དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་རིམས་འགོག་གི་ལས་ཡུལ་དང་པོར་བརྟན་སྲུང་བྱས།
2021.11.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

 སྟོན་མཇུག་གི་མཚོ་སྔོན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཐེངས་ཤིག་རྒྱག་འགོ་བརྩམས།  རིམས་ནད་བྱུང་རྗེས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་དཔའ་ངར་ཆེར་བསྐྱེད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་འཐུས་མིའི་ཐོབ་ཐང་མངོན་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། འཐུས་མིའི་འགན་འཁྲི་ལག་བསྟར་དང་། འཐུས་མིས་འགན་འཁྲི་འཁུར་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་རེད།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཏ་ཀྲུང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ལས་བྱེད་མི་སྣ་ལུའུ་ཧུང་ཡུན་རང་འགུལ་ངང་སྡོད་ཁུལ་དུ་བསྐྱོད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བ་དང་། ཉིང་སྐྱུར་ཞིབ་བཤེར་ས་ཚིགས་དང་། ཕྱི་ནས་ཡོང་བའི་མིར་དོ་དམ་ཚོད་འཛིན། ཕྱི་ནས་ཡོང་བའི་རླངས་འཁོར་ལ་དོ་དམ་ཚོད་འཛིན་བཅས་བྱས་ནས།  ངལ་བ་དང་འཁང་ར་མེད་པར་རང་ནུས་ཡོད་རྒུས་ཞིང་ཆེན་ཕྱི་ནས་ཡོང་བའི་མི་སྣར་ཞིབ་བཤེར་བྱས་པ་དང་ཆབས་ཅིག ད་དུང་དགོས་ངེས་མིན་ཚེ་སྒོ་ཕྱིར་མི་འགྲོ་བ་སོགས་ཀྱི་རིམས་འགོག་དྲིལ་བསྒྲགས་བྱས་པ་དང་།   སྡོད་ཁུལ་གྱི་སྡོད་དམངས་དང་དེ་བཞིན་ཉེ་འཁོར་མང་ཚོགས་ལ་ཁ་ཐུམ་རྒྱག་པ་དང་།  སྒོ་ཕྱིར་མི་འགྲོ་བ།  ལག་པ་གཙང་མར་འཁྲུ་བ།  འདུ་འཛོམས་མི་བྱེད་པ་བཅས་ཀྱི་ཁ་ཏ་སློབ་གསོ་བཏང་སྟེ།  མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་པར་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་མིག་དཔེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཡན་ཞིག་ལིས་ཀྱང་ལྟ་སྲུང་མཁན་མང་པོའི་གྲས་ཀྱི་གཅིག་ཡིན། ད་ལོའི་ཟླ9པར། སྟོན་ཁ་དང་དགུན་དུས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་འཇལ་ཆེད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཉིང་སྐྱུར་ཞིབ་བཤེར་ཚད་ལེན་དང་སྨན་བཅོས་མི་སྣའི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་གྱི་ནུས་པ་མཐོ་རུ་གཏོང་བ།  དེ་མིན་ད་དུང་སྨན་ཁང་ཡོངས་ཀྱི་སྨན་བཅོས་མི་སྣ་སྒྲིག་འཛུགས་བྱས་ཏེ་པྲོག་གསར་གློ་ཚད་ཀྱི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་གྱི་གསོ་སྦྱོང་ལས་དོན་སྤེལ་བ་དང་། རིགས་པའི་གཞུང་ལུགས་དང་དངོས་སུ་བཀོལ་སྤྱོད་བྱེད་པའི་གསོ་སྦྱོང་བྱས་པ་བརྒྱུད་སྨན་བཅོས་མི་སྣའི་པྲོག་གསར་གློ་ཚད་ཀྱི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་གྱི་མ་དཔེ་འཚོལ་བསྡུ་བྱེད་པའི་དོན་དངོས་ཀྱི་བཀོལ་སྤྱོད་ནུས་པ་སྔར་བས་ཆེ་རུ་བཏང་སྟེ།  པྲོག་གསར་གློ་ཚད་འཕྲལ་སྡོམ་ཐག་གཅོད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

རིམས་ནད་བྱུང་རྗེས།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཤམ་བྷ་ལ་སྡོད་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧུའེ་ཡིས་གཞི་རིམ་གྱི་ལས་བྱེད་མི་སྣ་བཀོད་སྒྲིག་མི་འདང་བའི་གནས་ཚུལ་ཤེས་རྗེས།  མངའ་ཁོངས་ཀྱི་བདེ་སྐྱིད་ཏང་འཛུགས་ཁོངས་གཏོགས་ལས་ཁུངས་དང་ཏང་ཡོན་བློ་མཐུན་རྩ་འཛུགས་དང་སྐུལ་སློང་བྱས་ནས།  ཤམ་བྷ་ལ་སྡོད་ཁུལ་གྱི་ཏང་ཡོན་དང་བླངས་པའི་ཞབས་ཞུ་རུ་ཁག་བཙུགས་པ་དང་། ཏང་ཡོན35ཡི་ཁྲོད་ཀྱི་ལོ་ན་ཆེ་ཤོས་ནི་ལོ72ཡིན་པ་དང་ལོ་ཆུང་ཤོས་ནི་ལོ23ཡིན་པ་རེད།  སྡོད་ཁུལ་གྱི་ཕྱི་ནས་ཡོང་བའི་མི་སྣ་ཐོ་འགོད་ལག་དེབ་ཐོག་ཕྱི་ནས་ཡོང་བའི་མི་སྣ་རེ་རེའི་གཞི་རྩའི་ཆ་འཕྲིན་དང་། སྡོད་གནས་ཀྱི་ཆ་འཕྲིན།  ལུས་དྲོད་ཀྱི་ཚད། ཁ་པར་གྱི་འཚམས་འདྲིའི་ཟིན་ཐོ་བཅས་ཞིབ་ཕྲ་བཀོད་ཡོད་པ་དེ་ནི། ཁོ་ཚོས་དཀའ་སྤྱད་ལས་སྒྲུབ་བྱས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཝང་ཧུའེ་ཡིས་རང་དཔེ་གཞན་སྟོན་གྱིས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ནས། ཤམ་བྷ་ལ་སྡོད་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཉིང་སྐྱུར་ཞིབ་བཤེར་ལས་དོན་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྤེལ་བར་ཁག་ཐེག་བྱས་པ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་སྡོད་ཁུལ་མང་པོ་ཞིག་གིས་སྲ་ཞིང་བརྟན་པའི་འགོག་སྲུང་གི་འཛིང་རགས་རེ་རེ་བསྐྲུན་པ་དང་། རྒྱ་ཆེའི་སྡེ་ལས་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འགོག་རྒོལ་དམག་འཐབ་ཀྱི་མདུན་སར་མཆོང་ནས་འབད་འཐབ་བྱེད་བཞིན་ཡོད་པ་རེད། དཔེར་ན་ཟི་ལིང་གྲོང་ཁྱེར་ཅིན་ཧུའེ་སྡེ་ལས་ཚད་ཡོད་ཀུང་སིའི་ཞབས་འདེགས་བྱ་ཡུལ་ནི་ཟི་ལིང་གྲོང་ཁྱེར་མཁར་ཤར་དང་། མཁར་ནུབ་དང་མཁར་བྱང་བཅས་ས་ཁུལ་གྱི་ཐོག་ཁང་རྙིང་བ300ཙམ་དང་ཁྱིམ་ཚང་ཁྲི3ལྷག་གི་མང་ཚོགས་འབུམ་གཅིག་ཙམ་ཡིན་པ་རེད། རིམས་ནད་ཐོག་མར་བྱུང་སྐབས།   ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཅིན་ཧུའེ་སྡེ་ལས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི་སུང་ཧུའེ་ཡིས་དུས་ཐོག་ཏུ་དྲིལ་བསྒྲགས་དང་། དུག་སེལ་ཡོ་བྱད་བཀོད་སྒྲིག་བྱེད་པ། འགྲོ་འོང་ཐོ་འགོད་དང་ལས་རེས་ལས་སྲུང་། རང་ངོས་ཀྱི་འགོག་སྲུང་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

ཛ་དྲག་དང་རྙོག་འཛིང་ཆེ་བའི་རིམས་ནད་ཀྱི་མདུན་དུ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཕྱིར་བཤོལ་མི་བྱེད་པར་ནུས་ཤུགས་ཡོད་རྒུ་འདོན་པ་དང་། འགན་འཁྲི་འཁུར་ཕོད་པ། བྱ་སྤྱོད་དངོས་བཅས་ཀྱི་ཐོག་ནས། དམངས་ཀྱིས་ང་རང་འཐུས་མིར་བདམས། ངས་དམངས་ཆེད་དུ་འཐུས་མི་བྱེད་ཅེས་པའི་དམ་བཅའ་བཞག་ནས། མཚོ་སྔོན་འདི་ཉིད་ཉེན་ཁ་ཆེ་བའི་གནས་སུ་གཏན་ནས་འགྱུར་དུ་འཇུག་མི་རུང་ཞེས་པའི་འཛིང་རགས་བརྟན་པོ་བསྐྲུན་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།