--མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་གསར་སྐྲུན་བྱ་དགའི་གསར་སྐྲུན་ལས་གཞི་སྟེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་སྐོར་གྱི་གནས་ཚུལ།
2025ལོའི་བར་མཚོ་སྔོན་འདི་ཉིད་མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་བཟང་བ། དཔལ་འབྱོར་འཕེལ་རྒྱས། རིག་གནས་གོང་འཕེལ། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་སྐྱིད་བཅས་ཀྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཞིག་ཏུ་གསར་འཛུགས་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས། ཉེ་སྔོན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་ལས་གཞིར་མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་གསར་སྐྲུན་བྱ་དགའི་གསར་སྐྲུན་ལས་གཞིའི་མཚན་སྙན་ཐོབ།
རབ་མཛེས་མཚོ་སྔོན་ཀྱི་མཛེས་པ་དེ་མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། སྣ་མང་རིག་གནས་མཉམ་འདྲེས་བཅས་ཀྱི་ཁྲོད་མངོན་ཡོད་ལ། དེ་བས་ཀྱང་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་ལ་གཅེས་སྐྱོང་བྱེད་པ་ནང་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པའི་ཁྲོད་མངོན་ཡོད། 2019ལོར་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་རེད།
2020ལོར་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སྐོང་ཚོགས་བྱེད་པའི་གོ་སྐབས་བཟང་བོ་དང་བསྟུན་ནས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དེ། མཚོ་སྔོན་ཞིང་ཆེན་གྱི་དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་ཁྲོད་ཀྱི་ཀྲུང་དབྱང་གི་ཡིག་ཆའི་ནང་བཀོད་པ་གཅིག་པུ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་སྤོར་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པ་གསལ་བོར་བཏོན་ཡོད། ཞིང་ཆེན་ཏང་ཨུ་དང་དང་ཞིང་ཆེན་སྲིད་གཞུང་གིས《ཐོག་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་པའི་སྐོར་གྱི་གཏན་འབེབས》པར་འགྲེམས་བྱས་བ་དང་། སྐུལ་སློང་ཚོགས་ཆེན་འཚོགས་ནས་གསར་འཛུགས་ཀྱི་དམིགས་འབེན་དང་། ལས་འགན་གཙོ་བོ། གནད་འགག་གི་བྱེད་ཐབས་བཅས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་བཀོད་སྒྲིག་བྱས་ཤིང་། 2025ལོའི་བར་མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཞིག་ཏུ་བསྐྲུན་ནས། དུས་རབས་གསར་པའི་མཐོ་སར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དགོས་པ་གསལ་བོར་བསྟན།
མདུན་གྲལ་དུ་བསྐྱོད་རྒྱུ་དམིགས་འབེན་དུ་བཟུང་ནས་རྒྱུན་ཆད་མེད་པར་གསར་གཏོད་ལས་དོན་ལ་སྐུལ་འདེད་བཏང་།
ད་ལྟ། མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་སྐྱོད་སྐབས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པའི་བསམ་བློའི་སྣེ་ཁྲིད་ཀྱི་སྟོབས་ཤུགས་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་སྟོབས་ཤུགས། དམངས་ཡོངས་ཀྱིས་མཉམ་དུ་བསྐྲུན་པའི་སྟོབས་ཤུགས་བཅས་མྱོང་ཚོར་ཐུབ་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་འཆམ་མཐུན་གྱི་རྣམ་པ་བཟང་བོ་མཐོང་ཐུབ།
ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཁྲའོ་དབྱང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཆུ་ལེན་ནུབ་ལམ་སྡོད་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཁོངས་གཏོགས་ཁུལ་ཞིག་ཡིན་པ་དང་། ད་ལོར་སྐོར་ཐེངས་བརྒྱད་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ། སྡོད་ཁུལ་དེར་སྡོད་དམངས་བར་ཕན་ཚུན་རོགས་རམ་བྱེད་པའི་སྲོལ་བཟང་ཞིག་ཆགས་ཡོད་པ་སྟེ། སྟོད་ཐུང་དམར་པོའི་དང་བླངས་ཞབས་ཞུ་རུ་ཁག་དང་། སྡོད་ཁུལ་གྱི་ཚོང་ཁང་གི་དང་བླངས་ཞབས་ཞུ་རུ་ཁག འོས་འགན་སྐོར་གཡེང་གི་དང་བླངས་ཞབས་ཞུ་རུ་ཁག སྡེ་ལས་ཀུང་སིའི་དང་བླངས་ཞབས་ཞུ་རུ་ཁག་སོགས་ཟམ་མི་ཆད་པར་ཐོན་ཏེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དེ་ཀུན་གྱིས་མཐོང་ཐུབ་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཏུ་གྱུར་ཡོད།
ད་ལྟ་ང་ཚོའི་རྩྭ་ཐང་གི་འབྲོག་པའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་དུ་སྤར་ཡོད་པ་དང་། ཁྱིམ་ཚང་རེ་རེར་ནགས་སྲུང་པ་དང་སྐྱེ་ཁམས་ལྟ་སྲུང་པ་ཡོད་པར་མ་ཟད། བརྟན་འཇགས་ཀྱི་གླ་ཕོགས་དང་སྨན་བཅོས་འགན་སྲུང་ཡང་ཡོད་པ་དེ་ནི་མི་རབས་རེ་རེའི་རྒན་པ་ཚོའི་བློ་ངོར་ཡང་ཤར་དཀའ་བ་ཞིག་ཡིན་ལ། ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་དང་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་ཤིག་ཀྱང་ཡིན་པ་རེད་ཅེས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོ་སོག་རུ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།
མཚོ་སྔོན་དུ་མི་རིགས་ཀྱི་ལས་དོན་མ་བསྒྲུབས་ཚེ་ཁྱོན་ཡོངས་ལ་བསམ་བློ་གཏོང་མི་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་དེ་སྤྱི་ཡོངས་ཀྱི་གནས་ཚུལ་དུ་འཛིན་པ། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ། བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདོད་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་དཔེ་མཚོན་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཡོངས་དང་གསུམ་ཆའི་གཉིས་ཀྱི་རྫོང་དུ་ཐོག་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཞིག་ཏུ་བསྐྲུན་ནས། ལོ་གསུམ་ནང་རྨང་གཞི་འདིང་བ་དང་ལོ་བརྒྱད་ནང་སྔོན་ཐོན་བསྐྲུན་པའི་འབད་འཐབ་དམིགས་འབེན་སྔ་སྣུར་སྒོས་མངོན་འགྱུར་བྱུང་བ་དང་། ངོས་འཛིན་གཅིག་མཐུན་ལྔ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་མི་སེམས་སུ་ཟུག་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ལམ་ལུགས་གསར་སྐྲུན་གྱིས་འགན་སྲུང་བྱས་ནས་རྒྱལ་ཡོངས་སུ་གསར་འཛུགས་ལས་དོན་གྱི་མཚོ་སྔོན་གྱི་ཐབས་ལམ་འཚོལ་ཞིབ་བྱས།
མི་རིགས་མཐུན་སྒྲིལ་བྱུང་ན་གྲོང་གསེབ་གཞི་ནས་དར་སྤེལ་གཏོང་ཐུབ་ཅེས་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲོ་པེ་བོད་རིགས་ཡུལ་ཚོ་སྤེན་མ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཕིས་ཏུང་གིས་དེ་ལྟར་བཤད། ཉེ་བའི་ལོ་འདི་འགར། སྤེན་མ་ལུང་སྡེ་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་གྲོང་གསེབ་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱས། ཁྱིམ་ཚང 290ལས་མེད་པའི་དབུལ་ཕོངས་སྡེ་བ་དེ། ད་ལྟ་ལོ་རེར་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་འབུམ་བདུན་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་ལྔར་སླེབས་པའི་མཛེས་སྡུག་གི་གྲོང་གསེབ་ཅིག་ཏུ་གྱུར་ཡོད།
མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན་ལ་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡང་ཡིན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་རྒྱུ་དེ། འཐབ་ཇུས་རང་བཞིན་དང་། རྨང་གཞི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་དུ་བརྩི་བ་རྒྱུན་འཁྱོངས་དང་། གསར་འཛུགས་བྱ་རྒྱུ་དེ་འགོ་ཁྲིད་པ་གཙོ་བོའི་ལས་གཞི་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ཧྲུའུ་ཅི་དང་ཧྲིན་ཀྲང་གིས་གཙོ་འགན་འཁུར་བའི་ལམ་ལུགས་བཙུགས་པ་དང་། རིམ་པ་བཞིའི་ཏང་ཨུའི་ཧྲུའུ་ཅིས་སྤྱི་འགན་འཁུར་བའི་འགོ་ཁྲིད་སྒྲིག་སྲོལ་བཙུགས་ནས། རྒྱལ་ཡོངས་སུ་ཏང་ཨུས་གསར་འཛུགས་ལས་དོན་གྱི་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པའི་སྔོན་དཔེ་བཏོད་པ་དང་། ཏང་ཨུས་གཙོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྤྱི་ཚོགས་ཡོངས་ཞུགས་པ་བཅས་ཀྱི་ཏང་སྲིད་དམག་དམངས་ཀྱིས་མཉམ་འཛིན་མཉམ་སྐྲུན་གྱི་གསར་འཛུགས་ཆེན་པོའི་རྣམ་པ་ཆགས་ཡོད།
ལམ་ལུགས་གསར་སྐྲུན་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་གསར་འཛུགས་ལས་དོན་ལ་མཚོ་སྔོན་གྱི་ཉམས་མྱོང་དང་བློ་གྲོས་འདོན་སྤྲོད་བྱས། རྒྱལ་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་དཔྱད་ཞིབ་རྐྱེན་སྲོལ་ཐོག་མར་བཙུགས་པ་དང་། སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ལ་གཟེངས་བསྟོད་བྱས་པ། ཞིང་ཆེན་ཡོངས་སུ་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་དགའ་བཙུགས་པས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལག་ལེན་གསར་སྐྲུན་བྱ་དགའ་ཐོབ་པ་རེད། རྒྱལ་ཡོངས་སུ་གསར་འཛུགས་ལས་དོན་གྱི་ཕྱོགས་གསུམ་པའི་དཔྱད་དཔོག་སྔོན་ལ་ལག་བསྟར་བྱས་ནས། སྔ་རྗེས་སུ་ཚན་ཞིབ་སྡེ་ཁག་ལ་ཁུལ་གཉིས་དང་རྫོང་དྲུག་ལ་ཡུལ་དངོས་ནས་དཔྱད་དཔོག་བྱ་རྒྱུའི་མངགས་བཅོལ་བྱས་ནས། གསར་འཛུགས་ལས་དོན་གྱི་བྱས་འབྲས་དོ་དམ་རྐྱེན་སྲོལ་འཚོལ་ཞིབ་བྱས། རྒྱལ་ཡོངས་ནས་ཐོག་མར་འགུལ་རྣམ་དོ་དམ་རྐྱེན་སྲོལ་བཙུགས་པ་དང་།《མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་དཔེ་སྟོན་ལས་ཁུངས་དང་སྔོན་ཐོན་ལས་ཁུངས་ཀྱི་འགུལ་རྣམ་དོ་དམ་བྱེད་ཐབས(ཚོད་བསྟར)》འགྲེལ་སྤེལ་བྱས་ཏེ། སྔ་རྗེས་སུ་ས་ཁུལ་དང་ལས་ཁུངས39ལ་བསྐྱར་ཞིབ་བྱས། རྒྱལ་ཡོངས་ནས་ཐོག་མར་མ་དངུལ་བྱ་དགའི་རྐྱེན་སྲོལ་བཙུགས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། དཔེ་སྟོན་སྡེ་ཁག སློབ་གསོའི་རྟེན་གཞི་བཅས་ལ་ཆེད་དོན་བྱ་དགའི་ཁ་གསབ་སྤྲད། གསར་སྐྲུན་རང་བཞིན་གྱི་ལམ་ལུགས་དང་བྱེད་ཐབས་དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་འདྲ་བཤུས་དང་ཁྱབ་གདལ་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རྩ་བར་བརྩིས་ཏེ། དམངས་ཡོངས་ཀྱིས་མཉམ་འཛུགས་མཉམ་སྐྲུན་དང་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་།
ཏང་གི་འགོ་ཁྲིད་འོག རེབ་གོང་ནས་མཚོ་སྔོན་པོའི་འགྲམ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཚྭ་འདམ་གཞོང་། རྩྭ་ཐང་ནས་ཙོང་ཆུའི་ངོགས་གཉིས་བཅས་མི་རིགས་ས་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། མི་རིགས་ཁག་གི་སྤུན་ཟླའི་བར་མཛའ་མཐུན་དང་ཕན་ཚུན་རོགས་རེས་བྱས་ནས་མཐུན་སྒྲིལ་དམ་པོའི་སྣང་ཚུལ་ཆགས་ཡོད།
དུས་དང་རྣམ་པ་ཀུན་ཏུ་གཞི་རིམ་ལ་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བསྐྱོད་པ་བཅུའི”བྱེད་སྒོ་ཏན་ཏིག་ངང་སྤེལ་བ་དང་། གསར་འཛུགས་ལས་དོན་དེ་ལས་རིགས་ཁག་ལ་ཁྱབ་པར་བྱས་ནས། དམངས་ཡོངས་ཀྱིས་མཉམ་འཛུགས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་བཏོད་ཡོད། ལྷག་པར་དུ་གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་ཤུགས་སྣོན་བྱེད་པའི་ཐད་སྡོད་ཁུལ་དུ་མཐུན་སྒྲིལ་དམ་པོའི་ཁྱིམ་གཞིས་དང་མཐུན་སྒྲིལ་དམ་པོའི་ཏང་ཀྲི་པུའུ་འཛུགས་པ་སོགས་ཀྱི་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུར་སྐུལ་འདེད་བཏང་། གྲངས་ཉུང་མི་རིགས་ཀྱི་ཞོར་ལས་པ་ས་ཁོངས་ལས་བརྒལ་བའི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་བྱས་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར227དུ་ཁྱབ་པའི་འཐེན་ཐུག་གི་ལས་སྐྲུན་མི་སྣ་འབུམ་གཉིས་ལྷག་ལ་དམིགས་ཏེ། ཞིང་ཆེན་དང་གྲོང་ཁྱེར20དང་ཞབས་ཞུ་དོ་དམ་མཐུན་སྦྱོར་གྱི་རྐྱེན་སྲོལ་བཙུགས་པ་དང་། མི་རིགས་ཁག་མཉམ་སྡོད་མཉམ་སྒྲུབ་མཉམ་སྦྱོང་མཉམ་སྐྱིད་བཅས་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱས། མི་རིགས་མཐུན་སྒྲིལ་བྱིས་པའི་དུས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སློབ་དེབ་རྩོམ་སྒྲིག་དང་སློབ་གླུ་གསར་རྩོམ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ན་གཞོན་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དཔེ་སྟོན་ས་ཚིགས30བསྐྲུན་པ་དང་མི་རིགས་ཁག་གི་སློབ་མའི་བར་བརྗེ་རེས་རྟོག་ཞིབ་དང་ལག་གདང་སྦྲེལ་བའི་བྱ་སྤྱོད་རྩ་འཛུགས་བྱས་ནས་སྤེལ་ཏེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བྱིས་པའི་སེམས་སུ་ཟུག་པར་བྱས་པ་དང་། མི་རིགས་ཁག་བར་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་།
“གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་དུ་འཚོལ་ཞིབ་གསར་སྐྲུན་དང་འབད་བརྩོན་ལྷོད་མེད་བྱས་ཏེ། མཚོ་སྔོན་ཞིང་ཆེན་འདི་ཉིད་མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་བཟང་བ། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་སྐྱིད་བཅས་ཀྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཞིག་ཏུ་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་དང་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཝུའུ་ཏི་ཅུན་གྱིས་དེ་ལྟར་བཤད་བྱུང་།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།