ནས་ནག་གི་སྤྱོད་སྒོ་ཆེ་རུ་གྱུར་བ།
2021.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་ཕྱུག་ལས་དེ་རྨང་གཞིའི་ཐོན་ལས་དང་ཁྱད་སྟོབས་ཐོན་ལས་སུ་བརྩིས་ནས་གསོ་སྐྱོང་བྱས་པ་དང་། ལོ་ལེགས་བྱུང་བའི་དུས་སུ་ནས་འབྲེག་སྡུད་དང་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད།

ཟླ9ཚེས17ཉིན། “ཡུས་ཧྲུའུ་ཡི་འབྲུ་མཛོད”ཅེས་འབོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ལ་ལོ་ལེགས་བྱུང་།

ནང་ཆེན་རྫོང་ལ“ཡུས་ཧྲུའུ་ཡི་མཛེས་ལྫོངས་ཁུལ”ཞེས་འབོད་ཀྱི་ཡོད་པ་དང་གནམ་གཤིས་དང་ས་རྒྱུའི་དམིགས་བསལ་གྱི་དབང་གིས་ནས་ནག་གི་ཐོན་སྐྱེད་ལེགས་ཤིང་ནས་ནག་ནི་ཁྱིམ་ཚང་མང་པོའི་བཟའ་འབྲུ་གཙོ་བོར་གྱུར་ཡོད། ནས་ནག་འཐག་རྗེས་རྩམ་པའི་བྲོ་བ་ཞིམ་ལ་འཚོ་བཅུད་ཀྱང་བཟང་།

“ང་ཚོའི་ནས་ནག་ལ་མངར་ཆ་མི་འདྲེས་ལ་རྩམ་པ་འཐག་རྗེས་དྲི་མ་ཞིམ་པར་མ་ཟད། རྒྱུན་དུ་རྩམ་པ་ཟས་ན་གཅིན་པ་མངར་འགྱུར་གྱི་ནད་སྔོན་འགོག་བྱེད་ཐུབ”ཅེས་ས་གནས་དེའི་འབྲོག་པ་མང་ཚོགས་རྣམས་ཀྱིས་ནས་ནག་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

ནང་ཆེན་རྫོང་ནི་ཡུས་ཧྲུའུ་ཡི་ནས་ནག་འདེབས་ཡུལ་གཙོ་བོ་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་ཡུལ་དེའི་མི་རྣམས་ཀྱིས་མུའུ་སྟོང་གི་སྤུས་ལེགས་སྐྱེ་ལྡན་ནས་ནག་འདེབས་པའི་ཐོན་ལས་འཆར་གཞི་འཕེལ་རྒྱས་སུ་བཏང་བ་བརྒྱུད།“སྡེ་བ་རྨང་གཞིར་བྱེད་པ་དང་ཡུལ་ཚོ་ཡོངས་ལ་སྐུལ་འདེད་གཏོང་བ། ཡུག་ཁུལ་གཏོད་པ། གཅིག་གྱུར་འཆར་འགོད་བྱེད་པ། ཐོན་ལས་འཕེལ་རྒྱས་གཏོང་བ”བཅས་ཀྱི་དབུལ་སྐྱོར་བྱེད་ཕྱོགས་ལྟར། བེད་མེད་ས་ཆ་འཁོར་རྒྱུག་དང་ས་ཞིང་ཐར་ཐོར་བསྡུ་སྒྲིལ་བྱས་ནས།“ནས་ནག་འདེབས་པའི་དཔེ་སྟོན་རྟེན་གཞི”ནུས་ཤུགས་ཡོད་རྒུས་བསྐྲུན་པ་རེད། ནས་ནག་བཏབ་པ་བརྒྱུད་ནས་ཡུས་ཧྲུའུ་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་རམ་འདེགས་བྱེད་ཐུབ་པ་བྱུང་ནས།  ས་གནས་དེའི་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་ལ་འགྱུར་ལྡོག་གསར་བ་བྱུང་དུ་བཅུག་ཡོད།

ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་གྱི་འབྲོག་པ་འབུམ་ཕྲུག་གིས་བཤད་རྒྱུར།  “2016ལོ་ནས་བཟུང་ངེད་ཚང་གིས་ནས་ནག་བཏབ་པར་མ་ཟད། ལོ་རེ་ནས་ལོ་རེར་ཇེ་མང་ལ་བཏང་ནས་བཏབ་པ་ཡིན། སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས་ང་ཚོས་ཀྱང་སྤོབས་པ་ཆེར་བསྐྱེད་ཀྱིས་ནས་ནག་བཏབ་པ་བརྒྱུད་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་རེད”ཟེར།

ནས་ནག་བཏབ་པ་བརྒྱུད་ནས་འབྲོག་པ་མི་ཉུང་བ་ཞིག་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་ཡོད། ཡིན་ནའང་ནས་ནག་འདེབ་པ་ཁོ་ན་ཙམ་གྱིས་མི་ཆོག་པར་ནས་ནག་གི་ཕན་འབྲས་དེ་ལས་ཆེ་བ་ཐོན་པར་བྱེད་ཆེད།  ངེས་པར་དུ་ཐོན་ལས་སྦྲེལ་ཐག་སྣུར་བསྲིང་བྱས་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།

ནང་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་པུའུ་ཀྲང་ཕུར་བུ་ཚེ་རིང་གིས“ནས་ནག་བཏབ་པར་བརྟེན་ནས་ང་ཚོ་དབུལ་ཐར་བྱས་ཡོད་པ་དང་གྲོང་གསེབ་དར་རྒྱས་སུ་གཏོང་དགོས་ན་ནས་ནག་ལ་བརྟེན་དགོས”ཟེར།

ལོ་འགའི་སྔོན་ནས་བཟུང་ནང་ཆེན་རྫོང་སྲིད་གཞུང་གིས་ནས་ནག་ལ་ལྡན་པའི་ནུས་པ་ཆེན་པོ་རྟོགས་ཡོད།  བརྟག་དཔྱད་བྱས་པ་བརྒྱུད་ནང་ཆེན་རྫོང་གིས་ཞིང་ལས་ཐོན་སྐྱེད་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་རྩ་དོན་གཞིར་བཟུང་སྟེ། འཚོ་བཅུད་ཀྱི་རིན་ཐང་ལྡན་པའི་ནས་ནག་ཐོན་སྐྱེད་དང་ལས་སྣོན་བྱས་ནས་སྦི་རག་བཟོ་རྒྱུ་གཏན་འཁེལ་བྱས་པ་རེད།

“ནས་ཀྱིས་བསྙལ་བའི་ནས་ཆང་ནི་ཁྱིམ་ཚང་ཀུན་གྱིས་ཤེས་ཀྱི་ཡོད་མོད།འོན་ཀྱང་ནས་ནག་པོ་ཤེས་མཁན་ཉུང་ཉུང་ཡིན་ལ་ནས་ནག་གིས་བསྙལ་བའི་སྦི་རག་ནི་དེ་བས་ཀྱང་ཤེས་ཀྱི་མེད། ནས་ནག་གི་སྦི་རག་ལེགས་འགྲུབ་བྱུང་རྗེས་ཚོང་ལམ་དེ་བས་ཡག་སྲིད”ཅེས་ས་གནས་ཀྱི་མགོ་ཁྲིད་དང་མི་དམངས་མང་ཚོགས་ཀྱིས་ཁས་ལེན་ཐོབ་ཡོད།

དུས་ཡུན་རིང་བོ་མ་སོང་བར་མ་དངུལ་སྒོར་མོ་ས་ཡ་གསུམ་ལྷག་བཏང་ནས་ཤར་མདའ་གྲོང་རྡལ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཧྲིན་ཡོན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སི་ཞེས་པ་བཙུགས་ཏེ་ནས་ནག་གི་སྦི་རག་བསྙལ་ཡང་འབྲོག་པ་མང་ཚོགས་ལ་ཕན་འབྲས་མང་པོ་ཐོབ་མ་ཐུབ།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་རྩོམ་ས་གསར་པ་ནས་འགྲེངས་ཏེ། ནང་ཆེན་རྫོང་སྲིད་གཞུང་གིས་ནས་ནག་གི་མདུན་ལམ་ལ་སྔར་བཞིན་ལྟ་སྟངས་ཡག་པོ་འཛིན་པ་དང་ཆེད་ལས་སྐོར་གྱི་བྱ་བ་ནི་ཆེད་ལས་མི་སྣས་བསྒྲུབ་དགོས་པ་གཏན་འཁེལ་བྱས་ནས།  སུས་འཇོན་དེ་འགུགས་བྱས་པ་བརྒྱུད“སྲིད་གཞུང་དང་ཁེ་ལས་མཉམ་ལས”ཀྱི་རྣམ་པའི་ཐོག་ནས་རྨ་འབྲི་རྫ་གསུམ་ཧྲིན་ཡོན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སི་སླར་ཡང་གཉེར་སྐྱོང་བྱས་པ་རེད།

ཁེ་ལས་ཀྱི་མ་དངུལ་བསྣན་པ་དང་ཆེད་ལས་མི་སྣ་ཞུགས་པ་བཅས་ཀྱིས2021ལོར་སླེབས་སྐབས་རྨ་འབྲི་རྫ་གསུམ་ཧྲིན་ཡོན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སི་ལ་རྣམ་པ་གསར་བ་ཤར།

རྨ་འབྲི་རྫ་གསུམ་ཧྲིན་ཡོན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས། བཟོ་པ་ཚོས་ནས་ནག་ལ་ལས་སྣོན་གྱི་གོ་རིམ་མང་པོ་ཞིག་བརྒྱུད་ནས་སྦི་རག་བསྙལ་བའི་རྣམ་པ་དེ་མཐོང་ཐུབ་ཀྱི་འདུག

ལན་ཀྲིག་ནས་ཡོང་བའི་སྤྱི་ཁྱབ་ལས་འཛིན་པ་ཧོ་ཐུང་ཐེན་གྱིས་སྦི་རག་གི་ལས་རིགས་གཉེར་ནས་ལོ་20ལྷག་ཙམ་འགོར་ཡོད།ཁོས“ང་ཚོས་འདེམས་སྤྱོད་བྱས་པ་ཚང་མ་ས་གནས་དེའི་ནས་ནག་ཡིན་པ་དང་བཀོལ་སྤྱོད་བྱེད་རྒྱུ་ཡང་ས་གནས་དེའི་རྫ་ཆུ་ཡིན།  ང་ཚོའི་སྦི་རག་གི་སྤུས་ཚད་འགན་ལེན་བྱེད་ཆེད་བསྙལ་ཐེངས་རེར་ཉིན20ཡན་གྱི་དུས་ཚོད་འགན་ལེན་བྱེད་ཀྱི་ཡོད”ཟེར།

སེམས་ཞིབ་མོས་ལས་སྣོན་བྱས་པས་ནས་ནག་གི་སྦི་རག་ལ་ས་གནས་དེའི་འཛད་སྤྱོད་པའི་ཁས་ལེན་ཐོབ་ཡོད་པ་རེད། ནས་ནག་གི་སྦི་རག་དེ་མིང་དུ་གྲགས་པར་བྱེད་ཆེད་ཧོ་ཐུང་ཐེན་གྱིས་ཉིན་རྒྱུན་དུ་ལས་བཟོ་པ་རྣམས་དང་མཉམ་དུ་བཟོ་གྲྭའི་ནང་ཐོན་རྫས་གསར་པ་ཞིབ་བཟོ་བྱེད་ཀྱི་ཡོད། ཁོས“ང་ཚོས་ལས་ཀ་མང་ཙམ་བྱས་ནས་མཚོ་སྔོན་གྱི་འཛད་སྤྱོད་པར་ཁ་ཕྱོགས་པ་ཙམ་མ་ཟད།རྒྱལ་ཡོངས་ཀྱི་འཛད་སྤྱོད་པར་ཁ་ཕྱོགས་དགོས”ཟེར།

ས་གནས་ཀྱི་དགོས་མཁོར་གཞིགས་ནས་ཀུང་སིས་སྦི་རག་ནག་པོ་དང་དཀར་པོ།སེར་པོ་བཅས་བྲོ་བ་མི་འདྲ་བའི་ནས་ནག་གི་སྦི་རག་སྣ་ཚོགས་གསར་བཟོ་བྱས་པ་དེས་ནས་ནག་གི་སྦི་རག་མཚོ་སྔོན་ལས་བརྒལ་བར་རྨང་གཞི་བརྟན་པོ་བཏིངས།

ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་བཀྲ་ཤིས་ཀྱིས“ང་རང་སྦི་རག་ནག་པོ་འཐུང་རྒྱུར་ཧ་ཅང་དགའ་པོ་ཡོད། དེའི་བྲོ་བ་ཞིམ་པའི་ཁར་ནས་ནག་གི་དྲི་ཞིམ་ལྡན།  ངས་ད་དུང་ས་གནས་གཞན་ནས་ཐོན་སྐྱེད་བྱས་པ་ཞིག་རེད་སྙམ་མོད།   མ་གཞིར་དེ་ནི་ང་ཚོའི་ཕ་ཡུལ་གྱི་ཐོན་རྫས་ཤིག་རེད”ཟེར།

ཀུང་སིར་གསོན་ཤུགས་ལྡན་པར་གྱུར་བས་ས་གནས་མང་ཚོགས་ཀྱི་ལས་ཞུགས་ལ་ལས་གནས་དེ་ལས་མང་པོ་མཁོ་འདོན་བྱེད་ཐུབ་པར་གྱུར།

རྫས་འགྱུར་བརྟག་ཞིབ་པ་བདེ་སྐྱིད་གཡང་འཛོམས་ནི་ནང་ཆེན་རྫོང་གི་ས་གནས་ཀྱི་མི་ཡིན་ཞིང་། 2019ལོར་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་བློ་གཅིག་སེམས་གཅིག་གིས་ཕ་ཡུལ་མི་དམངས་ལ་ཞབས་འདེགས་ཤིག་ཞུ་སྙམ་ནའང་།  བདེ་སྐྱིད་གཡང་འཛོམས་ཀྱིས་ཁ་གཏད་ཀྱི་ཆེད་ལས་ཤིག་རྙེད་མ་ཐུབ་པས་རྫོང་མཁར་དུ་ཞོར་ལས་གཉེར་པ་རེད།

2021ལོར་ཁོ་མོས་རྨ་འབྲི་རྫ་གསུམ་ཧྲིན་ཡོན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སིའི་གདན་ཞུའི་ཆ་འཕྲིན་མཐོང་རྗེས་སླར་ཡང་ཁོ་མོའི་ཐོག་མའི་བསམ་འདུན་ལ་སྒུལ་ཤུགས་གསར་བ་བསྩལ། རྫས་འགྱུར་དཔྱད་ཞིབ་ཀྱི་བྱ་བ་སྔར་ལས་ལེགས་པའི་སྒོ་ནས་བསྒྲུབ་ཆེད། བདེ་སྐྱིད་གཡང་འཛོམས་ཀྱིས་ཉིན་རྒྱུན་དུ་ཀུང་སི་ནས་བྱ་བར་ཧུར་བརྩོན་བྱེད་བཞིན་ཡོད་པར་མ་ཟད།  ཁྱིམ་དུ་ལོག་རྗེས་སུ་ད་དུང་དྲ་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་དེ་བརྗེད་ཀྱི་མེད། ཁོ་མོས་བཤད་རྒྱུར། “ནས་ནག་ནི་ང་ཚོའི་དཔལ་འབྱོར་གྱི་ཐོན་ཁུངས་ལེགས་ཤོས་དེ་ཡིན།  ང་ཚོས་ནས་ནག་གི་སྦི་རག་ཐོན་སྐྱེད་ཡག་པོ་བྱས་ཚེ་མི་སྔར་ལས་མང་པོ་ཞིག་ལ་ཕན་ཐོགས་ངེས་རེད”ཟེར།

འཁོར་ཁང་ནང་དུ་ཐུམ་སྒྲིལ་ཡག་པོ་བརྒྱབ་པའི་ནས་ནག་གི་སྦི་རག་མང་པོ་སྒམ་ནང་དུ་བཅུག་རྗེས་སྐྱེལ་འདྲེན་རླངས་འཁོར་ཆེན་པོ་དག་གི་ནང་དུ་བཞག་སྟེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྐྱེལ་འདྲེན་བྱེད་ཀྱི་འདུག

ཧོ་ཐུང་ཐེན་གྱིས“ད་ལྟའི་ཐོན་སྐྱེད་བརྒྱུད་རིམ་ནི་ལོ་རེར་སྦི་རག་ཏུན་ལྔ་བརྒྱ་རེ་ཐོན་སྐྱེད་བྱེད་ཀྱི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཁྲོམ་རའི་འཛད་སྤྱོད་ཤིན་ཏུ་བཟང་བས་ང་ཚོའི་ཐོན་སྐྱེད་ཀྱི་ཚད་གཞི་དེས་ཁོ་ཚོའི་རྗེས་ཆོད་ཀྱི་མེད”ཟེར།

ཀུང་སི་དེའི་འཆར་གཞི་ལྟར་ན་ཟླ་བ་རྗེས་མ་ནས་བཟུང་སྟེ། ནས་ནག་སྤྱི་རྒྱ་རེར་སྒོར16གི་རིན་གོང་ལྟར་རྫོང་ཡོངས་ཀྱི་ནས་ནག་ཉོ་རྩིས་ཡོད་ཅིང་། སྔོན་དཔག་བྱས་ན་སྤྱི་རྒྱ་ཁྲི་10ལྷག་ཉོ་བསྡུ་བྱེད་རྒྱུ་ཡིན་པས་ས་གནས་དེའི་འབྲོག་པ་མང་ཚོགས་ཀྱི་ ཡོང་འབབ་འཕར་སྣོན་འབྱུང་རྒྱུ་ཡིན་པ་གདོན་མི་ཟ།

ད་ལྟ་ཁེ་ལས་འཕེལ་རྒྱས་དེ་རྒྱུན་ལྡན་གྱི་ལམ་བུའི་སྟེང་བསྐྱོད་བཞིན་ཡོད་པ་དང་ནས་ནག་སྦི་རག་ལ་ཡང་སྐད་གྲགས་ཆེན་པོ་ཡོད།  ཕུར་བུ་ཚེ་རིང་གིས“ཏང་གི་རྗེས་སུ་འབྲངས་ཚེ་ཁེ་ལས་འཕེལ་རྒྱས་ཀྱི་ལམ་ཁ་སྔར་ལས་ཡངས་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་སྐྱིད་དུ་འགྲོ་ངེས་རེད”ཟེར།

                                                                            ཡིག་སྒྱུར་བ། གཡང་འབུམ་རྒྱལ།