ཨ་ཁུ་སྒྲོལ་བསམ་གྱི་མི་ཚེ་དང་འགྲོགས་པའི་པདྨའི་འཕོ་འགྱུར།
2021.10.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

སྙན་སྒྲོན་པ།  ཉན་མཁན་རྣམ་པ།ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན།རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་ཅེས་པའི་ཚན་པའི་ནང་དུ་ང་ཚོས་ཁྱེད་རྣམས་ལ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་གཡང་འབུམ་རྒྱལ།རིག་འཛིན་ཐར་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་ཨ་ཁུ་སྒྲོལ་བསམ་གྱི་མི་ཚེ་དང་འགྲོགས་པའི་པདྨའི་འཕོ་འགྱུར་ཞེས་པ་དེ་གཏང་རྒྱུ་ཡིན།

སྙན་སྒྲོན་པ།  ད་ལོ་ལོ་ན་དོན་གཉིས་ལ་སོན་པའི་ཨ་ཁུ་སྒྲོལ་བསམ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཡར་ཐང་ཡུལ་ཚོའི་མི་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ནས་ལོ་ང་གཅིག་འགོར་ཡོད་པའི་ཏང་ཡོན་རྒན་པ་ཞིག་ཀྱང་རེད། ཁོང་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཞེ་དགུ་ལོར་སྐྱེས་ཤིང་བྱིས་པའི་དུས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན་པས་ཕ་མ་དང་མཉམ་དུ་སྤྱིར་བཏང་གི་འབྲོག་པ་ཞིག་གི་འཚོ་བ་མི་རོལ་ཐབས་མེད་གྱུར།སྐབས་དེར་རང་རེའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱང་བཙུགས་ནས་རིང་བོ་ལོན་མེད་པས་ཡུལ་ཕྱོགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཡང་ཅུང་རྗེས་ལུས་ཀྱི་གནས་སུ་ལུས་ཡོད།ཨ་ཁུ་སྒྲོལ་བསམ་ལགས་ཀྱི་ཕ་ས་ཕ་ཡུལ་ཏེ་པདྨ་རྫོང་ལ་མཚོན་ནའང་གནས་བབ་དེ་འདྲ་ཞིག་ལས་མ་འདས། སྐབས་དེར་ཁོས་ཕྱིང་གུར་དུ་མ་དང་ཁང་ལེབ་རེ་འགའ་མ་གཏོགས་མེད་པའི་རང་གི་ཕ་ཡུལ་པདྨ་རྫོང་གི་འཚོ་བ་སྡུག་པོ་དེ་དང་ཕ་ཡུལ་མི་དམངས་ཀྱི་རྗེས་ལུས་ཀྱི་བསམ་བློ་རེ་རེ་དྲན་འོངས་དུས།སེམས་ཀྱི་གཏིང་རིམ་ནས་རང་གིས་ཀྱང་ཕ་ཡུལ་གྱི་མི་དམངས་མང་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱིས་ཅི་ཞིག་བསྒྲུབ་འདོད་པའི་འདུན་པ་ཞིག་འགོག་མེད་དུ་སྐྱེས་བཞིན་ཡོད་པས་ཁོའི་མི་ཚེ་ཡི་རིན་ཐང་གསར་སྐྲུན་བྱེད་པའི་གོམ་པ་དང་པོ་དེ་ཡང་འདི་ནས་སྤོ་མགོ་བརྩམས་པ་ཞིག་རེད།

ངའི་མིང་ལ་སྒྲོལ་བསམ་དང་ཡང་ན་སྒྲོལ་མ་ཚེ་བརྟན་ཟེར་ནི་རེད། ས་འདིའི་མི་ཡིན།དྲུག་ཅུ་རེ་འགའི་སྐབས་སུ་ས་ཆ་འདིར་མཚོན་ན་ཆ་རྐྱེན་ཞན་སའི་ས་ཡིན་ནི་རེད།སྐབས་དེར་པདྨ་རྫོང་གི་སེ་ལེ་ཐང་གི་གཡས་གཡོན་འདི་རུ་ཕྱིར་གུར་རེ་འགའ་དང་ཁང་ལེབ་འགའ་ལས་ད་ལྟའི་ཐོག་ཁང་འདི་འདྲ་ཡོད་ནི་མ་རེད།མི་རྣམས་ཀྱི་བསམ་བློའི་ཐད་ནས་ཀྱང་རྗེས་ལུས་ཡིན་ནི་རེད། སྐབས་དེར་ང་རང་ཉིད་ལ་མཚོན་ན་མང་ཚོགས་ཕལ་བ་ཞིག་ཡིན།ཆིག་སྟོང་དགུ་བརྒྱ་རེ་བརྒྱད་ལོར་ང་རང་དམག་གི་ནང་དུ་ཞུགས་པ་ཡིན།དེ་དུས་གཅིག་ན་ངས་ཡི་གེ་མི་ཤེས་པ་དང་གཉིས་ན་སྐད་རིགས་མི་ཤེས།གསུམ་ན་དམག་གི་འགྲོ་ལུགས་འདུག་སྟངས་མི་ཤེས། དེ་ནས་འཐབ་གྲོགས་རྣམས་ཀྱིས་ང་ལ་ཡི་གེ་བསླབས་པ་དང་སྐད་རིགས་བསླབས་པ་བཅས་བྱས་པས་རིམ་གྱིས་ངས་ཀྱང་རྒྱ་ཡིག་རྒྱ་སྐད་སོགས་ཤེས་པར་གྱུར་ནས་རང་ཉིད་ཀྱི་བསམ་བློར་ཡང་འགྱུར་ལྡོག་ཅུང་ཆེན་པོ་བྱུང་།

སྙན་སྒྲོན་པ།  དེ་ལྟར་ཨ་ཁུ་སྒྲོལ་བསམ་ལགས་ཀྱིས་སྐབས་དེའི་རང་གི་ཕ་ཡུལ་གྱི་འཚོ་བའི་གནས་བབ་དང་ཕ་ཡུལ་མི་དམངས་ཀྱི་བསམ་བློ་རྗེས་ལུས་ཡིན་པའི་གནས་སྟངས་སྡུག་པོ་དེ་བརྗོད་པ་བརྒྱུད་ནས། རང་གི་མ་འོངས་ཕུགས་འདུན་གྱི་འཚོ་བའི་ལམ་ཁར་ཇི་ལྟར་བསྐྱོད་པའི་ཚུལ་བརྗོད་བྱུང་།སྤྱིར་མི་ཞིག་གི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་སྤྱི་ཚོགས་དང་མི་སྣའི་ཁོར་ཡུག་ལེགས་པོ་ཞིག་དང་འབྲེལ་འདྲིས་བྱེད་ཐུབ་ན་ནི་རང་ཉིད་ཀྱི་བསམ་བློ་དང་མི་ཚེ་འཚོ་བའི་ཁ་ཕྱོགས་ལ་ཤུགས་རྐྱེན་ལེགས་པོ་ཐེབས་སྲིད་པ་དེ་སྨྲས་མ་དགོས་པ་ཞིག་རེད།  སྐབས་དེའི་འཐབ་གྲོགས་དང་མགོ་ཁྲིད་རྣམས་ཀྱི་སློབ་སྟོན་དང་རམ་འདེགས་འོགསློབ་གྲྭའི་སྒོ་མོ་ཙམ་ཡང་འགྲིམ་མ་མྱོང་ལ་ཐ་ན་རང་གི་མིང་ཡིག་ཙམ་ཡང་འབྲི་མི་ཤེས་པའི་ཨ་ཁུ་སྒྲོལ་བསམ་གྱིས་རྒྱ་ཡིག་དང་རྒྱ་སྐད་རེ་རེ་ཧུར་བརྩོན་གྱིས་སྦྱངས་མཐར་ཁོའི་རྒྱ་ཡིག་རྒྱ་སྐད་ཀྱི་ཆུ་ཚད་དེས་རང་མགོ་ཐོན་ཙམ་བྱུང་ཞིང་།དམག་མི་ཞིག་ཡིན་ན་རྒྱལ་ཁབ་ཀྱི་མཐའ་མཚམས་བརྟན་སྲུང་དང་མི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་བཅས་ཀྱི་འགན་འཁྲི་གསལ་བོར་རྟོགས་པ་མ་ཟད། ལྷག་པར་དུ་སྐབས་དེར་ཁོས་གུང་ཁྲན་ཏང་མིའི་མཛད་རྗེས་ལ་ཡི་རང་དང་དགའ་གུས་བྱེད་བཞིན་ཡོད་པས། རང་གི་སློབ་སྦྱོང་དང་བྱ་བའི་ཞོར་དུ་ཏང་ནང་དུ་ཞུགས་འདོད་ཀྱི་རེ་འདུན་ཡི་གེ་ཞིག་བྲིས་ཏེ་གོང་རིམ་ལ་ཕུལ་བ་ན།  འབྲེལ་ཡོད་མགོ་ཁྲིད་ཀྱིས་ཀྱང་ཁོའི་བསམ་བློ་དང་མི་གཞི་སོགས་ཕྱོགས་གང་ཅིའི་ཐད་ནས་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞིར་སླེབས་འདུག་ཅེས་སྐྱེད་སྲིང་བྱས་ཏེ། གཅིག་སྟོང་དགུ་བརྒྱ་བདུན་ཅུ་ལོར་ཨ་ཁུ་སྒྲོལ་བསམ་གཟི་བརྗིད་དང་བཅས་ཏེ་ཁོ་བོས་ཡུན་རིང་རེ་ཞིང་སྒུག་པའི་གུང་ཁྲན་ཏང་མི་དངོས་མ་ཞིག་ཏུ་གྱུར་བ་ནི། རྗེས་ཕྱོགས་ཀྱི་མི་ཚེ་འཚོ་བའི་ཁྲོད་དུ་ཁོས་ཕ་ཡུལ་གྱི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐུན་རྐྱེན་ལེགས་ཤོས་སུ་གྱུར་སོང་།

ཨ་ཁུ་སྒྲོལ་བསམ་གྱི་སྐད་ཆ། འཐབ་གྲོགས་དང་མགོ་ཁྲིད་རྣམས་ཀྱིས་ང་ལ་རམ་འདེགས་ཆེན་པོ་བྱས་པས་ངས་ཀྱང་དམག་མིའི་འགྲོ་ལུགས་འདུག་སྟངས་སོགས་རིམ་གྱིས་ཤེས་པར་མ་ཟད། མི་དམངས་བཅིངས་འགྲོལ་དམག་ནི་རྒྱལ་ཁབ་དང་མི་དམངས་སྲུང་སྐྱོབ་བྱེད་མཇན་ཡིན་པའི་ངོས་ཤེས་དེ་ཡང་གསལ་བོར་རྙེད་སོང་།དེ་ནས་མགོ་ཁྲིད་རྣམས་ཀྱིས་རང་ཉིད་སྐྱེད་སྲིང་བྱས་པ་དང་རང་གིས་ཀྱང་ཏང་ནང་དུ་ཞུགས་རྒྱུའི་རེ་འདོད་ཡི་གེ་བྲིས་ནས་གོང་རིམ་ལ་སྤྲད་པས། གོང་རིམ་གྱི་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད་ནས་རང་ཉིད་ཏང་ཡོན་དངོས་མ་ཞིག་ཏུ་གྱུར་སོང་། དེ་བས་ཡོན་ཞིག་གིས་སྒྲུབ་དགོས་པའི་བྱ་བ་སྣ་ཚོགས་ལའང་ངོས་ཤེས་གསལ་བོ་རྙེད།

སྙན་སྒྲོན་པ།   སྤྱིར་སྐབས་དེ་འདྲ་ཞིག་ལ་མཚོན་ན་ཨ་ཁུ་སྒྲོལ་བསམ་གྱི་བདག་པས་གཞན་གཅེས་ཀྱི་བསམ་བློ་དང་མི་གཞི་སོགས་ཕྱོགས་གང་གི་ཐད་ནས་ཀྱང་ཁོ་རང་མུ་མཐུད་དུ་དམག་དཔུང་གི་ཁྲོད་ནས་སྡོད་པའི་ཆ་རྐྱེན་ཡོངས་སུ་ལོངས་ཡོད་པས། གོང་རིམ་སྡེ་ཁག་གིས་ཨ་ཁུ་སྒྲོལ་བསམ་ལ་མུ་མཐུད་དུ་སྐྱེད་སྲིང་བྱེད་རྒྱུའི་མི་སྣའི་གྲས་ཡིན་ཚུལ་སྐོར་ནས་ཁ་བརྡ་ཡང་ཡང་བྱས་པ་རེད།ཡིན་ནའང་ཨ་ཁུ་སྒྲོལ་བསམ་ལ་མཚོན་ན་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དེ་ཡིད་ནས་སྐད་ཅིག་ཙམ་ལའང་དོར་མྱོང་མེད་དེ།ཁོའི་ཕ་ཡུལ་པདྨ་ལུང་པའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་སྟངས་སྡུག་པོ་དེ་དང་།ཕ་ཡུལ་མི་དམངས་ཀྱི་རྗེས་ལུས་ཀྱི་བསམ་བློ་དེ་བསྒྱུར་བར་རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ་འདོད་ཀྱི་ཐོག་མའི་བསམ་འདུན་དེ་རུམ་ནས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་ལོར་རང་གི་མདུན་ལམ་སོགས་ཡོད་ཚད་བློས་སྟེ་ཕྱིར་ཕ་ཡུལ་པདྨ་རྫོང་དུ་ལོག་པ་རེད།

ཨ་ཁུ་སྒྲོལ་བསམ་གྱི་སྐད་ཆ། བདུན་ཅུ་ཐམ་པའི་ལོར་ང་རང་དམག་ཁོངས་ནས་མཐར་ཕྱིན་པ་རེད། སྐབས་དེར་མགོ་ཁྲིད་པ་རྣམས་ཀྱིས་ཁྱོད་རང་མུ་མཐུད་དུ་དམག་ཁོངས་ནས་བསྡད་ན་ཁྱོད་ཀྱི་མདུན་ལམ་སོགས་རྒྱ་ཆེ་ཚུལ་ཐེངས་མང་པོར་བཤད་ཐལ། ཡིན་ཡང་རང་ཉིད་ཀྱིས་ཕ་ཡུལ་གྱི་མ་འོངས་པའི་འཛུགས་སྐྲུན་དང་ཕ་ཡུལ་མི་དམངས་ལ་རང་ཉིད་ཀྱི་ནུས་པས་སྲི་ཞུ་ཅུང་ཟད་རེ་བསྒྲུབ་ཨེ་ཐུབ་བསམ་ནས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན། ཕ་ཡུལ་དུ་ལོག་རྗེས་སུ་བྱ་བའི་དགོས་དབང་གིས་ལས་གནས་མང་པོ་ཞིག་གི་སྟེང་དུ་སོང་པ་ཡིན། ལས་གནས་གང་ཞིག་ཡིན་ཀྱང་རང་གིས་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞི་དེ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ་ཅི་ཐུབ་བྱས་པ་ཡིན།

སྙན་སྒྲོན་པ།  མི་ལོ་བཞི་བཅུ་ལྷག་གི་རིང་དུ་ཨ་ཁུ་སྒྲོལ་བསམ་གྱིས་གུང་ཁྲན་ཏང་མི་ཞིག་གི་ཚད་གཞི་གཞིར་བཟུང་སྟེ།  ཁོའི་ཕ་ཡུལ་པདྨ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོགས་ས་ཆ་མི་འདྲ་བའི་ལས་གནས་སྟེང་དུ། རང་ནུས་ཅི་ལྕོགས་ཀྱིས་ཕ་ཡུལ་མི་དམངས་ལ་ཞབས་འདེགས་གང་མང་ཞུས་པ་དང་།  ལྷག་པར་དུ་ལྕགས་རི་ཐང་སོགས་ཡུལ་ཚོ་སྐོར་ཞིག་ནས་ཡུལ་གཙོ་དང་ཏང་ཨུའི་ཧྲུའུ་ཅི་སོགས་ཀྱི་འགན་ཁུར་ཏེ།  མི་དམངས་མང་ཚོགས་ཀྱི་འཚོ་བའི་འཕེལ་རྒྱས་ཐད་རང་ནུས་རྩལ་དུ་བཏོན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ལྡན་མགོ་ཁྲིད་འོག  ཁོའི་ཕ་ཡུལ་པདྨ་རྫོང་གི་ཕྱི་སྣོད་ཀྱི་བཀོད་པའི་འཛུགས་སྐྲུན་ཐད་བློ་འདོན་ཇུས་འབུལ་དང་ཕྱར་བ་གྲུ་འདེགས་བྱས་ཏེ། ལང་ཚོ་དང་སྟོབས་ཤུགས་ཡོད་ཚད་ཕ་ཡུལ་གྱི་རི་ཆུ་དང་ཕ་ཡུལ་མི་དམངས་ལ་ཕུལ། དེ་རིང་ལོ་ན་དོན་གཉིས་ལ་སོན་པའི་ཨ་ཁུ་སྒྲོལ་བསམ་གྱི་བཞིན་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་ཤིང་། ཡིད་ཚིམས་པའི་མིག་མདངས་ཀྱིས་ཁོའི་མི་ཚེ་རིང་མོ་དང་འགྲོགས་ནས་འོངས་པའི་ཕ་ཡུལ་པདྨ་རྫོང་གི་ངོ་མཚར་བའི་འཛུགས་སྐྲུན་གྱི་བཀོད་པ་སྣ་ཚོགས་དང་ཡིད་འཕྲོག་པའི་སྣོད་བཅུད་ཀྱི་མཛེས་སྡུག་རེ་རེ་ལ་རྒྱང་ལྟ་བྱེད་བཞིན།  རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་འདི་ལྟར་རྗེས་སུ་དྲན་བཞིན་འདུག

ཨ་ཁུ་སྒྲོལ་བསམ་གྱི་སྐད་ཆ། ལོ་ངོ་འདི་དག་གི་རིང་ལ་པདྨ་རྫོང་གི་ཕྱིའི་ཁོར་ཡུག་གི་འཛུགས་སྐྲུན་ཐད་ལ་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་མི་དམངས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་སྔར་ལས་ཇེ་མཐོར་སོང་ཡོད་པར་མ་ཟད། བདེ་སྐྱིད་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། རང་ཉིད་ཏང་ནང་དུ་ཞུགས་ནས་ལོ་ངོ་ང་གཅིག་འགོར་བའི་ཏང་ཡོན་རྒན་པ་ཞིག་ཡིན་པའི་ངོས་ནས། ད་ལྟ་སྔོན་ཆད་ཀྱི་འཚོ་བར་ཕྱི་མིག་ཅིག་བལྟས་ན། འགྱུར་ལྡོག་འདི་དག་ཡོད་ཚད་ནི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ལས་བྱུང་བ་ཤ་སྟག་ཡིན་པར་ངོས་ཟིན་གསལ་བོ་རྙེད་ཡོད།

སྙན་སྒྲོན་པ།   ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་གཡང་འབུམ་རྒྱལ། རིག་འཛིན་ཐར་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཨ་ཁུ་སྒྲོལ་བསམ་གྱི་མི་ཚེ་དང་འགྲོགས་པའི་པདྨའི་འཕོ་འགྱུར་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། ཨ་བརྟན་རྒྱལ། གཡང་འབུམ་རྒྱལ། རིག་འཛིན་ཐར། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།