མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་བཙུགས།
2021.10.31 ཁུངས། ཀློག་གྲངས། 30

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་མཛེས་པ་ལྟ་ན་སྡུག

མཚོ་སྔོན་ནི་མདོ་དབུས་མཐོ་སྒང་དུ་གནས་པས“རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”ཀྱི་མཚན་སྙན་ཡོད་པ་དང་། དེ་ནི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཁྲོད་དམིགས་བསལ་ཁྱད་པར་བ་དང་ཚབ་བྱེད་ཐབས་བྲལ་བའི་གནས་བབ་བཟུང་ཡོད།

“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཞིག་རེད།” ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱས་པས། 2019ལོའི་ཟླ་དྲུག་པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམས་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ་དང་མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་པ་དང་འབྲེལ་ལག་བསྟར་ནན་ཏན་བྱས་ཏེ། 2018ལོའི་ཟླ་བཅུ་གཉིས་པར་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་ཐུན་མོང་གིས་བསྐྲུན་རྒྱུ་གཏན་འབེབས་བྱས་པ་དང་། མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་ཨང་དང་པོར་གྱུར།

རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་བཅས་ཀྱི་བླང་བྱར་དམིགས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གཙོ་བོ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་བསྐྲུན་རྒྱུ་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱིས་ཁ་གསབ་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་ལམ་བུ་གསར་པ་བཏོད་ནས། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་བསྐྲུན་ཡོད།

2022ལོར་སླེབས་སྐབས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་ཁྱོན་ཡོངས་ནས་འགྲུབ་པར་བྱེད་རྒྱུ་རེད། 2025ལོར་སླེབས་སྐབས། རྒྱལ་ཡོངས་སུ་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྱད་ཆོས་མངོན་གསལ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱེད་སྟངས་དང་མ་དཔེ་སྔོན་ལ་བསྐྲུན་རྒྱུ་རེད།

རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོན་པོས་བསྐྲུན་པ།

རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་བསྐྲུན་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱེད་རྒྱུ་ནི་གནད་འགག་ཡིན་ལ་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཀྱང་རེད།

ལོ་ལྔའི་སྔོན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་མཚོ་སྔོན་དུ་སྤེལ་མགོ་བརྩམས་པ་དང་། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ལས་འགན་འཁུར་ནས། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་དུས་རབས་གསར་པ་བཏོད་པ་དང་། 2017ལོར། མཚོ་སྔོན་འདི་ཉིད་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ཞིང་ཆེན་དུ་གྱུར་ལ། སྐབས་དེ་ནས་བཟུང་མཚོ་སྔོན་ནི་རྒྱལ་ཡོངས་ཀྱི“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་སྒྲིག་གཞིའི་ཚོད་ལྟའི་ཞིང་ཆེན་དང་པོར་གྱུར།

མེད་པ་ནས་ཡོད་པའི་བར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ལ། “ལོ་གཅིག་གི་ནང་རྨང་གཞིའི་བྱ་བ་བརྟན་པོ་ཡོང་བར་བྱེད་པ་དང་། ལོ་གཉིས་ཀྱི་ནང་ཚོད་ལྟའི་ལས་འགན་ལེགས་འགྲུབ་བྱེད་པའི”དམིགས་འབེན་མངོན་འགྱུར་བྱུང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱུང་བ་དང་། “སྡེ་ཁག་མང་པོའི་བཅོས་སྐྱོང”གི་རྣམ་པ་གཏོར་བ་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ“ཐར་ཐོར་ཅན”གྱི་གནད་དོན་ཐག་གཅོད་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བརྒྱུད་རིམ་ཁྲོད། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བཅས་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤོབས་པ་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་གསར་གཏོད་ཀྱི་ལག་ལེན་ལ་སྐུལ་འདེད་བྱས་ནས། ཁྲིམས་ལྟར་དང་ལྗང་མདོག དམངས་ཡོངས། བློ་གྲོས། འཆམ་མཐུན། ཚན་རིག སྒོ་འབྱེད། རིག་གནས། སྤུས་ཚད་བཅས་ཀྱི་གླིང་འཛུགས་པའི་འདུ་ཤེས་གཏན་འཁེལ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་སྲིད་ཇུས། ལམ་ལུགས། ཚད་གཞི། སྐྱེ་ཁམས་སྲུང་སྐྱོབ། སྒྲིག་གཞི་འཁོར་སྐྱོད། མི་ཤུགས་ཐོན་ཁུངས། སྣ་མང་ཟབ་ཞུགས། ཚན་རྩལ་འདེགས་སྐྱོར། ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག རྣམ་གྲངས། དྲིལ་བསྒྲགས་སློབ་གསོ། སྤྱི་དམངས་ཟབ་ཞུགས། མཉམ་ལས་བརྗེ་རེས། སྡོད་ཁུལ་མཉམ་དུ་དོ་དམ་བྱེད་པའི་མ་ལག་བཅོ་ལྔ་རིམ་བཞིན་ཆགས་ཡོད།

ད་ལྟའི་བར། ཞིང་ཆེན་དང་ཁུལ། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་ལྔ་ཡི་རྒྱལ་ཁབ་སྤྱི་གླིང་དོ་དམ་གྱི“སྡེ་ཁག་ཆེན་མོའི་ལམ་ལུགས”དངོས་ཚན་བཙུགས་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ཁྱབ་བསྒྲགས་དང་ལག་ལེན་བསྟར་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ར་བཙུགས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དངོས་སུ་ཁྱབ་བསྒྲགས་བྱས་ནས། དོ་དམ་གྱི་ཚད་གཞི་དང་ལག་རྩལ་གྱི་ཚད་གཞི་གསལ་པོ་བྱས་ཡོད་པ་དང་། འབྲོག་པ་མང་ཚོགས་ཁྲི་གཅིག་དང་སྟོང་བདུན་ལྷག་གིས་སྐྱེ་ཁམས“ལས་གནས”སྲུང་ནས། རི་སྔོ་ཆུ་དྭངས་ཀྱི་སྲུང་སྐྱོབ་བྱེད་མཁན་དུ་གྱུར་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་གནས་ཏེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གནས་བཅུ་ཡི་ཕྱོགས་བསྡུས་དཔྱད་འཇོག་དང་ཕྱོགས་ཡོངས་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་ཁྲོད་ཨང་དང་པོ་རེད། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས(2019)》ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་གསོག་གི་ཚད་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དྲུག་ཡན་འཕར་བ་དང་། རྩྭ་ཐང་གི་ཁེབས་ཚད་དང་རྩྭའི་ཐོན་ཚད་ལོ་བཅུའི་སྔོན་ལས་སོ་སོར་བརྒྱ་ཆའི་བཅུ་གཅིག་དང་བརྒྱ་ཆའི་སུམ་ཅུའི་འཕར་ཡོད། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་ནས་གཙོད་དེ་དུས་རབས20པའི་ལོ་རབས80པར་ཁྲི་གཉིས་ཙམ་མེད་པ་ནས་ད་ལྟ་ཁྲི་བདུན་ལྷག་བར་སླར་གསོ་བྱུང་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་གྲུབ་འབྲས་ཕྱོགས་སྡོམ་དང་ཁྱབ་གདལ་དུ་བཏང་སྟེ། མཚོ་སྔོན་དང་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དང་།《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》བཟོས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་ཚོགས་པ་བསྐྲུན་རྒྱུར་གཅིག་གྱུར་བཀོད་སྒྲིག་དང་འཚོལ་ཞིབ་བྱས་ཡོད།

མགོ་རྩོམ་ས་མཐོ་བ་ནས་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ།

རང་བྱུང་ཐོན་ཁུངས་ནི་རང་བྱུང་ཁམས་ཀྱིས་སྤྲད་པའི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་ཞིང་། དེའི་ནང་མཁའ་རླུང་དང་ཆུ། ས་ཞིང་། ནགས་ཚལ། བརླན་ས། རྩྭ་ཐང་། རི་སྐྱེས་སྐྱེ་དངོས། གཏེར་རྫས་དང་ནུས་ཁུངས་སྣ་ཚོགས་སོགས་ཚུད་ཡོད། རང་བྱུང་ཐོན་ཁུངས་ཀྱིས་མིའི་རིགས་ལ་འཚོ་གནས་དང་འཕེལ་རྒྱས། ལོངས་སྤྱོད་བཅས་བྱེད་པའི་དངོས་པོ་དང་བར་སྟོང་བསྩལ་ཡོད།

མཚོ་སྔོན་ལ་མཚོན་ནས་བཤད་ན། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁར་ལུགས་མཐུན་ངང་རང་བྱུང་ཐོན་ཁུངས་དབྱེ་འབྱེད་གཏན་འབེབས་དང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་གཏོད་པའི་གནད་འགག་ཅིག་རེད།

མིག་སྔར། ཞིང་ཆེན་ཡོངས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་ཚུད་པའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྒྲིག་གཞིའི་ཚོད་ལྟ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་བཅུ་གཅིག ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ས་ཁུལ་བཅུ་བཞི། དེ་མིན་ནགས་ཚལ་སྤྱི་གླིང་དང་བརླན་སའི་སྤྱི་གླིང་། བྱེ་ཐང་སྤྱི་གླིང་། ས་གཤིས་སྤྱི་གླིང་། མཛེས་ལྗོངས་ཁུལ་གྲགས་ཅན་སོགས་ཚུད་པའི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བརྒྱ་དང་དགུ་བཅས་བསྐྲུན་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་འབུམ་གཉིས་དང་ཁྲི་དྲུག་སྟོང་ལྔ་བརྒྱད་བརྒྱ་ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁུངས་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་བརྒྱད་ཟིན་ཡོད།

རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་དག་གི་ཁྲོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་འབབ་རྒྱུད། མདོ་ལ་རིང་མོའི་ས་ཁུལ། ཚྭ་འདམ་གཞོང་ས། ཙོང་ཆུ་འབབ་རྒྱུད་བཅས་སྐྱེ་ཁམས་ས་ཁུལ་ཆེ་གྲས་ལྔ་ཚུད་ཡོད། རིགས་ཕུན་སུམ་ཚོགས་པ་དང་ནུས་པ་མང་བ། རྒྱ་ཁྱོན་ཆེ་བ་བཅས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་རང་བྱུང་ཤུལ་བཞག་ཉར་ཚགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་མ་ཟད། མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་གཏོད་པའི་གཞི་རྩའི་གཞི་རྒྱུ་ཞིག་ཀྱང་རེད།

གནས་ཚུལ་མཐིལ་རྟོགས་བྱ་རྒྱུ་ནི་རྨང་གཞི་ཡིན་ཞིང་། རང་བྱུང་ཐོན་ཁུངས་སྣ་ཚོགས་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་འཛུགས་པའི་འགན་འཁྲི་དང་ལས་འགན་ཡིན་ལ། མཚོ་སྔོན་གྱི་འགན་འཁྲི་དང་ལས་འགན་ཡང་རེད།

ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས“སྐྱེ་ཁམས་ས་ཁུལ་ཆེ་གྲས་ལྔའི”སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་དམིགས་ནས། སྔ་རྗེས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་གཉིས་པ། མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་སྔོན་པོའི་འབབ་རྒྱུད་དང་ཉེ་འཁོར་གྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། རྩྭ་ཐང་དང་ནགས་ཚལ། བརླན་ས། འཁྱག་རོམ། གཙང་པོ་དང་མཚེའུ་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བས། བཟོ་སྐྲུན་ས་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁུངས་རྒྱ་ཁྱོན་གྱི་བརྒྱ་ཆའི་རེ་བརྒྱད་ཟིན་ཡོད།

རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་དམིགས་ཏེ། སྔ་རྗེས་སུ་ཨ་ཆེན་གངས་རྒྱབ་དང་སྟོང་རི་ལྷ་མཚོ། ཚྭ་འདམ་གཞོང་སའོ་སའོ་ནགས་ཚལ། ཏ་ཐུང་པེ་ཁྲོན་ཆུ་བོའི་འབྱུང་ཁུངས་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ། བརླན་ས་སླར་གསོ་བཅས་ཀྱི་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས།

དུས་ཡུན་རིང་ཞིང་ཕན་ནུས་ལྡན་པའི་སྲུང་སྐྱོབ་བྱ་ཆེད། མཚོ་སྔོན་གྱིས་ཚད་ལྡན་དང་ནུས་ལྡན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ལམ་ལུགས་ཤིག་བཟོས་ཏེ།《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》དང་།《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ས་ཁུལ་སྲུང་སྐྱོབ་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལེགས་སྒྲིག་དོ་དམ་གཏན་འབེབས》སོགས་ས་གནས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་སྔ་རྗེས་སུ་བཏོན་ནས། རང་བྱུང་སྲུང་སྐྱོབ་ས་ཁུལ་ཕན་ནུས་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་།

ཚད་གཞི་མཐོ་བའི་སྒོ་ནས་སྐྱེ་ཁམས་ཞབས་ཞུའི་ནུས་པ་འཆར་འགོད་བྱས་པ།

རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་བསྐྲུན་པ་དང་། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱི་ནུས་པ་གཏན་འཁེལ་དང་འཐུས་ཚང་དུ་གཏོང་བར་རང་བྱུང་སྤྱི་གླིང་གི་སྐྱེ་ཁམས་རིག་གནས་ཀྱི་རིན་ཐང་མཐོ་རུ་གཏོང་དགོས་པ་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས་ལ། ཕྱི་རོལ་དུ་ལྟ་ཞིབ་ཚད་ལེན་དང་དྲིལ་བསྒྲགས་སློབ་གསོ། སྒར་སྡོད་སོགས་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་བྱ་ཡུལ་བསྐྲུན་ནས། དམངས་ཡོངས་ཀྱིས་ཉམས་ལེན་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས།

ལས་འགན་མདུན་དུ་ཡོད་པ་དང་ལས་འགན་ལྕི་མོ་ཕྲག་ཏུ་ཁུར་ཡོད། མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་འཛུགས་པའི་དམིགས་འབེན་ལས་འགན་ལ་གཞིགས་ནས་འབད་བརྩོན་ལྷོད་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད།

སྲུང་སྐྱོབ་ཨང་དང་པོ་དང་ལུགས་མཐུན་སྒོས་གསར་སྤེལ་བྱེད་པ། རྒྱུན་མཐུད་བེད་སྤྱོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ནས། རང་བྱུང་སྲུང་སྐྱོབ་ས་ཁུལ་དུ“སྲིད་གཞུང་གིས་གཙོ་ཁྲིད་དང་། དོ་དམ་དང་དཔལ་འབྱོར་དབྱེ་འབྱེད་བྱེད་པ། ཕྱོགས་མང་ཟབ་ཞུགས”བཅས་ཀྱི་དམིགས་བསལ་གཉེར་སྐྱོང་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། མི་སྔར་ལས་མང་བ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་འཛུགས་སྐྲུན་ཁྲོད་ཞུགས་སུ་བཅུག་ནས། སྐྱེ་ཁམས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་དུ་འཇུག་དགོས།

རང་བྱུང་སྲུང་སྐྱོབ་ས་ཁུལ་ཉེ་འཁོར་གྱི་མཁར་གྲོང་དང་སྡེ་བ། ནགས་ར། ཕྱུགས་ལས་ས་ཁུལ། སྡོད་ཁུལ་སོགས་ལ་བརྟེན་ནས་སྤྱི་པའི་ཞབས་ཞུ་དང་མགྲོན་པོ་སྣེ་ལེན་བྱེད་སའི་ལྟེ་གནས་འཛུགས་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་རང་བྱུང་སྐྱེ་ཁམས་ཉམས་ལེན་ས་ཁུལ་དང་ཁོར་ཡུག་སློབ་གསོའི་འགྲེམས་སྟོན་སྟེགས་བུ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཅས་བསྐྲུན་ནས། སྤྱི་དམངས་ཀྱིས་རང་བྱུང་དང་བསྟུན་པ། རང་བྱུང་ཁམས་སུ་མཉམ་འདྲེས་དང་རང་བྱུང་ཁམས་ལོངས་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། རང་བྱུང་ལ་གཅེས་སྤྲས་དང་རང་བྱུང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྲུང་སྐྱོབ་ས་ཁུལ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་སོགས་སྲུང་སྐྱོབ་ས་ཁུལ་ཉེ་འཁོར་དུ་མཛེས་སྡུག་ལྡན་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་གསར་དུ་བསྐྲུན་ནས། ས་གནས་དེ་གའི་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ཁྲོད་ཞུགས་རྒྱུར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ་ཡོང་འབབ་ཇེ་མང་དུ་གཏོང་དགོས།

སྲུང་སྐྱོབ་ས་ཁུལ་གྱི་སྡེ་བའི་གད་སྙིགས་རིགས་དབྱེ་གནོད་མེད་ཅན་དུ་སྒྱུར་བ་དང་བཙོག་ཆུ་བཅོས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྐོར་ས་ཁུལ་བཅས་ཀྱི་ཁྱབ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཞིང་ཆེན་རིམ་པའི་གསར་གཏོད་ཚོད་ལྟའི་གནས་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི“གསང་སྤྱོད་གསར་བརྗེའི”མཁྲེགས་གཏོར་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་འཕྲོད་བསྟེན་གསང་སྤྱོད་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ནས། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཐུན་མོང་གིས་བསྐྲུན་དགོས།

སྐྱེ་ཁམས་དང་ས་ཞིང་། རྩྭ་ཐང་། དམངས་སྲོལ་སོགས་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་ལུགས་མཐུན་ངང་བེད་སྤྱོད་འོས་འཚམ་བྱ་རྒྱུར་སྔོག་འདོན་དང་སྐུལ་འདེད་གཏོང་བ་དང་། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བཏང་ནས། སྐྱེ་ཁམས་རིག་གནས་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རིག་དངོས་གནའ་ཤུལ་དང་གནའ་བོའི་སྡེ་བའི་འཛུགས་སྐྲུན། མི་རིགས་ཀྱི་གྲོང་སྡེ། ཞིང་ཕྱུགས་ལས་ཀྱི་རྗེས་ཤུལ་སོགས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། རོང་འབྲོག་ཁུལ་གྱི་ཕུལ་བྱུང་ཟློས་གར་གཞས་མ་གཏམ་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས། དམངས་ཁྲོད་རིག་གནས་སོགས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།

ད་ལྟ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་མིང་ཐོག་ནས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། “མཚོ་སྔོན་གྱི་ཉམས་མྱོང”དང“མཚོ་སྔོན་གྱི་སྟོབས་ཤུགས”བརྒྱུད་སྤྲོད་བྱས་ནས། རི་སྔོ་ཆུ་དྭངས་ནི་དུས་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་སྤོབས་པ་ཞིག་ཏུ་འགྱུར་བར་བྱས་ཏེ་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད།

                                                                                                          ཡིག་སྒྱུར་བ། ཤ་བོ་རིན་མཚོ།