རྨ་ཆུའི་འགོ་ཁུངས་ཀྱི་མང་ཚོགས་ཕྱུག་པོར་གྱུར་བའི་གཏམ་རྒྱུད།
2021.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཕྱོགས་གཅིག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛིན་པ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ཕྱུག་འགྱུར་གྱི་ཐོན་ལས་བཟུང་།

སྟོན་འགོ་མའི་རྨ་ཆུའི་འགོ་ཁུངས་ཀྱི་རྩྭ་ཐང་གི་ཁ་དོག་ཕུན་སུམ་ཚོགས་པ་དང་། གནམ་སྔོན་པོ་དང་སྤྲིན་དཀར་པོས་མུ་འབྲེལ་བའི་ཕྱུགས་རྭ་དང་མཛེས་སྡུག་ལྡན་པའི་མཚེའུ་བརྒྱན་ཡོད་ལ། ནོར་ལུག་རྣམས་གང་སར་རྒྱུ་བཞིན་ཡོད་ཅིང་། དེ་རུ་མང་ཚོགས་ཕྱུག་པོར་གྱུར་བའི་གཏམ་རྒྱུད་ཅིག་སྦས་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་ར་བར་གྲོང་རྡལ་རི་ཕྱོར་སྡེ་བ་རྫོང་མཁར་དང་བར་ཐག་སྤྱི་ལེ་བདུན་ཅུ་ཙམ་ཡོད་པ་དང་། ཟླ་དགུ་བའི་ཚེས་བདུན་ཉིན། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་རི་ཕྱོར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་གསོ་སྤེལ་རྟེན་གཞི་རུ་བཅར་འདྲིར་ཕྱིན་པ་དང་།གསར་འགོད་པས་རྟེན་གཞི་དེ་རུ་མཐོང་བ་ནི་གཟན་རྩྭ་གསོག་འཇོག་བྱེད་སའི་ཁང་བ་གྱན་དྲུག་གི་ནང་རྩྭ་བསྡམས་ནས་བཞག་ཡོད་པ་དང་། ལུག་ཁྱུ་སྐོར་དང་སྐོར་བྱས་ནས་ཕྱུགས་སྤྱིལ་ཁང་བདུན་གྱི་ནང་བཅུག་ཡོད་པ་དེ་རེད།

རིག་རྡོ་ནི་རྨ་སྟོད་རྫོང་མཛོ་རྒན་ར་བར་གྲོང་རྡལ་རི་ཕྱོར་སྡེ་བའི་གསོ་སྤེལ་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡིན་ལ།ཁོས་རྒྱ་སྐད་དེ་འདྲའི་དག་མོ་ཅིག་བཤད་མི་ཤེས་ལ།ངོ་གདོང་སྨུག་ཅིང་གཟེངས་སུ་ཐོན་པའི་སྣ་བོ་ལ་བལྟས་ན།མཐོ་སྒང་ནས་ནར་སོན་པའི་འབྲོག་ཕྲུག་ཅིག་ཡིན་པ་གཞི་ནས་ཤེས་ཐུབ།

དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་བརྒྱད་ཅུའི་བར་དུ། རྨ་སྟོད་རྫོང་ནི་རྒྱལ་ཡོངས་ཀྱི་ཕྱུགས་ལས་རྫོང་ཕྱུག་པོའི་གྲས་ཡིན་ཞིང་། རྫོང་ཡོངས་སུ་མི་གྲངས་སྟོང་དྲུག་ཙམ་ལས་མེད་མོད།འོན་ཀྱང་ཡང་ཕྱུགས་ཟོག་འབུམ་བདུན་ཙམ་ཡོད་པ་རེད།

ཡིན་ནའང་། ཚད་ལས་བརྒལ་ནས་ཕྱུགས་འཚོས་པ་ལས་སྐྱེ་ཁམས་ལ་གནོད་པ་ཚབས་ཆེན་ཐེབས་ཏེ། རྩྭ་ས་ཉམས་ཞན་དུ་གྱུར་ཏེ་། མཚེའུ་སྐམ་ཞིང་ས་ནག་ཐང་མུ་མཐུད་དུ་ཆེ་རུ་སོང་།

རིག་རྡོ་ཡིས་བཤད་རྒྱུར། རྩྭ་ཟ་རྒྱུ་མེད་པ་དང་། ཆུ་འཐུང་དཀའ་བར་གྱུར་བས། སྒོ་ཕྱུགས་ཀྱི་ཤ་ཤེད་ཉིན་རེ་བཞིན་ལྷུང་བ་མ་ཟད།ཕྱུགས་ཟོག་མང་པོ་ཞིག་ཤི་སོང་བ་རེད། སྐབས་དེ་དུས་འབྲོག་པ་ཚོས་དུས་རྒྱུན་རྩྭ་ས་བརྗེ་སྤོར་བྱེད་དགོས་པ་ལས་ཐབས་གཞན་ཅི་ཡང་མེད་པར་གྱུར་ཟེར།

ཕྱུགས་ཟོག་གི་གྲངས་ཀ་ཉུང་བའི་གསོ་སྤེལ་ལས་རིགས་ཤིག་ཇི་ལྟར་གཉེར་དགོས་སམ། འབྲོག་པ་རྣམས་ཀྱིས་ཅི་བྱེད་འདི་བྱེད་ཤེས་བཞིན་མེད་པའི་སྐབས་སུ། དབུལ་སྐྱོར་གྱི་གཏམ་བཟང་སྙན་མོ་ཞིག་བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གངས་ལྗོངས་མཐོ་སྒང་དུ་གཡུགས་བྱུང་། རྩྭ་སའི་གནོན་ཤུགས་ཇེ་ཆེར་མི་གཏོང་བ་དང་མ་གཞིའི་ཕྱུགས་ཀྱི་ཐེག་ཚད་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། རྨ་སྟོད་རྫོང་གིས་འབྲོག་ལུག་གསོ་སྤེལ་རྒྱ་སྐྱེད་དུ་བཏང་སྟེ། འབྲོག་པའི་ཡོང་སྒོ་འཕར་ནས་ཕྱུག་པོར་གཏོང་བར་སྐུལ་འདེད་བཏང་།

རི་ཕྱོར་སྡེ་བའི་མཉམ་ལས་ཁང་ཐོག་དང་པོར་འཛུགས་དུས། འཕེལ་རྒྱས་དེ་འདྲའི་བདེ་ལེགས་ཤིག་མིན་པ་རེད། སྡེ་བ་ཡོངས་སུ་ཁྱིམ་ཚང་ཉིས་བརྒྱ་ལྷག་ཡོད་པ་དང་།དེའི་ནང་གི་ཁྱིམ་ཚང་བཅོ་ལྔའི་མ་གཏོགས་མཉམ་ལས་ཁང་དུ་མ་རྐང་བཞག་མེད་ལ། ཁྱིམ་ཚང་བཅུ་གཅིག་རུ་ཏང་ཡོན་ཡོད་པས་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་བཏོན་ནས་མཉམ་ལས་ཁང་དུ་ཞུགས་པ་ཞིག་རེད།

སྡེ་མི་མང་ཆེ་ཤས་ཀྱིས་མཉམ་ལས་ཁང་དུ་ཞུགས་ན་བཟང་ཆ་ཅི་ཞིག་ཡོད་པ་ཤེས་ཀྱིན་མེད་པ་དང་། ཁོ་ཚོས་མ་རྐང་དུ་བཞག་པའི་རྩྭ་ས་དང་། ནོར་ལུག་རྣམས་ད་དུང་རང་ཉིད་ཀྱི་ཡིན་མིན་ལ་སེམས་ཁུར་བྱེད་བཞིན་ཡོད།

རི་ཕྱོར་སྡེ་བ་ནི་རྨ་སྟོད་རྫོང་དུ་ཆེས་སྔ་མོར་འབྲོག་ལུག་གསོ་སྤེལ་བྱས་པའི་ཚོད་ལྟའི་སྡེ་བ་ཞིག་ཡིན་པ་རེད། འབྲོག་ལུག་གི་ཤ་གསར་བ་སྙི་མོ་ཡིན་པ་དང་། ཁ་ལ་ཞིམ་པས། ཕྱིར་བཙོང་བ་ཤིན་ཏུ་བཟང་། སྐོར་ཁག་དང་པོའི་འབྲོག་ལུག་གསོ་ཁ་ནས་བུད་དེ་ཕྱིར་འཚོང་བྱས་པའི་རྣམ་པ་དེར་ཕྱིར་དྲན་བྱེད་སྐབས་རིག་རྡོ་དགོད་བཞིན་དུ་བཤད་རྒྱུར། འབྲོག་ལུག་གསོ་སྤེལ་བྱས་པའི་ལོ་དང་པོར། མཉམ་ལས་ཁང་གི་ཁེ་སྤོགས་སྒོར་མོ་འབུམ་བཞི་དང་ཁྲི་བདུན་ལ་སླེབས་ཟེར།

འཕེལ་རྒྱས་ཀྱི་དགའ་བ་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད་པའི་རི་ཕྱོར་སྡེ་བ་རུ། གསོ་སྤེལ་གཞི་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་པ་དང་། མཉམ་ལས་ཁང་གི་ཁེ་སྤོགས་བགོ་བྱ་ལོ་རེར་འཕར་བཞིན་ཡོད་པས། འབྲོག་པའི་དངུལ་ཁུག་ཇེ་མཐུག་ནས་ཇེ་མཐུག་རུ་གྱུར།

ནོར་ལུག་གསོ་སྤེལ་བྱེད་ཐབས་བརྗེ་དགོས་པ་དང་། འབྲོག་པའི་འཚོ་ཐབས་ཡང་བསྒྱུར་དགོས། སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ་མཉམ་ལས་ཁང་གིས་རྩྭ་ས་དང་། ཕྱུགས་ཟོག་མ་རྐང་དུ་འཇོག་པའི་རྣམ་པ་སྤྱད་དེ། རྩྭ་ས་དང་། ཕྱུགས་ཟོག་ལེགས་སྒྲིག་བྱས་ཤིང་། མཉམ་ལས་ཁང་གིས་གཅིག་གྱུར་གྱིས་ལས་གཉེར་བྱེད་པ་དང་། ས་ཁག་བགོས་ནས་ཕྱུགས་འཚོ་རེས་བྱེད་པ། ཁྱུ་དང་ཁྱུ་བྱས་ནས་གསོ་སྤེལ་བྱེད་པ་བཅས་ལ་རྐྱེན་བྱས་ཏེ་རྩྭ་སས་ཕྱུགས་ཐེག་ཚད་ཀྱི་གནོན་ཤུགས་ཇེ་དམའ་རུ་བཏང་།

ད་ལྟ་རྨ་སྟོད་རྫོང་གི་སྡེ་བ་སུམ་ཅུའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་འབྲོག་ལུག་གསོ་སྤེལ་རྟེན་གཞི་བཙུགས་ཏེ། སྐྱེ་ཁམས་ཕྱུགས་ལས་འཁོར་བསྐྱོད་ཐོན་ལས་སྦྲེལ་ཐག་ཅིག་གྲུབ་ཡོད་ལ། ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པའི་ལམ་བུ་སྔར་ལས་ཇེ་ཡངས་སུ་གྱུར།

མཛོ་རྒན་ར་བར་གྲོང་རྡལ་མཚོ་རིག་སྡེ་བའི་སྡེ་མི་བསོད་ནམས་བཀྲ་ཤིས་ནི2019ལོར་སྡེ་བའི་མཉམ་ལས་ཁང་དུ་ཞུགས་པ་དང་། ལོ་དེར་བགོས་པའི་ཁེ་སྤོགས་སྒོར་མོ་ཁྲི་གཉིས་ལ་སླེབས། ནོར་ལུག་ཇེ་མང་དུ་སོང་བ་དང་། ཡོང་སྒོ་འཕར་སྣོན་བྱུང་ལ། རྩྭ་ས་ལྗང་མདོག་དུ་གྱུར་ཅིང་། འབྲོག་པའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་། སྐྱེ་ཁམས་ལ་གནོད་པ་ཡོད་པའི་རགས་ལས་རང་བཞིན་གྱི་ཕྱུགས་ལས་དོར་བ་དང་། འབྲོག་ལུག་གསོ་སྤེལ་དེ་རིམ་བཞིན་ས་དེའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཏུ་གྱུར།

བཀྲ་ཤིས་དོན་གྲུབ་ཡང་རྨ་སྟོད་ཀྱི་འབྲོག་ལུག་གསོ་སྤེལ་ལས་ཁེ་ཕན་ཐོབ་མཁན་ཞིག་ཡིན། ཁོས་མཚམས་སྦྱོར་བྱས་པ་ལྟར་ན།མཉམ་ལས་ཁང་དུ་ཞུགས་པ་ནས་བཟུང་། ནོར་ལུག་གསོ་སྤེལ་ཚན་རིག་དང་མཐུན་པར་གྱུར་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱས་ནས་ཕྱིར་འཚོང་བྱེད་ཐུབ་པ་བྱུང་བས། རང་ཉིད་ཀྱིས་སེམས་ཁུར་བྱེད་དགོས་མི་དགོས་ལ། མཉམ་ལས་ཁང་དུ་བྱ་བ་སྒྲུབ་ན་ཟླ་ཕོགས་ཡོད་པ་དང་། ལོ་མཇུག་ད་དུང་ཁེ་སྤོགས་བགོ་རྒྱུ་ཡོད་ཅིང་། ཡོང་སྒོ་སྔོན་ཆད་ལས་ཇེ་མང་དུ་སོང་ཡོད། འདི་ལྟ་བུའི་ཡོང་སྒོ་ཡོད་པའི་མཉམ་ལས་ཁང་དུ་ཁོར་བདེ་སྐྱིད་ཀྱི་འཚོ་བར་བསྙེགས་པའི་བློ་སྤོབས་དང་དགའ་བ་ཡོད་པར་གྱུར།

དེ་དང་ཆབས་ཅིག མཉམ་འབྲེལ་དྲ་རྒྱའི་དྲ་ཚོང་ཐོན་ལས་དང་འབྲེལ་ནས་འབྲོག་ལུག་གི་ཤ་ལས་སྣོན་བྱས་པའི་ཐོན་རྫས་དེ་ཟི་ལིང་དང་། པེ་ཅིན། ཧྲང་ཧའེ། ཀོང་ཀྲིག་སོགས་གྲོང་ཁྱེར་རུ་ཕྱིར་ཚོང་བྱས།

ད་ལྟ། རྨ་ཆུའི་འགོ་ཁུངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་བགྲོད་ལམ་སྔར་ལས་རྒྱ་ཆེ་བར་གྱུར་ཏེ། སྐྱེ་ཁམས་དང་། འཚོ་བ། ཐོན་སྐྱེད་སོགས་ཐད་ནས་མཉམ་རྒྱལ་གྱི་རྣམ་པ་ཞིག་མངོན་པ་དང་། མགོ་ལོག་གི་ས་དེའི་འབྲོག་པ་མང་ཚོགས་ཀྱིས་ཀྱང་རང་ཉིད་ཕྱུག་པོར་བསྒྱུར་བའི་ལམ་བུ་ཞིག་བཙལ་ནས་རྙེད།

ཤུགས་ཡོད་ཚད་བཏོན་ནས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་སྐྲུན་པར་བརྟེན་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱུགས་ལས་རྐྱང་བའི་སྡེ་བ་བརྒྱ་དང་དོན་ལྔ་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་རྩ་འཛུགས་བཅོ་བརྒྱད་དེ་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཁུལ་གྱི་ཚོད་ལྟའི་སྡེ་ཚན་གྱི་མཉམ་ལས་ཁང་དུ་ངོས་འཛིན་བྱས།

དུས་མཚུངས་སུ། རྨ་སྟོད་རྫོང་གིས་ཕྱུགས་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཧུར་ཐག་གིས་རྨ་སྟོད་ཀྱི་འབྲོག་ལུག་རྒྱུད་སྤེལ་གསོ་སྤེལ་ཚོད་ལྟ་ཁུལ་སྤེལ་བ་དང་། སྐྱེ་ཁམས་ཕྱུགས་ལས་འཁོར་བསྐྱོད་ཐོན་ལས་ཀྱི་སྦྲེལ་ཐག་ཅིག་སྐྲུན། སྔ་གཞུག་ཏུ་རྩྭ་དེའུ་སྡེ་བའི་འབྲོག་ལུག་རྒྱུད་སྤེལ་ཚོད་ལྟའི་རྟེན་གཞི་དང་། རྨ་ལ་བཞི་སྡེ་བས་ཁྲོམ་གསོ་སྤེལ་ཚོད་ལྟའི་རྟེན་གཞི་སྐྲུན་པར་མ་ཟད། ཚན་རིག་ལྟར་རྒྱུད་སྤེལ་བ་བརྒྱུད་དེ“རྨ་སྟོད་ཀྱི་འབྲོག་ལུག”གི་རྒྱུ་སྤུས་མཐོར་འདེགས་བཏང་བ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་རང་ཉིད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ནུས་པ་ཇེ་མཐོར་བཏང་སྟེ། མུ་མཐུད་དུ“རྨ་སྟོད་ཀྱི་འབྲོག་ལུག”གི་ཁུངས་འདེད་མ་ལག་དང་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་མངོན་པའི་གནད་ས་དང་། དཀའ་གནད་དུས་ལྟར་ཐག་གཅོད་བྱས་ཏེ། སྤུས་ཚད་མཐོར་འདེགས་དང་ཡོང་སྒོ་འཕར་བ་མངོན་འགྱུར་བྱུང་།

མི་ནི་སྔར་ཡོད་ཀྱི་མི་ཡིན་ལ། རྩྭ་ཐང་ཡང་སྔོན་ཆད་ཀྱི་རྩྭ་ཐང་ཡིན་ཞིང་། བསྒྱུར་ཡོད་པ་ནི་འཕེལ་རྒྱས་ཀྱི་རྣམ་པ་དེ་ཡིན། སྐྱེ་ཁམས་ཕྱུགས་ལས་ལ་སྐུལ་འདེད་བྱེད་པ་བརྒྱུད་དེ། མིའི་བསམ་བློ་དང་འདུ་ཤེས་ལ་འགྱུར་བ་བྱུང་བ་དང་། ཕྱུགས་ཟོག་གི་རྒྱུད་སྤེལ་ལེགས་བཅོས་བྱས་ཤིང་།རྩྭ་ས་འོས་འཚམ་གྱིས་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་། དེ་ལས་རྩྭ་སའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཐོབ་ཐུབ་པ་བྱུང་བ་དང་། ཕྱུགས་ལས་ཕན་འབྲས་ཆེས་ཆེར་འཕར་ཐུབ་པ་བྱུང་ལ། འབྲོག་པའི་ཡོང་སྒོ་བསྟུད་མར་འཕར་སྣོན་བྱུང་།

གལ་ཏེ་རྒྱུད་བཟང་འབྲོག་ལུག་བདམས་ནས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་གྲུབ་པ་ནི་རྨ་སྟོད་རྫོང་གིས་ཡོངས་འགྲུབ་བྱས་པའི་གོམ་པ་དང་པོ་རེད་ཅེ་ན། འབྲོག་ལུག་གི་ཤ་ཞིབ་ཚགས་ཀྱིས་ལས་སྣོན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ། དྲ་རྒྱར་བརྟེན་ནས་ཁྲོམ་ར་རྒྱ་སྐྱེད་པ་དང་། ཚོང་རྟགས་གྲགས་ཅན་མཐོར་འདེགས་གཏོང་བ་བཅས་བྱས་ནས་འབྲོག་ལུག་འཕེལ་རྒྱས་ཀྱི“མྱུར་བགྲོད་གཞུང་ལམ”སྟེང་དེད་དེ། རྨ་སྟོད་རྫོང་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་དུ་འཇུག་རྒྱུ་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།