རིམས་ནད་མཆེད་པའི་གནས་སུ་གཅེས་སེམས་ཀྱི་ཟས་རིགས་སྐྱེལ་བ།
2021.11.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

“ནོར་གནག་གི་རུས་ཆེན་ཁུ་བ་དགོས་སམ་ཡང་ན་འཐེན་ཐུག་དགོས་སམ། ང་ཚོས་གྲ་སྒྲིག་ཡག་པོ་བྱས་ཡོད་པས་ད་དུང་ཚ་མོ་ཡིན་ལ། ཚང་མ་མགྱོགས་མྱུར་སྒོས་ཚུར་ཡོང་ནས་ཟ་མ་ཟོ།” བློ་སེམས་བདེ་བའི་འཚམས་འདྲི་དང་མཉམ་དུ་ཚ་ལམ་ལམ་གྱི་ཟ་མ་ནད་ཡམས་སྔོན་འགོག་གི་ལས་ཡུལ་དང་པོ་རུ་བྲེལ་འཚུབ་ཀྱིས་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་མི་སྣའི་ལག་ཏུ་བསྐྱལ།

ཟླ10པའི་ཚེས28ཉིན་དང་ཟླ10ཚེས29ཉིན། ཡང་ཅཱ་ཀྲའེ་སྡེ་བས་ཉིན་གཉིས་ཀྱི་རིང་ལ་བསྟུད་མར་ཉིང་སྐྱུར་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་པ་དང་། ལས་སྒྲུབ་མི་སྣའི་འགོག་སྲུང་ལྭ་བའི་ནང་གི་གོན་པ་སྔ་མོ་ནས་རྔུལ་ཆུས་བརྫུས་ཡོད་ལ། དང་བླངས་པ་མི་ཉུང་བ་ཞིག་ཀྱང་ངལ་དུབ་ཀྱིས་ཁེངས་ཡོད། བརྩེ་སེམས་ལྡན་པའི་ཟས་རིགས་མཐོང་སྐབས་ཁོ་ཚོ་ཧ་ལས་བཞིན་ཡོད་པ་དང་གྲལ་བསྒྲིགས་ཏེ་གོ་རིམ་ལྡན་པའི་ངང་ཟ་མ་བླངས། གཅེས་སེམས་མཚོན་པའི་གུང་ཟས་འདིས་ལས་བྱེད་མི་སྣའི་ཕོ་བ་རྒྱགས་པ་དང་ངལ་དུབ་སེལ་དུ་བཅུག་པར་མ་ཟད། ཁོ་ཚོའི་སེམས་ལ་དྲོད་སྐྱིད་ཀྱང་སྦྱིན་ཡོད། ལས་སྒྲུབ་མི་སྣས་སྦྱིན་བདག་གིས་སྐྱེལ་ཡོང་བ་ནི་ཞིམ་ཟས་ཤིག་ཡིན་པ་མ་ཟད་དྲོད་སྐྱིད་ལྡན་པ་ཞིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་དེ་ལྟར་བཤད།

“གནམ་གཤིས་གྲང་ངར་ཆེ་བའི་དུས་སུ། ནོར་གནག་གི་རུས་ཆེན་ཁུ་བ་དཀར་ཡོལ་གང་འཐུང་ཐུབ་པ་བྱུང་བས་སེམས་སུ་དྲོད་ལམ་མེར་འདུག་ལ། ང་ཚོས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་སོང”ཞེས་ཡང་ཅཱ་ཀྲའེ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏིན་ཧྲིན་མན་གྱིས་དེ་ལྟར་བཤད།

རིམས་ནད་ཀྱིས་བྱམས་བརྩེ་འགོག་མི་ཐུབ། བསྟུད་མར་ཉིན་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་ཧོས་ཉིན་ལམ་དུ་ཡོད་པའི་ནོར་གནག་གི་རུས་ཆེན་ཁུ་བའི་ཟ་ཁང་དང་། ཝུན་ཧོས་སྲང་ལམ་ཅིན་ཙོCཁུལ་ལྷོ་སྒོའི་ལའོ་པེ་ཀོན་འཐེན་ཐུག་ཟ་ཁང་། མཱ་ཞང་ཆིན་བསྲེགས་ཟོས་ཟ་ཁང་གིས་གཅེས་སེམས་ཕུལ་ཏེ། སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧུའུ་ཐའེ་སྲང་ལམ་ཡང་ཅཱ་ཀྲའེ་ཡི་རིམས་ནད་འགོག་བཅོས་ལས་སྒྲུབ་མི་སྣར་གཅེས་སེམས་མཚོན་པའི་ཟ་མ་དཀར་ཡོལ180བསྐྱལ་པ་རེད། “རིམས་འགོག་ལས་ཡུལ་དང་པོའི་ལས་སྒྲུབ་མི་སྣས་ཁྱིམ་ཆུང་བསྐྱུར་ནས་ཁྱིམ་ཆེན་བསམ་ཏེ་གྲོང་ཁྱེར་གྱི་མང་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུ་བཅུག་པས་དཀའ་སྡུག་ཧ་ཅང་ཆེ། ང་ཚོ་ཟས་རིགས་གཉེར་མཁན་རྣམས་ཀྱིས་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐད་སྟོབས་ཤུགས་ཤིག་ལེགས་སྐྱེས་སུ་འབུལ་དགོས། ཁོ་ཚོ་གྲོགས་མེད་ཁེར་རྐྱང་དུ་འབད་འཐབ་བྱེད་མཁན་ཞིག་མིན་པ་ཤེས་སུ་འཇུག་འདོད་ལ། ཁོང་ཚོས་ང་ཚོར་ལྟ་རྟོག་བྱེད་ཀྱིན་ཡོད་ལ་ང་ཚོས་ཀྱང་ཁོང་ཚོར་གཅེས་སྐྱོང་བྱེད་ཀྱིན་ཡོད”ཅེས་ལའོ་པེ་ཀོན་འཐེན་ཐུག་ཟ་ཁང་གི་སྦྱིན་བདག་སུའུ་ཁའེ་ཅོན་གྱིས་དེ་ལྟར་བཤད།

ནད་དུག་ལ་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་སེམས་ལྡན་པས་མཉམ་དུ་དཀའ་ངལ་ཁྱད་བསལ་བྱས་ན་མི་སེམས་ལ་དྲོད་སྐྱིད་སྦྱིན་ཐུབ། རིན་མི་དགོས་པར་ཟ་མ་སྐྱེལ་བ་ནི་དགུན་དུས་ཀྱི་ཉི་འོད་དང་འདྲ་བར་མི་ཚང་མའི་སེམས་ལ་དྲོད་སྐྱིད་སྦྱིན་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།