པ་ཧ་ཅང་དགའ་བར་གྱུར་ཟེར།

ལག་རྩལ་གྱི་རྒྱབ་སྐྱོར་དང་ཉམས་མྱོང་གིས་མ་འདང་བའི་དབང་གིས་ལོ་བཅུ་ལྷག་གི་སྔོན་ལ་བང་ལའེ་ཁྲིན་དང་འདྲ་བའི་སྡེ་མི་མང་ཆེ་ཤས་ལ་མཚོན་ནས་བཤད་ན། འཕང་འབྲས་འདེབས་འཛུགས་བྱེད་རྒྱུ་དེ་ནི་ཉེན་ཁ་ཆེ་བའི་དོན་ཞིག་ཡིན་པ་དང་། སྡེ་མི་མང་པོས་སེམས་ལའང་དྲན་མི་ཕོད་པ་ཞིག་རེད།

བང་ལའེ་ཁྲིན་གྱིས་བཤད་རྒྱུར། ས་མུའུ་གཅིག་གི་ནང་དུ་འཕང་འབྲས་སྡོང་རྐང་ཉིས་བརྒྱ་དང་བརྒྱད་ཅུ་ནས་སུམ་བརྒྱ་བཏབ་ཡོད་པ་དང་། སྡོང་རྐང་ལ་སྲིད་གཞུང་གི་ཁ་གསབ་ཡོད་ཀྱང་། ང་ཚོར་འདེབས་འཛུགས་ཀྱི་ལག་རྩལ་མེད་པ་དང་། ཉམས་མྱོང་ཡང་མེད་པས། ཚང་མས་འདེབས་འཛུགས་བྱེད་མ་ཕོད་ཟེར།

ཞིང་བས་འདེབས་འཛུགས་ལག་རྩལ་ཅི་ལྟར་ཁོང་དུ་ཆུད་རྒྱུ་དེ་ནི་ཚང་མའི་མིག་མདུན་དུ་ལྷགས་པའི་དཀའ་ངལ་ཞིག་ཏུ་གྱུར། 2007ལོར། ཡུལ་ཚོ་ཏང་ཨུ་ཡི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག་ཏུ། ཅུའུ་ཧྭ་སྡེ་བས་སྔོན་ལ་ཚོད་ལྟ་བྱས་ནས་ས་མུའུ་ཉིས་བརྒྱ་དང་ཞེ་གཅིག་སྟེང་དུ་འཕང་འབྲས་སྡོང་བོ་འདེབས་འཛུགས་བྱས་པ་དང་། སྐྱེས་ཚད་བརྒྱ་ཆའི་གྱ་ལྔ་ཡན་ལ་སླེབས་པ་དང་། 2010ལོར། དར་དཀར་ཡུལ་ཚོས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སྐོང་འཐེན་བྱས་ནས་འཕང་འབྲས་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་བཙུགས་ཏེ། འབྲེལ་ཡོད་བྱ་བའི་འགན་འཁྲི་གཏན་འཁེལ་བྱས་ནས་འཕང་འབྲས་འདེབས་འཛུགས་ལག་རྩལ་དང་། ངལ་རྩོལ། ཕྱིར་འཚོང་སོགས་ཐད་ནས་ཞིང་པར་ཞབས་ཞུ་སྒྲུབ།

ཞིང་པའི་འདེབས་འཛུགས་ལག་རྩལ་ཐག་གཅོད་བྱས་རྗེས། ཅཱ་ཧྲང་སྡེ་བའི་ཏང་ཀྲི་པུའུ་དང་ཏང་ཡོན་གྱིས་ཡུལ་ཚོ་བཞིའི་སྡེ་བ་བཞི་ཡི་སྡེ་མིས་སྔ་གཞུག་ཏུ་འཕང་འབྲས་འདེབས་འཛུགས་བྱེད་པར་དཔེ་སྟོན་སྣེ་ཁྲིད་བྱས། “ཏང་འཛུགས་ཀྱིས་སྣེ་ཁྲིད་དང་། ཐོན་ལས་ཀྱིས་སྡེ་བ་སྟོབས་ལྡན་དུ་གཏོང་བ། འཕང་འབྲས་ཀྱིས་མང་ཚོགས་ཕྱུག་པོར་གཏོང་བའི”བསམ་ཕྱོགས་ལྟར། དར་དཀར་ཡུལ་ཚོས་འཕང་འབྲས་ཐོན་ལས“འདེབས་པ་དང་། ལས་སྣོན། ཕྱིར་འཚོང་”གི་ཐོན་ལས་སྦྲེལ་ཐག་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཧུར་བརྩོན་ཆེན་པོས་འཕང་འབྲས་ཉོ་བསྡུ་དང་ལས་སྣོན་ཁེ་ལས་ལ་འབྲེལ་བ་བྱས་ཏེ། མཉམ་དུ་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་རམ་འདེགས་བྱས་པ་དང་། མུ་མཐུད་དུ་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་སྐྲུན།

བང་ལའེ་ཁྲིན་གྱིས་གསར་འགོད་པར་བཤད་རྒྱུར། འདེབས་འཛུགས་བྱས་པའི་ལོ་དེར། ཁོ་ཚང་གི་འཕང་འབྲས་ཞིང་སའི་ཡོང་སྒོ་སྒོར་མོ་ཁྲི་གསུམ་ལས་བརྒལ་བ་དང་། འཕང་འབྲས་འདེབས་འཛུགས་རྒྱ་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་པ་དང་བསྟུན་ནས། འཕང་འབྲས་ཀྱི་ཐོན་ཚད་མུ་མཐུད་དུ་འཕར་སྣོན་བྱུང་བ་དང་། སྣ་ཁ་ཡང་མུ་མཐུད་དུ་ལེགས་བཅོས་བྱུང་ལ། དཔལ་འབྱོར་ཕན་འབྲས་དེ་སྒོག་པ་དང་འབུ་སུ་ཧང་འདེབས་འཛུགས་བྱེད་པ་ལས་ལྡབ་འགྱུར་གྱིས་མང་བ་རེད་ཟེར། ད་ལྟ། བང་ལའེ་ཁྲིན་གྱིས་རླངས་འཁོར་ཉོས་ཡོད་པ་མ་ཟད། ད་དུང་ན་གོར་མོ་གྲོང་ཁྱེར་ནས་ཁང་བ་ཉོས་པ་དང་། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་དུ་སོང་ཡོད།

ན་ནིང་། དར་དཀར་ཡུལ་ཚོས་འཕང་འབྲས་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་པ་དང་། ཡུལ་ཚོ་ཡོངས་ཀྱི་ཞིང་ལས་ལོའི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལ་སླེབས་པ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གསུམ་དང་སྟོང་དགུ་ལ་སླེབས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལོའི་ཡོང་སྒོ་ཆ་སྙོམས་ཀྱིས་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ། ཞིང་ཕྱུགས་ལས་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་སོང་བ་དང་། ཞིང་བ་གཙོ་བོར་འཛིན་པ་དང་། ཞིང་བ་སྟོབས་ལྡན་དུ་གཏོང་བ། ཞིང་བར་ཕན་པའི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབ་བྱས་ཏེ། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་དང་ཚན་རིག་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་བྱ་བ་རྒྱ་སྐྱེད་དུ་བཏང་སྟེ། འཕང་འབྲས་གཙོ་བོ་ཡིན་པའི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་བརྒྱད་ལ་སླེབས་པ་དང་། དེ་ཡིས་སྡེ་བའི་མང་ཚོགས་རྣམས་སྔར་ལས་ཕྱུག་པོར་བཏང་བར་མ་ཟད། འཕང་འབྲས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡང་སྔར་ལས་འབུར་དུ་ཐོན་པར་བྱས།

དར་དཀར་ཡུལ་ཚོ་དང་མཚོ་སྔོན་འཕང་འབྲས་ཀྱི་ཚོང་རྟགས་སྐྲུན་ཆེད་ཕྱིར་འཚོང་རྒྱ་ཆེར་བྱས་པ་དང་། དར་དཀར་ཡུལ་ཚོས་འཕང་འབྲས་ཉོ་བསྡུ་ལས་སྣོན་ཁེ་ལས་གསུམ་གདན་འདྲེན་ཞུས་པ་དང་། ད་དུང་ཞིང་ལས་ཁེ་ལས་དང་སྡེ་བའི་ཐུན་མོང་མ་རྐང་མཉམ་ལས་ཀྱི་རྣམ་པ་སྤྱད་དེ། འཕང་འབྲས་ཞིབ་ཚགས་ཀྱིས་ལས་སྣོན་བྱེད་པ་དང་། འཕང་འབྲས་ཐོན་ལས་དེ་སྣ་གཅིག་རྐྱང་གི་འདེབས་འཛུགས་ཕྱིར་འཚོང་ནས་ཞིབ་ཚགས་ཅན་གྱི་ལས་སྣོན་ཉོ་ཚོང་གི་ཕྱོགས་སུ་རྒྱ་སྐྱེད་པར་སྐུལ་འདེད་བཏང་ནས་ཐོན་ལས་སྦྲེལ་ཐག་གི་རྒྱུན་བསྐྱངས་པ་དང་། ཐོན་ལས་ཟུར་སྣོན་རིན་ཐང་འཕར་སྣོན་བྱས་ཤིང་། ཡོང་སྒོའི་ཐབས་ལམ་རྒྱ་སྐྱེད།

བང་ལའེ་ཁྲིན་གྱིས་བཤད་རྒྱུར། ཚང་མའི་ཡོང་སྒོ་ཇེ་མང་དུ་སོང་བ་དང་། བསམ་བློར་ཡང་འགྱུར་ལྡོག་འབྱུང་མགོ་བརྩམས། ཁྲོམ་རའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས། ང་ཚོར་ཚོང་རྟགས་ཡོད་དགོས་པར་བསམ་ཏེ། མུ་མཐུད་དུ་འཕང་འབྲས་ཀྱི་སྣ་ཁ་ལེགས་བཅོས་དང་། སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་བྱས་ཤིང་། འཕང་འབྲས་ཀྱི་རྒྱུ་སྤུས་བཟང་ན། ད་གཟོད་མི་སྔར་ལས་མང་པོས་ན་གོར་མོའི་འཕང་འབྲས་ངོས་འཛིན་བྱེད་ཐུབ་ཟེར། ད་ལྟ་སྡེ་མི་སྔར་ལས་མང་པོས་འཕང་འབྲས་ཀྱི་རྒྱུ་སྤུས་བཟང་ན་ཕྱིར་འཚོང་བྱེད་ཐུབ་པ་དང་། ཕྱིར་འཚོང་བྱས་ན་ད་གཟོད་ཚོད་རྟགས་སྐྲུན་པར་བགྲོད་ལམ་བཏོད་པ་ཤེས་ཡོད་པས། ཚང་མས་མཉམ་དུ་ཤུགས་བཏོན་ནས་འཕང་འབྲས་འདེབས་འཛུགས་ཀྱི་སྤུས་ཀ་མཐོར་འདེགས་བཏང་སྟེ། ཚོང་རྟགས་སྐྲུན་པར་བྱས་རྗེས་བཞག

ད་ལྟ། དར་དཀར་ཡུལ་ཚོས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དངུལ་ལོར་གྱི་དབུལ་སྐྱོར་བསྐྱི་དངུལ་ལས་གཞི་བརྩོན་ལེན་བྱས་པ་བརྒྱུད་དེ། མ་དངུལ་སྒོར་མོ་ས་ཡ་བཞི་དང་འབུམ་བཞི་ཁྲི་གཉིས་ལྷག་བཏང་ནས་བསིལ་སྐམ་བྱེད་ས་སུམ་བརྒྱ་དང་དོན་བདུན་ལས་པ་དང་། སྡེ་མིས་བསིལ་སྐམ་བྱེད་སྐབས་ཐེངས་གཉིས་པར་བཙོག་བཟོ་ཐེབས་པའི་གནད་དོན་ཐག་གཅོད་བྱས། དེ་ལས་གཞན། ད་དུང་གྲོང་ཁྱེར་ཞིང་ལས་ཞིབ་བཤེར་ས་ཚིགས་དང་འབྲེལ་འདྲིས་བྱས་ནས་དར་དཀར་ཡུལ་ཚོའི་འཕང་འབྲས་ཐོན་སྐྱེད་དང་། ཞིང་ཁའི་ཚད་ལྡན་རང་བཞིན་གྱི་ལས་གཉེར་ལག་རྩལ་ཐད་ནས་གསོ་སྦྱོང་མཛུབ་སྟོན་བྱས་པར་མ་ཟད། སྡེ་མིས་ཚད་གཞི་ཅན་གྱི་ཐོན་སྐྱེད་ལག་དེབ་ཞབས་ཞུའི་བྱ་བ་ཁ་སྐོང་བྱེད་པར་སྣེ་ཁྲིད་བྱས་པ་དང་། ད་ལྟ་ཡུལ་ཚོ་ཡོངས་སུ་སྤྱི་ཆིང་ཉི་ཤུ་ལྷག་གི་ས་དེ་ན་གོར་མོ་གྲོང་ཁྱེར་ཚད་ལྡན་ཅན་གྱི་འདེབས་འཛུགས་ཚོད་ལྟ་ཁུལ་གྱི་གྲས་སུ་བཞག་པ་དང་། ཁྱིམ་ཚང་བརྒྱད་ཚན་རིག་ལག་རྩལ་འདེབས་འཛུགས་ཚོད་ལྟ་ཁྱིམ་ཚང་གི་གྲས་སུ་བཞག་སྟེ། ཡུལ་ཚོ་ཡོངས་ནས་ཐོན་སྐྱེད་བྱས་པའི་འཕང་འབྲས་ཀྱི་ཐོན་ཚད་དང་ཕྱིར་འཚོང་གི་ཕྱོགས་བསྡུས་ཕན་འབྲས་སྔར་ལས་མཐོར་འདེགས་བཏང་།

དར་དཀར་ཡུལ་ཚོའི་ཡུལ་གཙོ་ཅུའུ་ཧའེ་ཡན་གྱིས་བཤད་རྒྱུར། ཁྱད་ཆོས་ལྡན་པའི་ཐོན་རྫས་ལ་གཞི་བཅོལ་ནས་འཕང་འབྲས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་དང་། དར་དཀར་ཡུལ་ཚོའི་འཕང་འབྲས་དེ་ཞིང་ཆེན་ཡོངས་ཀྱི་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་དུ་འགྱུར་དུ་བཅུག་སྟེ། ཡུལ་ཚོ་ཡོངས་ཀྱི་འཕང་འབྲས་འདེབས་འཛུགས་བྱེད་པའི་ཁྱིམ་ཚང་གི་ཡོང་སྒོ་འཕར་ནས་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱས་པ་དང་། ན་གོར་མོ་ས་ཆའི་ཁྱད་ཆོས་ལྡན་པའི་འཕང་འབྲས་ཚོང་རྟགས་སྐྲུན་པར་ཉམས་མྱོང་འདོན་སྤྲོད་བྱས་ཟེར། ཚོང་རྟགས་སྐྲུན་པ་ནས་ཁྱད་ཆོས་གསར་སྐྲུན་བྱེད་པ་དང་། ཧུར་ཐག་གིས་འཕང་འབྲས་སྐྱེ་ཁམས་ཀྱི་སྔར་གྱི་ཐོན་ཁུལ་སྲུང་སྐྱོབ་བྱེད་པར་ཡར་ཞུ་བྱས་པ་དང་། ཁྲོམ་རའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་བཏང་སྟེ། དར་དཀར་ཡུལ་ཚོའི་འཕང་འབྲས་དེ་འཛམ་གླིང་གི་ཐོན་རྫས་མིང་གྲགས་སུ་སྐྲུན་པ་དང་། འཕང་འབྲས་ཚོང་རྟགས་ཀྱིས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དེ་ནི་དར་དཀར་ཡུལ་ཚོས་མིག་སྔར་འབད་བརྩོན་དང་འཕེལ་རྒྱས་གཏོང་བཞིན་པའི་ཁ་ཕྱོགས་ཡིན་པ་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།