ཏང་ཡོན་རྒན་པ་ཞིག་གིས་ཕ་ཡུལ་གྱི་འཕོ་འགྱུར་གླེང་བ།
2021.10.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

སྙན་སྒྲོན་པ།  ཉན་མཁན་རྣམ་པ། ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན།རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་པའི་ཚན་པའི་ནང་དུ་ང་ཚོས་ཁྱེད་རྣམས་ལ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་གཡང་འབུམ་རྒྱལ། རིག་འཛིན་ཐར་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་ཏང་ཡོན་རྒན་པ་ཞིག་གིས་ཕ་ཡུལ་གྱི་འཕོ་འགྱུར་གླེང་པ་ཞེས་པ་དེ་ཅིག་བཤད།

སྙན་སྒྲོན་པ། སྟོན་མཇུག་གི་མགོ་ལོག་རྩྭ་ཐང་དུ་ས་བབ་ཀྱི་དབང་གིས་གནམ་གཤིས་ཅུང་འཁྱགས་ཤིང་། ག་ས་གང་དུ་སྟོན་གྱི་རང་མདངས་ཤིག་བཅོས་མིན་དུ་མངོན་འདུག ང་ཚོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཐོག་ཏུ་ཐོན་དུས། གློ་བུར་གྱི་ཆར་ཞོད་ཆེན་པོ་ཞིག་གིས་རྩྭ་ཐང་ཆེན་མོ་འདིར་ཡང་བསྐྱར་ཁྲུས་གསོལ་ཐེངས་ཤིག་བྱས་བྱུང་བས་མཐོ་སྒང་གི་གནམ་གཤིས་གྲང་མོའི་རང་བཞིན་ཤིན་ཏུ་གསལ།

ང་ཚོས་རྒྱུད་སྨད་ཆུ་བོའི་འགྲམ་རྒྱུད་དེད་ནས་རྫོང་མཁར་དེའི་ཤར་ཕྱོགས་སུ་སྤྱི་ལེ་བཅུ་གཉིས་ཙམ་བསྐྱོད་པ་པ་ན།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཐོག་མར་འཛུགས་སའི་རྗེས་དྲན་རྡོ་རིང་ཡོད་སའི་གནས་དེར་ཐོན།རྗེས་དྲན་རྡོ་རིང་དེ་ནི་སྤྱི་ལོ་ཉིས་སྟོང་བརྒྱད་ལོར་བཞེངས་པ་ཞིག་ཡིན་ལ་ད་ལྟ་དར་ལག་རྫོང་གི་དམར་པོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་གྲས་ཀྱི་གཅིག་རེད།སྤྱིའི་མཐོ་ཚད་ལ་རྨིད་བརྒྱད་དང་གྲངས་ཆུང་རེ་དྲུག་ཡོད་པའི་རྗེས་དྲན་རྡོ་རིང་དེ་ནི་གཅིག་སྟོང་དགུ་བརྒྱ་ང་བཞི་ལོའི་ཟླ་དང་པོར་སྐབས་དེའི་མགོ་ལོག་བོད་རིགས་རང་སྐྱོང་ལྗོངས་ཏེ་ད་ལྟའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འདི་ཐོག་མར་བཙུགས་པའི་མཚོན་རྟགས་ཡིན་པ་དང་།དམག་མི་ཞིག་དང་འབྲོག་པ་ཞིག་གིས་མཉམ་དུ་སྐར་ལྔའི་དར་དམར་ཞིག་མཐོ་རུ་བཏེགས་ཡོད་པའི་འཇིམ་བརྐོས་རི་མོ་དེ་ནི་མཐུན་སྒྲིལ་དང་ཞི་བདེ།ཡར་བརྩོན་བཅས་ཀྱི་མཚོན་རྟགས་ཡིན་པར་མ་ཟད།སྐར་ལྔའི་དར་དམར་དེ་མཐོ་སྒང་གི་ཕང་བ་འདི་རུ་མི་དམངས་མང་ཚོགས་ཀྱི་རེ་བའི་མིག་ཟུང་གི་ཁྲོད་དུ་ཆེས་ཐོག་མར་རླུང་གིས་ལྷབ་ལྷུབ་བསྐྱོད་པ་རྗེས་སུ་དྲན་པའང་རེད། རྗེས་དྲན་རྡོ་རིང་གི་ཉེ་ལོགས་སུ་སྤང་ཤུན་བཅད་ནས་བསྒྲིགས་པའི་ར་སྐོར་ཆུང་ངུ་མི་ཉུང་བ་ཞིག་བསྟར་ལ་བརྒྱུས་འདུག་པ་དང་།དེ་ནི་སྐབས་དེར་མགོ་ལོག་ས་ཁུལ་གྱི་ཞི་བའི་བཅིངས་འགྲོལ་ཐད་བྱས་རྗེས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་མགོ་ལོག་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་མགོ་ལོག་བྱ་བའི་ཚོགས་པའི་མདའ་དཔོན་བཀྲ་ཤིས་དབང་ཕྱུག་དང་མདའ་དཔོན་གཞོན་པ་མྰ་བན་ལེ་སོགས་ཏང་སྲིད་མགོ་ཁྲིད་པ་རྣམས་ཀྱིས་ཉིན་གྱི་བྱ་བ་སྒྲུབ་གནས་དང་མཚན་གྱི་གཟིམ་ཤག་ཡིན་པར་གྲགས་པས་གུང་ཁྲན་ཏང་མིའི་དཀའ་སྡུག་འབད་འབུངས་ཀྱི་ཞུམ་མེད་སྙིང་སྟོབས་དང་།ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་མགོ་ལོག་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་བསམ་བློའི་མཛུབ་སྟོན་འོགམཐུན་སྒྲིལ་འབད་འཐབ་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་ཕ་ཡུལ་འཛུགས་སྐྲུན་བྱས་པའི་དཀའ་སྡུག་གི་རྔུལ་ཁྲག་གཏོར་སའི་བཤུད་ལམ་རིང་མོ་ཞིག་ཀྱང་འདི་ནས་གཟུགས་ཅན་དུ་མཐོང་བྱུང་།

ཁུངས་སྣེ་འདི་འདྲ་ཞིག་ལ་བརྟེན་ནས་ང་ཚོས་དར་ལག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི།ཏང་ཡོན་རྒན་པ་ལིག་ཆིན་གོ་ལགས་བརྒྱུད་ནས།ལོ་ངོ་དྲུག་ཅུ་ལྷག་གི་སྔ་གཞུག་གི་དར་ལག་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འཕོ་འགྱུར་སྐོར་ལ་གཤིབ་བསྡུར་རང་བཞིན་གྱིས་རྒྱུས་ལོན་ཅུང་ཟད་བྱེད་མགོ་བརྩམས་པར་ཁོས་བཤད་རྒྱུར།

སྤྱིར་མགོ་ལོག་གི་ས་ཆ་འདི་བཅིངས་འགྲོལ་མ་བྱས་པའི་ཡར་སྔོན་དུ་འཚོ་བ་དང་འཚོ་བས་ས་གནས་བཅད་བཟུང་གི་རྣམ་པར་གནས་ཡོད་པ་ཞིག་རེད།དེ་ནས་ཏང་ཀྲུང་དབྱང་གི་མཛུབ་སྟོན་ལྟར་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་མགོ་ལོག་བྱ་བའི་ཚོགས་པའི་མདའ་དཔོན་བཀྲ་ཤིས་དབང་ཕྱུག་དང་མདའ་དཔོན་གཞོན་པ་མྰ་བན་ལེ་སོགས་མགོ་ལོག་ས་ཆར་ཡོང་ནས།རིམ་བཞིན་མགོ་ལོག་ཞི་བས་བཅིངས་འགྲོལ་བྱས་པ་དང་།སྐབས་དེར་དམག་དམངས་ཀྱི་འབྲེལ་འདྲིས་ཧ་ཅང་ཡག་པོ་ཡིན་ལ་ལས་བྱེད་པ་རྣམས་ཉིན་རྒྱུན་དུ་མི་དམངས་མང་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་ཟབ་ཞུགས་བྱས་ནས་གུང་ཁྲན་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་མང་ཚོགས་ཀྱི་ཁྲོད་དུ་དྲིལ་སྒྲོག་དང་དངོས་འབེབས་བྱས་ཏེ།དེ་ནས་བཟུང་ཏང་ཡོན་ལས་བྱེད་པ་དང་དམག་དམངས་མཉམ་འབྲེལ་གྱིས་མགོ་ལོག་དར་ལག་ས་ཁུལ་འདི་མཉམ་དུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་རེད་ཟེར།

སྙན་སྒྲོན་པ།  སྐབས་དེར་མཐོ་སྒང་གི་རྩྭ་ཐང་ཡངས་པོ་འདི་རུ་འཚོ་གཞེས་བྱེད་བཞིན་པའི་མི་རེ་རེའི་ངག་ན་རྩྭ་ཐང་དུ་གསེར་གྱི་ཁྱུང་ཆེན་ཞིག་ཕུར་འོངས། དེ་ནི་གུང་ཁྲན་ཏང་ཡིན་ལ།གུང་ཁྲན་ཏང་གིས་ང་ཚོའི་དཀའ་སྡུག་མང་པོ་ཞིག་ཐག་གིས་བཅད་པས། རི་རབ་ལས་དཔང་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པའི་གུང་ཁྲན་ཏང་གི་བཀའ་དྲིན་དེ་ང་ཚོས་ཚེ་རབས་ཀུན་ཏུ་བརྗེད་མི་སྲིད་ཅེས་པའི་བསྟོད་གླུ་ཞིག་གང་སར་ཁྱབ་ཀྱིན་འདུག དངོས་གནས་ཀྱང་དེ་ལྟར་ཡིན་ཏེ། ལས་ལ་བརྩོན་པའི་མགོ་ལོག་མི་དམངས་དེ་དུས་ཡུན་རིང་བོའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་བཀག་རྒྱ་ལས་ཐར་ཏེ།རླབས་ཆེ་བའི་གུང་ཁྲན་ཏང་གི་བསམ་བློའི་མཛུབ་སྟོན་འོགདཀའ་སྤྱད་འབད་བརྩོན་གྱིས་རང་གི་ཕ་ཡུལ་དང་ཁྱིམ་གཞིས་གསར་སྐྲུན་བྱེད་པའི་ལས་ལ་ཞུགས་པ་ནི་འོད་ཟེར་གྱིས་ཁེངས་པའི་ལམ་གྱི་གདམ་ཀ་ཉག་ཅིག་ཅི་ལ་མིན།ཡིན་ནའང་སྐབས་དེར་དར་མགོ་ལོག་ལག་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཐད་རང་ནུས་རྩལ་དུ་འདོན་བཞིན་པའི་མགོ་ཁྲིད་ལས་བྱེད་པ་དང་ལས་བཟོ་བ། མི་དམངས་མང་ཚོགས་བཅས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དེ་ཤིན་ཏུ་དམའ་བའི་ཚད་རིམ་ཞིག་ཏུ་གནས་འདུག་སྟེ།གནས་ཚུལ་དེའི་སྐོར་ནས་སྐབས་དེའི་སྤྱི་ཚོགས་འཚོ་བར་དངོས་སུ་ཟབ་ཞུགས་བྱེད་མྱོང་མཁན་གྱི་ད་ལྟའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི།ཏང་ཡོན་རྒན་པ་ལིག་གོ་ཆིན་གྱིས་བཤད་རྒྱུར།

 སྐབས་དེར་དམག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དེ་ཧ་ཅང་ཞན་པ་རེད། ཐ་ན་གུར་གཅིག་གི་ནང་དུ་མི་ལྔ་རེ་བསྡད་ཡོད་པ་དང་དེ་ནི་ཉིན་གྱི་བྱ་སྒྲུབ་ས་དང་མཚན་མོ་ངལ་གསོ་ས་རེད། དེ་མིན་སྤང་ཤུན་བཅད་ནས་ར་བསྒྲིགས་ཏེ་གླང་མས་ཀླད་བཀབ་སྟེ་འདུག་ས་བྱས་ཡོད་པ་རེད། དེ་ནས་མགོ་ལོག་ཁུལ་དེ་ད་ལྟའི་ཁུལ་སྲིད་གཞུང་གི་ས་གནས་དེར་སྤར་རྗེས་དར་ལག་རྫོང་དེ་དར་ལག་རྒྱུས་མདོ་ནས་གནས་སྤར་ཏེ་འདིར་ཡོང་བ་རེད། སྐབས་དེར་དར་ལག་ས་ཁུལ་འདིའི་ཕྱོགས་གང་ཐད་ནས་བཅིངས་འགྲོལ་སྔོན་དང་བསྡུར་ན་ཅུང་ཙམ་ལེགས་མོད་དེང་སྐབས་དང་བསྡུར་ན་འཚོ་བའི་ཕྱོགས་ཡོངས་ནས་ངན་ངོན་གྱི་གནས་སུ་ཡོད་དེ། ཐ་ན་ལས་པ་རྣམས་ཀྱང་གུར་ནང་དུ་འདུག་དགོས་པ་དང་གློག་ཀྱང་མེད་པས་ཞག་སྒྲོན་བཀར་དགོས་པ་དང་།རང་ཉིད་ལས་བྱེད་པའི་བྱ་བར་ཞུགས་དུས་ཀྱང་དེ་འདྲ་ཡིན་ཏེ།ལས་བྱེད་པ་རྣམས་ཀྱིས་མཚན་མོར་སྣུམ་སྒྲོན་ལ་བརྟེན་ནས་བྱ་བ་སྒྲུབ་ཀྱི་ཡོད་པས་ཕྱིར་ཉིན་བལྟས་ན་སྐྲ་ཚིག་འདུག་པ་དང་སྣ་ཁུངས་ནང་ནག་པོར་གྱུར་འདུག་པ་སོགས་ཧ་ཅང་མང་པོ་ཡོད། དངོས་གནས་འཚོ་བའི་ཆ་རྐྱེན་སྡུག་པོ་ཡིན།

སྙན་སྒྲོན་པ།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཚུན་དང་ལྷག་པར་དུ་ཏང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་བོ་དཔྱིད་ཀྱི་རླུང་བུ་ཇི་བཞིན་མཐོ་སྒང་གི་ཡུལ་ཕྱོགས་ཀུན་ཏུ་ལྷོད་ཀྱིས་ལྡང་ཞིང་།ལྷག་པར་དུ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་སྐབས་སུ་བསྡུས་པའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་བཅུ་དགུ་པའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་པར།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་ཀྱང་ཡུལ་ཕྱོགས་གཞན་དག་དང་འདྲ་བར་ཏང་གི་དམངས་ཕན་སྲིད་ཇུས་རེ་རེ་ཁྱིམ་ཚང་ཁྲི་སྟོང་མང་པོར་དངོས་འབེབས་བྱས་པས།སྔོན་ཆད་དང་བསྡུར་ན་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ་དེའི་སྐོར་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི།ཏང་ཡོན་རྒན་པ་ལིག་ཆིན་གོ་ཡིས་འདི་ལྟར་གཤིབ་བསྡུར་ཞིག་བྱས་བྱུང་།

སྐབས་དེ་དང་ད་ལྟ་གཉིས་བསྡུར་ན་དངོས་གནས་གནམ་ས་བླ་འོག་བརྗེས་པ་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ནི་རེད། སྔོན་ཆད་ལས་བྱེད་པ་རྣམས་ཟི་ལིང་ནས་རྟ་ལ་བྱོན་ནས་དར་ལག་རྫོང་དུ་ཡོང་ན་ཉིན་མང་པོ་དགོས་ནི་རེད།རྗེས་སུ་ལམ་དང་རླངས་འཁོར་ཆེ་བ་ཡོད་པས་དེར་བསྡད་ནས་ཡོང་ན་ཉིན་བདུན་གྱིས་ཐོན་ཐུབ།ད་ལྟ་རླངས་འཁོར་ཆུང་བར་བསྡད་ནས་ཡོང་ན་དུས་ཚོད་འགའ་ཡིས་ཐོན་ཐུབ་པས་ལོ་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནི་རེད། སྔོན་ཆད་མི་དམངས་མང་ཚོགས་ཀྱིས་ཆུ་ལེན་པར་ཡང་གཡག་ལ་བཀལ་ནས་འགྲོ་དགོས་པ་དང་ཐ་ན་ཟོང་སྐུར་ཞིག་བྱས་ནའང་མཛུབ་སྐུད་བཏགས་ནས་མ་སོང་ན་ད་ལྟའི་ཁ་པར་སོགས་འཚོ་བའི་སྤྱོད་ཆས་འདི་འདྲ་སྟབས་བདེ་མེད་པས་བརྗེད་འགྲོ་ནི་རེད།སྔོན་ཆད་ཡི་གེ་ལ་བལྟ་བར་གློག་ཤིན་ཏུ་དཀོན་པ་དང་ད་ལྟ་ཟ་མ་ལས་སྤྱད་དང་ཆུ་བསྐོལ་སྤྱད།ཉལ་ས་དྲོས་སྤྱད་སོགས་ཚང་མར་གློག་ཡོད་པ་འདི་ལྟ་བུ་ཁོ་ནའི་སྟེང་ནས་ཀྱང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནི་རེད།

སྙན་སྒྲོན་པ།  ཏང་ཡོན་རྒན་པ་ལིག་ཆིན་གོ་ཡིས་བཤད་པ་ནང་བཞིན། ཉེ་བའི་ལོ་ཤས་རིང་དར་ལག་རྫོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།མགོ་ལོག་ཁུལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་སྟོབས་ལྡན་མགོ་ཁྲིད་འོགབློ་ཐག་རྦད་ཆོད་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་དངོས་འབེབས་དང་འབད་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་སྐུལ་འདེད་བཏང་ནས།ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་སྐྱེ་ཁམས་དང་རང་བྱུང་སྐྱེ་ཁམས།སྤྱི་ཚོགས་སྐྱེ་ཁམས་བཅས་ཀྱི་སྟེང་དུ་ཤུགས་སྣོན་བྱས་ཏེ།དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ།མི་རིགས་མཐུན་སྒྲིལ་བཅས་ཀྱི་ཐད་ནས་གཡུར་ཟའི་གྲུབ་འབྲས་བླངས། རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉི་ཤུ་ལོར་དར་ལག་རྫོང་ཡོངས་ཀྱི་གཏན་འཇགས་མ་དངུལ་དེ་སྒོར་མོ་དུང་ཕྱུར་བདུན་ལས་བརྒལ་ཞིང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་བསྟུད་མུར་ལོ་གཉིས་ལ་འཕར་སྣོན་བྱུང་སྟེ་སྒོར་མོ་དུང་ཕྱུར་བཞི་དང་ས་ཡ་བཞི་བྱེ་བ་བདུན་ལ་བུད།གྲོང་གསེབ་སྡོད་དམངས་ཀྱི་ཆ་སྙོམས་ཡོང་འབབ་དེ་སྒོར་མོ་ཁྲི་གསུམ་དང་སྟོང་བཞི་བདུན་བརྒྱ་གྱ་གསུམ་དང་།རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྒོར་མོ་སྟོང་བརྒྱད་དང་བརྒྱ་བརྒྱ་སོ་དྲུག་ལྷག་ཏུ་འཕར་སྣོན་བྱུང་སྟེ། གྲོང་གསེབ་ཀྱི་རྣམ་པ་དང་མི་དམངས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།སྤྱི་ཚོགས་སྔར་ལས་བདེ་འཇགས་བཅས་ཡིན་པས་དར་ལག་རྫོང་གི་ས་ཕྱོགས་ཀུན་ཏུ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་བས་ཡོངས་སུ་ཁེངས་འདུག

སྙན་སྒྲོན་པ།  གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་གཡང་འབུམ་རྒྱལ།རིག་འཛིན་ཐར་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་ཏང་ཡོན་རྒན་པ་ཞིག་གིས་ཕ་ཡུལ་གྱི་འཕོ་འགྱུར་གླེང་བ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།

གསར་འགོད་པ། ཨ་བརྟན་རྒྱལ།  གཡང་འབུམ་རྒྱལ།  རིག་འཛིན་ཐར། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།