ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་དམངས་ཚིས་ལེགས་བཅོས་ཐད་ཕན་འབྲས་མངོན་གསལ་ཐོབ།
2021.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

 ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་གྱིས་རྒྱུན་མཐུད་ངང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་རོགས་སྐྱོར་བྱས་ནས། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྦྱོང་ལ་ཤུགས་སྣོན་བྱས། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་སྟེགས་བུ་བསྐྲུན་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པ་དང་།  སྨན་བཅོས་དང་སློབ་གསོ་སོགས་དམངས་ཚིས་ཁྱབ་ཁོངས་སུ་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱས་ནས་རྩལ་ནུས་མཉམ་སྤྱོད་དང་ཐོན་ཁུངས་མཉམ་སྤྱོད་བྱས་པ།  བརྒྱུད་སྤེལ་དང་རོགས་རམ། ཁྲིད་སྟོན་བཅས་ལ་མཐོང་ཆེན་བྱས་ནས་ས་གནས་ལ་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་བྱས།

ན་ནིང་ཧྲན་ཏུང་ལེའོ་ཁྲིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་ཧྲན་ཏུང་གི་མིག་ནད་སྨན་ཁང་གཉིས་དང་མཐུན་སྦྱོར་བྱས་ནས་རྐང་ཚ་རྫོང་གི་མང་ཚོགས55ལ་རིན་མི་ལེན་པར་མིག་ནད་ལིང་ཏོག་གཤག་བཅོས་བྱས།    འོད་སྣང་སླར་ཡང་མཐོང་བའི་སྒྲོལ་ཐོ་ཡིས་ཧྲན་ཏུང་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་བར་གྱི་བར་ཐག་ཧ་ཅང་རིང་ནའང་ང་ཚོ་ཕན་ཚུན་བར་གྱི་སེམས་པ་ཧ་ཅང་ཉེ་ཞེས་བཀའ་དྲིན་གྱི་ཚུལ་དུ་དེ་ལྟར་བཤད་བྱུང་།

མཚོ་བྱང་ཁུལ་དུ་ཡོང་ནས་ལོ་གཉིས་ཀྱི་རིང་། ཧྲན་ཏུང་གི་སྐོར་བཞི་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ54ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་དང་སྨན་པ100ལྷག་དང་མཉམ་དུ་སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་།  ལས་གཞིའི་ཤེས་ལྡན་མི་སྣ་དུས་གཅིག་ཏུ་ནང་འདྲེན། ཞིབ་འཇུག་བྱ་གཞི་གལ་ཆེན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མཚོ་སྔོན་དུ་ཡོང་ནས་མཛུབ་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མཚོ་བྱང་དུ་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་པར་རོགས་སྐྱོར་བྱས་ཤིང་། རིག་སྟོབས་རོགས་སྐྱོར་དེ་ས་གནས་འབྲེལ་མཐུད་བྱེད་པ་ནས་ལས་སྟེགས་བསྐྲུན་ཏེ་ཐོན་ཁུངས་གཅིག་སྡུད་དང་དཔུང་ཁག་གི་སྣེ་ཁྲིད་དེ་རང་བརྟེན་ནུས་པ་ཆེ་རུ་གཏོང་བའི་ཕྱོགས་སུ་བསྒྱུར་བ་དང་། ས་གནས་ཀྱི་ཐོན་ལས་རིམ་སྤོར་དང་དམངས་ཚིས་ལེགས་བཅོས་བྱེད་པར་རམ་འདེགས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས།

ཐོན་ལས་ལ་དམིགས་ནས་སྟེགས་བུ་བསྐྲུན་པ་དང་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱས།

འདི་ནི་ང་ཚོས་ནང་འདྲེན་བྱས་པའི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་དང་ཤ་མོ་འདེབས་འཛུགས་ཀྱི་དྲོད་ཁང་ཡིན།  མཚོ་བྱང་ཁུལ་ཧེ་ཡོན་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དབྱང་ཅིན་ནན་ལ་མཚོན་ན།  ཀོང་མེན་སྡེ་བ་ནི་ཁོ་མོ་བསྐྱོད་ཐེངས་མང་ཤོས་ཀྱི་སྡེ་བ་ཞིག་རེད།  ལོ་གཉིས་ཀྱི་རིང་སྡེ་བའི་གཞུང་ལམ་དང་སྡོད་ཁང་གི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་དང་ལྷག་པར་དུ་འོད་ཤུགས་གློག་གི་ལས་གཞི་ལས་མང་ཚོགས་ལ་ཕན་ཁེ་ཐོབ་ཡོད་ཅེས་མོས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ཁུལ་ལ་རིག་གནས་ཡུལ་སྐོར་དང་། སྐྱེ་ཁམས་ཕྱུགས་ལས། ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ་སོགས་ཐོན་ལས་ཆེན་པོ་ལྔའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་བཟོས་ཤིང་།  ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ་དང་སྟེགས་བུ་བསྐྲུན་ནས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ། ས་གནས་ལ་རིག་སྟོབས་ཀྱི་རོགས་སྐྱོར་བྱས།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རིག་གནས་ཡུལ་སྐོར་མནའ་འབྲེལ་གྱི་མི་ཁྲི་མཚོ་སྔོན་དུ་སྐྱོད་པའི་བྱ་སྤྱོད་སྤེལ་བ་དང་།  ཧྲན་ཏུང་དང་མཚོ་སྔོན་མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ཆེད་མཁས་པའི་ལས་དོན་ས་ཚིགས་ཀྱི་སྒོ་བྱང་བཀལ་བ།  ཧྲན་ཏུང་དང་མཚོ་སྔོན་མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་རྒྱང་ཁྲིད་རིག་ནུས་ཞབས་ཞུའི་སྟེགས་བུ་དུས་གཅིག་ཏུ་དྲ་ཐོག་ནས་སྤྱོད་འགོ་བརྩམས།  ཧྲན་ཏུང་གི་ཞིང་ཕྱུགས་ལས་ཕྱོགས་ཀྱི་ཆེད་མཁས་པ200ལྷག་གིས་དྲ་ཐོག་དང་དྲ་ཕྱི་སོགས་ཀྱི་ཐབས་ལམ་བརྒྱུད་དེ། མཚོ་བྱང་གི་ཞིང་ཕྱུགས་ལས་ལ་ལག་རྩལ་གསོ་སྦྱོང་དང་། དཀའ་གནད་བློ་འདྲི། ལག་རྩལ་ཁྱབ་སྤེལ། ཞིབ་འཇུག་བྱ་གཞི་འགག་སྒྲོལ་སོགས་ཀྱི་ཞབས་ཞུའི་ལས་དོན་སྤེལ།

ཧྲན་ཏུང་ཕྱུགས་རིགས་སྨན་པའི་ལས་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཡུན་ཀྲིག་ནི་ཞིང་ཕྱུགས་ལས་ཕྱོགས་ཀྱི་ཆེད་མཁས་པའི་གྲས་ཀྱི་གཅིག་ཡིན་ལ།  མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་བྱེད་པར་ཡོང་ནས་ལོ་གསུམ་གྱི་རིང་། ཁོས་ཁུལ་ཡོངས་ཀྱི་གསོ་སྤེལ་ཁྱིམ་ ཚང་ཆེན་པོ་དང་ཕྱུགས་ལས་མཉམ་ལས་ཁང་ཚང་མར་བསྐྱོད་མྱོང་བར་མ་ཟད། ཞིང་ཕྱུགས་ཚན་རྩལ་དཔེ་སྟོན་གླིང་གི་སྟེགས་བུར་བརྟེན་ནས་ཕྱོགས་གསུམ་པའི་ཞིབ་བཤེར་ཚད་ལེན་བདེན་དཔང་ར་སྤྲོད་སྒྲིག་གཞི་འཛུགས་པའི་ཁྲོད་ཞུགས་པ་དང་། གསོ་སྦྱོང་དང་ཁྱབ་སྤེལ་བྱེད་སྒོ་སྣ་ཚོགས་ཁྲོད་ཞུགས་ནས་མི་ཐེངས2000ལྷག་ལ་ཕན་ཁེ་ཐོབ་ཡོད།   ཁོས་མཚོ་བྱང་ཁུལ་གྱི་འགྲན་ཞུགས་པ་ཞིང་ཆེན་ཡོངས་ཀྱི་སྲོག་ཆགས་རིམས་འགོག་ལས་རིགས་རྩལ་ནུས་འགྲན་བསྡུར་ཁྲོད་ཞུགས་པར་མཛུབ་སྟོན་བྱས་ནས་བྱ་དགའ་ཨང་དང་པོ་ཐོབ།   ཝང་ཡུན་ཀྲིག་གིས་བཤད་རྒྱུར། ལག་རྩལ་མང་ཙམ་ཁྲིད་ཐུབ་པ་དང་ཤེས་ལྡན་མི་སྣ་མང་ཙམ་གསོ་སྐྱོང་བྱ་རྒྱུ་ནི་རང་ལ་མཚོན་ན་ཆེས་དགའ་བའི་དོན་དག་ཅིག་ཡིན་ཟེར།

སྨན་བཅོས་དང་སློབ་གསོར་དམིགས་ནས་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱས།

ཧྲན་ཏུང་པེན་ཀྲིག་སྨན་བཅོས་རོགས་སྐྱོར་ཚོགས་པའི་རྐང་འཛིན་པ་ཝང་ཙུའུ་ཅུན་གྱིས་ལས་རོགས་ཚོའི་སྣེ་ཁྲིད་དེ་ཆི་ལེན་རྫོང་ལ་སྔ་རྗེས་སུ་སྒོར་ས་ཡ་གཅིག་ལྷག་གི་སྒྲིག་ཆས་དང་དངོས་ཟོག་ནང་འདྲེན་བྱས་པར་མ་ཟད། ས་གནས་དེར་རྫོང་རིམ་པའི་སྨན་བཅོས་ལྟེ་གནས3བཙུགས་པ་རེད། ཁོ་ཚོས་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ།  ཆེད་མཁས་པ་གཅིག་གིས་ཆེད་ལས་ཞིག་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱེད་པ་དང་། རྐང་འཛིན་སྨན་པ་དཀའ་བཅུ་པ་གཅིག་དང་རྐང་འཛིན་ནད་གཡོག་པ་གཅིག་གསོ་སྐྱོང་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཤིང་།  སྨན་བཅོས་མི་སྣ29ལ་ཁྲིད་སྟོན་དང་ནད་པ་མི་ཐེངས9000ལྷག་ལ་སྨན་བཅོས་བྱས།  ཝང་ཙུའུ་ཅུན་གྱིས་ད་དུང་ས་གནས་ཀྱི་མིག་ནད་བྱུང་བའི་ནད་པ་བཅུ་གཅིག་ལ་གཤགས་བཅོས་བྱས་པ་རེད།

མཚོ་བྱང་ཁུལ་གྱི་སློབ་གསོ་དང་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད།  ང་ཚོས་རིག་སྟོབས་རོགས་སྐྱོར་དང་ཐོན་ལས་རོགས་སྐྱོར་དེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་རྨང་གཞིའི་རང་བཞིན་གྱི་བཟོ་འགོད་དུ་བརྩིས་ནས་དམ་འཛིན་བྱས་པ་དང་། སྨན་བཅོས་དང་སློབ་གསོ་སོགས་ཀྱི་ཐད་རོགས་སྐྱོར་མང་པོ་བྱས་ཤིང་།  མང་ཚོགས་ཀྱི་དཀའ་ཁག་དང་སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་རོགས་སྐྱོར་གྱི་ཁྱབ་ཁོངས་གཞི་རིམ་དུ་སྲིང་ཡོད་ཅེས་ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དོ་དམ་ཚན་ཆུང་གི་ཚན་གཙོ་འམ་མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲའོ་ཆིན་ཕེན་གྱིས་དེ་ལྟར་བཤད།

མིག་སྔར་ཧྲན་ཏུང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ས་ཡ་བརྒྱད་འབུམ་བདུན་ལྷག་བཏང་ནས། ཧྲན་ཏུང་གི་གྲོང་ཁྱེར་བཞི་ཡིས་མཚོ་བྱང་གི་རྫོང་བཞིའི་སློབ་གྲྭ་འབྲིང་ཆུང་ལ་རྒྱང་ཁྲིད་རིག་ལྡན་སློབ་སྐྱོར་ཁྱོན་ཡོངས་ལ་ཁེབས་པར་བྱས་པ་དང་།  རིམ་རྩིས་བྱས་ན་བྱེད་སྒོ་ཐེངས800ལྷག་སྤེལ་ཡོད། ཧྲན་ཏུང་གི་དགེ་རྒན་མཚོ་སྔོན་དུ་ཡོང་མ་ཐུབ་རུང་སློབ་སྐྱོར་ནང་ཞུགས་ཐུབ་པ་དང་། མཚོ་བྱང་གི་སློབ་མ་ཕ་ཡུལ་དང་ཁ་མ་བྲལ་ཡང་སྤུས་ལེགས་སློབ་གསོ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

སྨན་བཅོས་དང་སློབ་གསོ་སྦྲེལ་མཐུད་བྱས་ནས་མཐོ་སྒང་གི་ཕུགས་འདུན་མངོན་འགྱུར་བྱས།   ཅང་མ་འགོར་བའི་སྔོན་ལ། ཧྲན་ཏུང་གི་སྨན་བཅོས་རོགས་སྐྱོར་ཆེད་མཁས་པ 5མཚོ་བྱང་ལས་རིགས་སློབ་གྲྭར་གདན་དྲངས་ནས། དུས་བཅད་ལྟར་སློབ་གྲྭར་སློབ་ཁྲིད་བྱེད་པར་བསྐྱོད་པ་སོགས་རོགས་སྐྱོར་ལས་དོན་ལེགས་པོར་སྤེལ་བས། ས་གནས་དགེ་སློབ་ཚོའི་བསྔགས་བརྗོད་ཚད་མེད་ཐོབ་པ་རེད།

ལག་རྩལ་ལ་བརྟེན་ནས་ས་གནས་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས།

རྐང་ཚ་རྫོང་གི་དྲོད་ཁང་ཆེན་པོའི་སྔོ་ཚོད་རྟེན་གཞི་དེའང་ཧྲན་ཏུང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་གཞིའི་གྲས་ཤིག་ཡིན་པ་དང་།  ད་ལོར་ལོ54ལ་སླེབས་པའི་ཞེ་ཞིག་ཧོང་ནི་ཧྲན་ཏུང་ཝུའེ་ཧྥང་ནས་ཡོང་བའི་ལག་རྩལ་པ་ཞིག་ཡིན།   ཞེ་ཞིག་ཧོང་གིས་བཤད་རྒྱུར། མཚོ་འཕང་སྨི3300ཡོད་པའི་མཐོ་སྒང་དུ་སྔོ་ཚོད་འདེབས་པར་དཀའ་ཁག་ཆེན་པོ་ཡོད་མོད། འོན་ཀྱང་གྲུབ་འབྲས་ཆེན་པོ་ཐོབ་ཡོད།  མཐོ་སྒང་དུ་ཞབས་ཞུ་སྒྲུབ་པའི་དུས་ཡུན་ཐུང་རུང་སྔོ་ཚོད་འདེབས་པའི་ལག་རྩལ་འདི་ས་གནས་མང་ཚོགས་དེ་བས་མང་པོར་ཤེས་སུ་བཅུག་ནས་ཁོ་ཚོར་སྔོ་ཚོད་གསར་བ་ཟ་ཐུབ་པར་བྱ་རྒྱུ་ནི་ངའི་ཕུགས་འདུན་ཡིན་ཟེར།

ཞིང་སྡེའི་ཁང་རྙིང་སྒྱུར་བཀོད་དང་འབྲོག་པའི་གཏན་སྡོད་ལས་གཞི་ལག་བསྟར་བྱས་ཏེ། ཁུལ་དང་རྫོང་རིམ་པའི་སྨན་ཁང་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བསྒྱུར་བཀོད་དང་རྒྱས་སྐྲུན་བྱས་བ་དང་།  ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ214དང་མཚོ་སྔོན་པོའི་ཞིང་རའི་ཡན་ལག་ཁུལ4ལ་རོགས་སྐྱོར་བྱས་ཤིང་།   བོད་ལུག་དང་ནོར་ནག   ཉ་རིགས་བཅས་གསོ་སྤེལ་དང་སྨན་རྩྭ་འདེབས་འཛུགས་སོགས་ཀྱི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་།  ཧྲན་ཏུང་གིས་མཚོ་བྱང་ཁུལ་ལ་དངོས་པོ་དང་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱས་པ་མ་ཟད། ས་གནས་ལ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་བཏང་ཡོད།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་། ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི64བཀོད་སྒྲིག་བྱས་པར་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ལྷག་བཏང་ཡོད།

ལོ་གཉིས་ཀྱི་རིང་ཐོན་ལས་ཆེན་པོ་ལྔར་དམིགས་ནས་ཧྲན་ཏུང་གིས་ཁྲོམ་རས་གཙོ་ཁྲིད་དང་།  ལས་གཞི་དང་ཤེས་ལྡན་མི་སྣའི་བྱེད་ཐབས་རྒྱུན་འཁྱོངས་བྱས། དེའི་ཁྲོད་ཀྱི་ལས་གཞི21མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་ལས་གཞིའི་མིང་གཞུང་ཁྲོད་བཀོད་ཡོད།  གཞན་ད་དུང་ཧྲན་ཏུང་གིས་ལོ་རེར་མ་དངུལ་སྒོར་ས་ཡ་གཉིས་བཏང་སྟེ། ཤེས་ལྡན་མི་སྣ་ནང་འདྲེན་གྱི་ཐེབས་རྩ་བཙུགས་ཏེ།  ཆེད་མཁས་པ་མཐོ་སྒང་དུ་ཡོང་བར་རྩ་འཛུགས་བྱས། འདི་ལྟར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་ཤེས་བྱ་དང་ལག་རྩལ་ལ་བརྟེན་ནས་མཚོ་སྔོན་ལ་བྱས་རྗེས་སྔར་ལས་ཆེན་པོ་བཞག་དང་འཇོག་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།