རྒྱུད་བཟང་ནོར་གནག་ལ་བརྟེན་པའི་འཚོ་བའི་བཤུད་ལམ།
2021.10.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 65

སྙན་སྒྲོན་པ།  ཉན་མཁན་རྣམ་པ།  ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན། རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ནང་ང་ཚོས་ཁྱེད་རྣམས་ལ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་གཡང་འབུམ་རྒྱལ།རིག་འཛིན་ཐར་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་རྒྱུད་བཟང་ནོར་གནག་ལ་བརྟེན་པའི་འཚོ་བའི་བཤུད་ལམ་ཞེས་པ་དེ་གཏང་རྒྱུ།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཡིན་ཞིང་། ལོ་ངོ་བརྒྱ་ཡི་རིང་ལ་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་སྡུག་གི་རྔུལ་ཆུའི་ཁྲོད་ནས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད། ད་ལྟ་ང་ཚོས་ཕྱི་མིག་བལྟས་ན།བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་མེས་རྒྱལ་ས་གཞི་ཆེན་པོའི་སྟེང་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་དཔྱིད་རླུང་ཕྱོགས་སུ་ལྡང་བས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཐད་ལ་སྔར་མེད་ཀྱི་འགྱུར་ལྡོག་ཆེས་ཆེར་བྱུང་ཞིང་།ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་བཅུ་དགུ་པའི་དམངས་ཕན་སྲིད་ཇུས་སྣ་ཚོགས་ཀྱི་དགོངས་དོན་ས་གནས་ཀུན་ཏུ་ལག་བསྟར་དོན་འཁྱོལ་བྱས་པར་མི་དམངས་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་འདིར།མེས་རྒྱལ་ས་གཞི་ཆེན་པོའི་སྟེང་དུ་དབུལ་ཕོངས་ཀྱི་ལོ་རྒྱུས་ལ་གཞི་ནས་རྫོགས་ཤད་བཀོད་དེ། ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་མི་དམངས་དུང་ཕྱུར་བཅུ་བཞི་རྡོག་རྩ་གཅིག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་ཕྱོགས་སུ་མཆོང་སྐྱོད་བྱེད་བཞིན་པའི་སྐབས་འདིར།ཀྲུང་ཧྭའི་ཆུ་མཛོད་དུ་གྲགས་པའི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ན་འཚོ་ཞིང་གནས་པའི་མགོ་ལོག་མི་དམངས་ཀྱིས་ཀྱང་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་བྱེད་ཕྱོགས་དང་བསྟུན་ནས།རང་སའི་ཐོན་ཁུངས་ཀྱི་དགེ་མཚན་སྣ་ཚོགས་སྲུང་འཛིན་བྱས་ཏེ་འབྱོར་ཕྱུག་གི་ལམ་ཁར་སྙེག་བཞིན་པ་ནི་ཡིད་ཀྱི་དྭངས་བ་འདྲེན་པའི་གནས་འབའ་ཞིག་ལགས།

དེ་ཡང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོ་གྲོང་རྡལ་བག་མ་སྡེ་བ་ནི་ཏང་གི་ཡང་དག་པའི་དམངས་ཕན་སྲིད་ཇུས་སྣ་ཚོགས་ཀྱི་སྣེ་ཁྲིད་འོག་དང་།ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་བཟང་བོའི་རྒྱབ་རྟེན་འོག་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་པའི་ཚབ་མཚོན་རང་བཞིན་གྱི་སྡེ་བ་ཞིག་རེད།རྒྱུས་ལོན་བྱུང་བ་ལྟར་ན་ད་ལྟ་སྡེ་བ་དེ་ལ་ཁྱིམ་ཚང་སུམ་བརྒྱ་སོ་བདུན་དང་མི་གྲངས་སྟོང་གཅིག་དང་བརྒྱ་དང་ཞེ་ལྔ་ཡོད། ཟི་ལིང་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་སྡེ་བ་དེ་བརྒྱུད་ནས་ཡོད་པས་ཁོ་ཚོས་ས་བབ་ཀྱི་དགེ་མཚན་ལ་བརྟེན་ནས་ལམ་འགྲམ་དུ་ཚོང་ལས་གཉེར་མཁན་ཡང་མང་པོ་ཞིག་འདུག་མོད།ཡིན་ནའང་སྡེ་བ་དེ་ནི་སྔ་མོ་ནས་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་ལ་ད་ལྟའང་ཁོ་ཚོའི་དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་དེ་སྔར་བཞིན་ཕྱུགས་ལས་ཐོན་སྐྱེད་ལ་བརྟེན་ཡོད་པ་ཞིག་རེད། དེས་ན་ད་ལྟའི་བག་མ་སྡེ་བས་ཕྱུགས་ལས་ཐོན་སྐྱེད་དེ་ལམ་ཁ་གང་འདྲ་ཞིག་ལ་སྙེག་བཞིན་ཡོད་དམ་ཞེ་ན།དེའི་སྐོར་ནས་བག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལུང་རྟོགས་ཀྱིས་འདི་ལྟར་མཚམས་སྦྱོར་བྱས་བྱུང་།

     ང་ཡིན་ན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོ་གྲོང་རྡལ་བག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལུང་རྟོགས་ཡིན།རང་ཉིད་ཀྱིས་སྡེ་བའི་ཧྲུའུ་ཅིའི་འགན་འཁུར་ནས་ལོ་བརྒྱད་འགོར་ཙམ་ཡིན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་དཀྱོགས་མཚམས་ཀྱི་དུས་སྐབས་གལ་ཆེན་ཞིག་རེད། དེ་ཡིན་ན་ཉེ་བའི་ལོ་འདི་དག་གི་རིང་ལ་ཕྱི་མིག་ཅིག་བལྟས་ན། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་བཅུ་དགུ་པའི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་པས་མི་དམངས་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་བཞིན་གྱི་འགྱུར་ལྡོག་བྱུང་འདུག སྔོན་ཆད་ང་ཚོ་སྡེ་བ་འདིའི་མི་དམངས་མང་ཚོགས་ཀྱི་ཡོང་འབབ་དེ་ལོ་གཅིག་ལ་ཆ་སྙོམས་ཀྱིས་མི་རེར་སྒོར་མོ་སྟོང་གཅིག་ནས་གཉིས་མ་གཏོགས་མེད། ལོ་མང་པོའི་རིང་ལ་ཏང་གི་ཡང་དག་པའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་པར་ད་ལྟ་སྡེ་བའི་ལོ་གཅིག་གི་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྒོར་མོ་སྟོང་བརྒྱད་ནས་དགུ་ལ་བུད་ཡོད།དེ་ཡིན་ན་གཙོ་བོ་མི་དམངས་མང་ཚོགས་རང་ཉིད་ཀྱིས་ས་གནས་ཀྱི་ཐོན་ཁུངས་བཟང་བོ་བེད་སྤྱོད་བྱས་ཏེ་དབྱར་རྩྭ་དགུན་འབུ་སོགས་འཐུས་པ་དང་།གཞན་ཞིག་ནི་ཏང་གི་སྲིད་ཇུས་དང་བསྟུན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཤུགས་སྣོན་བྱས་པའི་འབྲས་བུ་ལས་བྱུང་བ་རེད།སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུ་ཡོང་བ་ལ་ང་ཚོའི་སྡེ་བར་མཚོན་ན་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་སྟབས་འབྲོང་རྒྱུད་དར་སྤེལ་བྱེད་པའི་བྱ་བའི་སྟེང་དུ་ཤུགས་སྣོན་རྒྱག་བཞིན་ཡོད་པ་དང་།དེ་ཡིན་ན་ད་སྐབས་འབྲོང་རྒྱུད་དར་སྤེལ་བྱེད་པའི་ཕྱུགས་ལས་གཉེར་སྟངས་འདི་ལ་ཕན་འབྲས་ཆེན་པོ་ཡོད་འདུག་ཟེར་ནས་སྡེ་མི་རྣམས་ཀྱིས་ཀྱང་རྡོག་རྩ་གཅིག་སྒྲིལ་གྱིས་

དེའི་སྟེང་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད།

སྙན་སྒྲོན་པ།  བག་མ་སྡེ་བ་ནི་བག་མ་ལུང་པར་ཆགས་ཡོད་པ་དང་རྟ་བོ་གྲོང་རྡལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ཉེར་བདུན་ལྷག་བསྐྱོད་ཚེ་བག་མ་སྡེ་བར་ཐོན་ཐུབ།སྐབས་དེར་ང་དང་རླངས་འཁོར་གཅིག་ཏུ་ཡོད་པའི་བག་མ་སྡེ་བའི་ཧྲུའུ་ཅི་ལུང་རྟོགས་ཀྱིས་ཁོ་ཚོའི་སྡེ་བའི་མིང་ལ་བག་མ་སྡེ་བ་ཞེས་ཐོགས་པའི་སྐོར་ནས་ང་ལ་ཡིད་དབང་འཕྲོག་པའི་ངག་རྒྱུན་འདི་འདྲ་ཞིག་ཀྱང་བཤད་བྱུང་སྟེ། སྔོན་ཆད་ཨ་མྱེས་རྨ་ཆེན་གངས་རིའི་སྲས་མོ་ཞིག་གཉན་པོ་གཡུ་རྩེའི་བུ་ལ་བག་མར་བསུས་ཤིང་།བག་མར་སྐྱེལ་མ་བྱེད་མཁན་རྣམས་ལམ་བར་གྱི་ལུང་པ་ཞིག་ལ་ཐོན་དུས་བག་མ་དེ་ཕྱིར་རང་ཡུལ་ཕྱོགས་ལ་ཞེ་ཆགས་སྟེ་མུ་མཐུད་དུ་འགྲོ་བར་མ་འདོད་པར་ས་དེར་ཙོག་ནས་ཡུན་རིང་བསྡད་པར་གླིང་གི་རྒྱ་ཚ་ཞལ་དཀར་གཙོས་དཔའ་རྟུལ་སྐོར་ཞིག་ཆེད་དུ་བསུ་མ་བྱེད་པར་ལུང་པ་དེར་ཐོན་ནས་རྟེན་འབྲེལ་ཡག་པོའི་གུང་བསྒྲིགས་པར་གྲགས། དེ་ནས་བཟུང་ལུང་པ་དེར་བག་མ་ལུང་པ་ཞེས་ཐོགས་ཤིང་། རྗེས་སུ་རིམ་བཞིན་ངག་རྒྱུན་དེ་ལ་གཞི་བྱས་ནས་སྡེ་བའི་མིང་ལའང་བག་མ་སྡེ་བ་ཞེས་མིང་དུ་ཐོགས་པར་གྲགས། བག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལུང་རྟོགས་ཀྱིས་ངག་རྒྱུན་མཚར་བོ་དེ་འདྲ་ཞིག་བཤད་ནས་སྐབས་ཤིག་ལ་ཐོན་དུས་ང་ཚོ་ཡང་གཞི་ནས་བག་མ་སྡེ་བར་ཐོན་བྱུང་། ལམ་འགྲམ་གྱི་རྩྭ་རའི་ནང་དུ་འབྲོག་ཁྱིམ་ཁེར་རྐྱང་ཞིག་འདུག་ལ་དེའི་མཐའ་སྐོར་དུ་འབྲོང་ཚ་མང་པའི་ནོར་ཁྱུ་ཞིག་རྩྭ་ཆུར་རོལ་འདུག མ་གཞིར་ཁྱིམ་ཚང་དེ་ནི་བག་མ་སྡེ་བའི་ཕྱུག་འགྱུར་སྣེ་ཁྲིད་མཁན་རྨ་ཆེན་ཚང་ཡིན་པ་དང་།ང་ཚོ་རླངས་འཁོར་ལས་བབ་མ་ཐག་བོད་ལྭ་གྲལ་དག་གྱོན་པའི་སྐྱེས་པ་ལོ་ན་བཞི་བཅུ་ལྷག་ཙམ་ཞིག་དང་མི་སྐོར་ཞིག་གིས་ང་ཚོས་མདུན་བསུས་བྱུང་། བོད་ལྭ་གྱོན་པའི་སྐྱེས་པ་དེ་ནི་བག་མ་སྡེ་བའི་ཕྱུག་འགྱུར་སྣེ་ཁྲིད་མཁན་རྨ་ཆེན་ཡིན་ལ་ཁོས་ང་ཚོ་དང་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་དུ། སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་ལས་བརྒལ་ནས་འབྲོང་རྒྱུད་དར་སྤེལ་བྱེད་པའི་དགེ་མཚན་དང་རིན་ཐང་སྐོར་ནས་ཁ་བརྡ་འདི་ལྟར་བྱས་བྱུང་།

རྨ་ཆེན་གྱི་སྐད་ཆ།  ང་རང་ཡིན་ན་ཆུང་དུས་ནས་ཕྱུགས་ལས་གཉེར་ནས་ཡོང་མཁན་ཞིག་ཡིན།སྔོན་ཆད་ཡིན་ན་ཁྱིམ་ཚང་གི་འཚོ་བའི་ཡོང་སྒོ་སོགས་དེ་འདྲ་བཟང་རྒྱུ་མེད། དེའི་རྗེས་སུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་འོག་རང་ཉིད་ཀྱིས་འབྲོང་ཚ་རྒྱུད་རྗོགས་ཏེ་འབྲོང་རྒྱུད་དར་སྤེལ་བྱེད་པའི་ཚོང་ལམ་འདིར་ཞུགས་པ་ཡིན། དེ་ལྟར་ཚོང་ལས་གཉེར་ན་ཁྱིམ་ཚང་གི་ཡོང་སྒོའི་ཐད་ནས་ཀྱང་ལོ་རེར་སྒོར་མོ་འབུམ་གཉིས་ནས་གསུམ་ཙམ་ཡོད་པས་སྔོན་ཆད་ཀྱི་ལྡབ་གཉིས་ནས་གསུམ་ཙམ་འཕར་སྣོན་བྱུང་ཡོད་པ་དེ་འདྲ་ཞིག་རེད། རང་ཉིད་ལ་མཚོན་ན་བག་མ་སྡེ་བའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཀྱང་ཡིན། དེ་ཡིན་ན་རང་གིས་ནུས་པ་ཅི་ཞིག་བཏོན་པ་ཡིན་ནམ་ཟེར་ན།རང་གི་སྡེ་བའི་ནང་གི་ན་གཞོན་སྐོར་ཞིག་འབྲོང་རྒྱུད་དར་སྤེལ་བྱེད་སྟངས་སྐོར་གྱི་ཚོང་ལམ་འདིར་ཁྲིད་ནས་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ་དང་།ཁོ་ཚོས་ཀྱང་ཚོང་ལས་འདི་གཉེར་བ་ལ་བསྟེན་ནས་ཡོང་སྒོ་མང་དུ་བཙལ་ཐུབ་ཀྱི་ཡོད།

སྙན་སྒྲོན་པ།  ཏང་གི་སྲིད་ཇུས་བཟང་བོའི་སྣེ་ཁྲིད་འོགབག་མ་སྡེ་བའི་སྡེ་མི་མང་པོ་ཞིག་གིས་རང་སའི་ཁྱད་སྟོབས་བཟང་བོར་རྐང་བཙུགས་ནས་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ།གདོད་མའི་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་ལ་དེང་རབས་ཀྱི་བསམ་བློ་གསར་བས་ཟུར་བརྒྱན་ནས་ཕྱུགས་རྒྱུད་དར་སྤེལ་བྱས་ཏེ་ཕྱུགས་འགྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད་ཅིང་།ཡེ་ཤེས་གྲགས་པ་ནི་ན་གཞོན་དེ་དག་གི་ཁྲོད་ཀྱི་གཅིག་རེད། བོད་ཀྱི་མཁས་པ་ཆེན་མོ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་ལགས་ཀྱིས།གལ་ཏེ་མདོ་དབུས་མཐོ་སྒང་དུ་ནོར་གནག་ཅེས་པ་ཞིག་མེད་ཚེ་བོད་མི་རིགས་ཞེས་པ་ཞིག་ཀྱང་ཡོད་མི་སྲིད་ཅེས་ནོར་གནག་ཅེས་པའི་སེམས་ཅན་འདི་ལ་དྲིན་གཟོ་དང་གདེང་འཇོག་གནང་པ་ཅི་བཞིན།བག་མ་སྡེ་བའི་སྡེ་མི་ཡེ་ཤེས་གྲགས་པས་ཀྱང་རང་ཉིད་ཐོག་མར་འབྲོང་རྒྱུད་དར་སྤེལ་བྱེད་པའི་ཚོང་ལམ་འདིར་ཇི་ལྟར་ཞུགས་ཚད་དང་། དེ་བཞིན་ཚོང་ལམ་འདི་འདྲ་ཞིག་ལ་ཞུགས་པའི་དམིགས་ཡུལ་དང་དགེ་མཚན་བཅས་ཀྱི་ཐད་ནས་འདི་ལྟར་བཤད་བྱུང་།

ཡེ་ཤེས་གྲགས་པའི་སྐད་ཆ།   ང་རང་ཉིད་ཡིན་ན་བག་མ་སྡེ་བའི་སྡེ་མི་ཞིག་ཡིན།  སྤྱིར་རང་ཉིད་འབྲོག་པ་ཞིག་ཡིན་ཡང་ཐོག་མར་ཚོང་ལམ་ལ་ཞུགས་དུས་འདིའི་སྐོར་གྱི་ཚོང་ལས་དེ་དེ་འདྲ་ཡག་པོ་ཞིག་ཡོང་གི་མི་འདུགསྐབས་དེར་ང་ཚོ་སྡེ་བའི་སྡེ་མི་རྨ་ཆེན་གྱིས་འབྲོང་རྒྱུད་དར་སྤེལ་བྱེད་པའི་སྐོར་ནས་ཚོང་ཡག་པོ་རྒྱག་བཞིན་གདའ།   དེ་བས་རྗེས་སུ་རང་ཉིད་ཀྱང་རྨ་ཆེནགྱི་གམ་དུ་སོང་ནས་རང་ཉིད་ཀྱིས་ཀྱང་ཚོང་ལས་དེ་འདྲ་གཉེར་རྒྱུའི་རེ་འདུན་བརྗོད་པ་ཡིན། དོན་དག་དེའི་སྐོར་ལ་རྨ་ཆེན་ཡང་ཡིད་འཐད་བྱུང་ཞིང་དེ་དང་མཉམ་དུ་རྨ་ཆེན་གྱིས་ཀྱང་སྡེ་བར་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཐོན་རྒྱུ་དང་གཅིག ཕ་ཡུལ་གྱི་ཕྱུགས་ས་སྲུང་སྐྱོབ་བྱེད་རྒྱུ་དང་གཉིས། དེ་མིན་དཔལ་འབྱོར་གྱི་ཡོང་སྒོང་འཕར་སྣོན་འབྱུང་དུ་འཇུག་རྒྱུ་དང་གསུམ་བཅས་ཀྱི་སྟེང་ནས་རང་གི་བསམ་ཚུལ་བརྗོད་ཐལ།  དེ་ལྟར་རྨ་ཆེན་གྱིས་སྣེ་ཁྲིད་འོག་ང་ཚོས་འབྲོང་རྒྱུད་དར་སྤེལ་བྱེད་པའི་ཚོང་འདི་བརྒྱབ་པས་དཔལ་འབྱོར་གྱི་ཡོང་འབབ་ཐད་འཕར་སྣོན་ཆེན་པོ་བྱུང་སོང་། སྤྱིར་དེང་གི་དུས་སྐབས་འདིར་ཚང་མར་ནོར་གནག་ལ་སྤྲོ་བ་མེད་པ་ལྟ་བུ་ཞིག་ཏུ་གྱུར་འདུག་ཀྱང་།  དོན་གྱིས་འདི་ལ་དགེ་མཚན་ཆེན་པོ་ལྡན་ཏེ།ནོར་གནག་གི་ཤ་ཁྲག་རུས་གསུམ་དང་མར་ཆུར་འོ་གསུམ་སོགས་ལ་འདང་ཞིག་བརྒྱབ་ནའང་འདི་ནི་དངོས་གནས་ཡིད་བཞིན་གྱི་ནོར་བུ་ཞིག་དང་འདྲ། དེ་བས་ནོར་གནག་ལ་འདི་འདྲ་བའི་ངོས་འཛིན་བྱེད་སྟངས་ཀྱི་ཐོག་ནས་ང་ཚོས་འབྲོང་རྒྱུད་དར་སྤེལ་བྱེད་པའི་ཚོང་ལས་འདི་འདྲ་ཞིག་གཉེར་བས་སྡེ་མི་རྣམས་ཀྱི་དཔལ་འབྱོར་ཡོང་སྒོ་ལ་ཡང་འཕར་སྣོན་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།

སྙན་སྒྲོན་པ།ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་གཡང་འབུམ་རྒྱལ། རིག་འཛིན་ཐར་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་རྒྱུད་བཟང་ནོར་གནག་ལ་བརྟེན་པའི་འཚོ་བའི་བཤུད་ལམ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། ཨ་བརྟན་རྒྱལ། གཡང་འབུམ་རྒྱལ། རིག་འཛིན་ཐར།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།