ཉིན་མཚན་མེད་པར་ཁོ་ཚོས་མཐོ་སྒང་གི་གྲོང་ཁྱེར་དེ་སྲུང་སྐྱོབ་བྱེད་བཞིན་ཡོད།
2021.11.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་དང་སྐར་མ་ཉི་ཤུའི་སྟེང་། ཟི་ལིང་གྲོང་ཁྱེར་ཞིན་ཧེ་ལམ་གྱི་གཞིས་ཁུལ་བཅུ་གཉིས་པ་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་བཤེར་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་པའི་མི་གསུམ་བྱུང་།

མ་ཧེ་ཅོན་ཡིན་ནམ། ཁྱོད་རང་མྱུར་དུ་དུས་ཚོད་སྐར་མ་བཅུའི་ནང་དུ་ཞིན་ཧེ་ལམ་གྱི་གཞིས་ཁུལ་བཅུ་གཉིས་པའི་སྒོ་ཆེན་ཁར་ཐོན་དུ་ཆུགས མཚན་མོ་དེའི་དུས་ཚོད་བཅུ་གཉིས་དང་སྐར་མ་བཞི་བཅུའི་སྟེང་དུ་འབྱོར་བའི་བྲེལ་ཟིང་གི་ཁ་པར་དེས་གཉིད་ཀྱི་ཞིང་ཁམས་སུ་རོལ་བཞིན་པའི་མ་ཧེ་ཅོན་གྱི་གཉིད་དེ་རྩ་བ་ནས་དཀྲོགས། སྐབས་དེར་ཞིན་ཧེ་ལམ་གྱི་སྲང་ལམ་དོན་གཅོད་ཁང་གི་ལས་བྱེད་མི་སྣ་ཡིན་པའི་མ་ཧེ་ཅོན་གྱིས་དོན་དག་བྱུང་བ་སེམས་ནས་གསལ་བོར་ཤེས་ནས་མྱུར་དུ་མལ་ནས་ལངས་ཏེ་གནས་གཏན་འཁེལ་གྱི་ཕྱོགས་སུ་བསྐྱོད།

ནམ་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་ང་ལྔའི་སྟེང་དུ་ཞིན་ཧེ་ལམ་གྱི་ཁོངས་གཏོགས་ཀྱི་ཡའེ་ཡོན་ལམ་དུ་ཉིང་སྐྱུར་བཤེར་འཇལ་བྱེད་སའི་ས་ཚུགས་དང་པོ་མྱུར་དུ་བཙུགས།

དངོས་པོ་རྣམས་རླངས་འཁོར་ལས་མར་ལེན་དུས་ས་རུབ་ཡོད་པའི་སྟབས་ཀྱིས་མིག་གིས་གསལ་བོར་མི་མཐོང་བས་ཚང་མས་སེམས་ཆུང་བྱོས། འགན་འཁྲི་དང་ལེན་བྱས་རྗེས་སུ་མ་ཧེ་ཅོན་གྱིས་སྲང་ལམ་དོན་གཅོད་ཁང་གི་ལས་བྱེད་མི་སྣ་དགུ་ཁྲིད་ནས།  ཉིང་སྐྱུར་བཤེར་འཇལ་ས་ཚིགས་སུ་སྒྲིག་ཆས་རྣམས་གྲ་སྒྲིག་བྱེད་པར་བཀོད་སྒྲིག་བྱས།

ལས་གྲོགས་རྣམ་པ། རླུང་ཆེ་བས་ངེས་པར་དུ་ཐག་པས་དམ་པོར་བསྡམ་དགོས་ཞེས་མ་ཧེ་ཅོན་གྱིས་དེ་ལྟར་སྐད་རྒྱག་བཞིན་འདུག ཉིང་སྐྱུར་བཤེར་འཇལ་བྱེད་སའི་སྦྲ་གུར་ཚན་ཆུང་དེར་མི་དགུ་ཡོད་པ་དང་། མ་ཧེ་ཅོན་ནི་ཁོ་ཚོའི་སྣེ་ཁྲིད་མཁན་ཡིན་པས་ཁོས་བྱ་བའི་ཕྱོགས་སོ་སོར་བསམ་བློ་ཞིབ་མོ་བཏང་ཡོད་པ་རེད།

སྐབས་དེར་མི་ཚང་མས་བློ་སེམས་གཅིག་སྒྲིལ་གྱིས་ཕན་ཚུན་གཞོགས་འདེགས་བྱས་ཏེ། སྦྲ་གུར་གསུམ་མྱུར་དུ་ཕུབ་སྟེ་ཁོ་ཚོ་ནི་སྲུང་དམག་ཅིག་དང་འདྲ་བར་རླུང་བུའི་ཁྲོད་དུ་མཚན་མོ་དེར་གཉིད་དུ་ཡུར་འདུག་པའི་གྲོང་ཁྱེར་དེའི་མི་རྣམས་ཀྱི་མཐའ་ནས་སྲུང་བཞིན་འདུག

ཉིང་སྐྱུར་བཤེར་འཇལ་ས་ཚིགས་སུ་སྒྲོག་ཙེ་འཇོག་པ་དང་ཉེན་ཟོན་ཐིག་སྐུད་འཐེན་པ་བཅས་བྱ་བའི་གོ་རིམ་རེ་རེར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་དགོས། གོང་རིམ་གྱི་རེ་བ་ལྟར་དུ་སྔ་མོའི་དུས་ཚོད་དྲུག་གི་ཡར་སྔོན་དུ་ཁོ་ཚོས་བྱ་བ་དེ་དག་རེ་རེ་བཞིན་ལེགས་པོར་འགྲུབ་དགོས། ཡིན་ནའང་སྐབས་དེར་གཞི་ནས་དུས་ཚོད་གསུམ་དང་སྐར་མ་ཞེ་ལྔར་ཐོན་འདུག་པ་དང་ད་དུང་གྲ་སྒྲིག་སྐོར་གྱི་བྱ་བ་མང་པོ་ཞིག་འགྲུབ་མེད་པས་མ་ཧེ་ཅོན་གྱི་སེམས་སུ་བྲེལ་བ་ཞིག་ངང་གིས་ལངས་བཞིན་འདུག

འདི་ལྟ་བུའི་བྱ་བའི་མྱུར་ཚད་ཀྱིས་ང་ཚོས་རིམས་འགོག་བྱ་བར་དལ་འགོར་བྱེད་སྲིད་པས་ཚང་མས་ཤུགས་ཆེན་པོ་བརྒྱབ་ནས་སྲང་ལམ་གྱི་རིམ་འགོག་བྱ་བའི་ཐད་ལ་དུས་ཚོད་མང་པོ་བརྩོན་ལེན་བྱེད་དགོས་ཞེས་མ་ཧེ་ཅོན་གྱི་ཕྱོགས་གཅིག་ནས་སྒྲོག་ཙེ་སྒྲིག་ཞོར་ཕྱོགས་གཞན་ཞིག་ནས་དེ་ལྟར་སྐད་རྒྱག་བཞིན་འདུག

ལས་བྱེད་མི་སྣ་དགུ་བོ་དེས་བློ་གཅིག་སེམས་གཅིག་གི་མཐུན་སྒྲིལ་ཆེན་པོས་མཉམ་དུ་འབད་བརྩོན་བྱས་མཐར། ཤར་ཕྱོགས་ཀྱི་གནམ་མཐའ་ནས་ནམ་ལངས་ཀྱི་སྐྱ་རེངས་འཇོག་དུས། སྒྲིག་འཛུགས་ཚད་ལྡན་དང་ལུགས་མཐུན་ཡིན་པའི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་ཤིག་གཞི་ནས་གྲུབ་པར་བྱས་འདུག་པ་དང་།   ཉིང་སྐྱུར་བཤེར་འཇལ་བྱེད་པར་གྲལ་རིང་བོ་སྒྲིག་འདུག་པའི་མི་རྣམས་ཀྱི་ཁྲོད་དུ་སྨན་བཅོས་མི་སྣ་རྣམས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་སྡོད་མདངས་རེ་རེའི་ཐོབ་ཐང་ཆ་འཕྲིན་ལ་ཞིབ་བཤེར་དང་ཉིང་སྐྱུར་བཤེར་འཇལ་བྱེད་པའི་རྣམ་པ་དེ་མཐོང་དུས། མ་ཧེ་ཅོན་སོགས་ལས་བྱེད་པ་དགུ་བོ་དེའི་ཐང་ཆད་པའི་ངོ་གདོང་ལས་ཡིད་ཚིམ་པའི་འཛུམ་མདངས་ཤིག་ངང་གིས་མངོན་བཞིན་འདུག

ཀྲུའུ་རིན་སུང་ལགས། ཧྭ་ཡེ་ཐོག་ཁང་གི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་སུ་གཅིག་སྤྱོད་རང་བཞིན་གྱི་ལག་ཤུབས་ཚར་ཟིན། ཀྲུའུ་རིན། ཞིན་ཧེ་ལམ་སློབ་ཆུང་གི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་སུ་སྨན་སྤྱོད་འགོག་སྲུང་ལྭ་བ་བཞི་དགོས། ཀྲུའུ་རིན། གནམ་གཤིས་གྲང་ངར་ཆེ་བས་ཉིང་སྐྱུར་བཤེར་འཇལ་ས་ཚིགས་སོ་སོར་གློག་གི་དྲོད་ཆས་གཅིག་རེ་འདོན་སྤྲོད་བྱེད་ཐུབ་བམ།

དུས་ཚོད་བརྒྱད་དང་སྐར་མ་བཅུའི་སྟེང་ནས་མགོ་བརྩམས་ཏེ། སྲང་ལམ་གྱི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་སོ་སོས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་མཛུབ་སྟོན་འོག  ཉིང་སྐྱུར་བཤེར་འཇལ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།  དུས་ཚོད་ཐུང་བ་དང་འགན་འཁྲི་ལྕི། སྲང་ལམ་དོན་གཅོད་ཁང་གི་གི་རྒྱབ་ཕྱོགས་ཀྱི་དངོས་ཟོག་གྲ་སྒྲིག་འགན་སྲུང་གི་འགན་ཁུར་ཡོད་པའི་ཀྲུའུ་རིན་གཞོན་པ་སུང་ལེ་ཡུན་གྱི་ཁ་པར་དེ་ཆ་སྙོམས་ཀྱིས་དུས་ཚོད་སྐར་མ་རེ་རེ་ནང་དུ་གྲགས་འོང་གི་འདུག ཁ་པར་རེ་རེ་འབྱོར་རྗེས་སུ་ཁོ་མོས་དུས་ཐོག་ཏུ་གནད་དོན་རེ་རེ་ཐག་གཅོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉིང་སྐྱུར་བཤེར་འཇལ་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།

ཉིང་སྐྱུར་བཤེར་འཇལ་བྱེད་ཡུལ་གྱི་ས་ཚིགས་བཅུ་ལྷག་ཏུ་མི་སྣ་བཀོད་སྒྲིག་བྱས་ནས་དངོས་རྫས་ཉོ་སྒྲུབ་དང་བཀོད་སྒྲིག་བྱེད་པའི་བྱ་བ་ཚང་མ་སུང་ལེ་ཡུན་གྱིས་འགན་ཁུར་ཡོད་པ་དང་། ཁོ་མོས་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་གནད་དོན་རེ་རེ་གཅིག་རྗེས་གཉིས་མཐུད་ཀྱི་ངང་ནས་ཐག་གཅོད་བྱེད་བཞིན་འདུག

ཡ་ཡ། ངས་མྱུར་དུ་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱེད། སྐད་ཆ་དེ་ཁོ་མོས་ཐེངས་ཇི་འདྲའི་མང་པོ་ཞིག་ལ་བསྐྱར་ཟློས་བྱས་ཡོད་པ་སུས་ཀྱང་མི་ཤེས། ཁོ་མོ་ནི་འཕྲུལ་ཆས་ཤིག་དང་འདྲ་བར་མྱུར་དུ་དངོས་རྫས་སྣ་ཚོགས་བཀོད་སྒྲིག་བྱེད་པའི་ལས་ལ་བྲེལ་བཞིན་འདུག      མཚན་མོ་དེར་སུང་ལེ་ཡུན་ལ་ཁ་པར་འབྱོར་རྗེས་སུ་ཁོ་མོས་མྱུར་དུ་མཐུན་སྦྱོར་བྱས་ནས་སྦྲ་གུར་དང་སྨན་སྤྱོད་འགོག་སྲུང་ལྭ་བ། ཉིང་སྐྱུར་བཤེར་འཇལ་ས་ཚིགས་ཀྱི་སྨན་བཅོས་མི་སྣ་སོགས་བཀོད་སྒྲིག་བྱས་པར་མ་ཟད། ནམ་གུང་མི་སྣ་རྩ་འཛུགས་བྱས་ཏེ་ཆང་བཅུད་དང་དུག་སེལ་གཤེར་ཆུ། ཁ་ཐུམ། ལུས་དྲོད་འཇལ་ཆས་སོགས་དངོས་རྫས་རྣམས་བཀོད་སྒྲིག་བྱས།

དངོས་རྫས་རེ་རེ་འབྱོར་རྗེས་སུ་ངེས་པར་དུ་དོ་དམ་ནན་མོ་བྱེད་པ་དང་རྩིས་ལེན་གསལ་བོ་བྱེད་དགོས་ཞེས་སུང་ལེ་ཡུན་གྱིས་ནན་བཤད་བྱས། དུས་ཚོད་གསུམ་དང་སྐར་མ་བཅོ་བརྒྱད་སྟེང་། ཁོ་མོས་ཞིན་ཧེ་ལམ་གྱི་ཉིང་སྐྱུར་བཤེར་འཇལ་བྱེད་ཡུལ་སོ་སོའི་གནས་ཚུལ་ལ་རྟོགས་ཞིབ་བྱེད་མགོ་བརྩམས་པ་དང་། ས་ཚིགས་རེ་རེར་ཐོན་དུས་ཁོ་མོས་བྱ་བའི་སྒྲིག་ལམ་རེ་རེ་ནན་ཏན་གྱིས་གསལ་བོར་སྒྲོག་བཞིན་ཡོད།

ཀྲུའུ་རིན་སུང་ལགས། ལོགས་བཀར་བྱས་ཡོད་པའི་སྡོད་མདངས་ཀྱི་ཞོགས་ཟས་འབྱོར་བྱུང་། དུས་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་སྟེང་ཁོ་མོར་དེ་ལྟར་ཁ་པར་འབྱོར་རྗེས་སུ་ཞིན་ཧེ་ལམ་གྱི་ཤར་སྒོ་ཆེན་མོར་སོང་སྟེ་ལས་རེས་མི་སྣར་གནས་ཚུལ་གསལ་བཤད་བྱས་རྗེས་སུ་ལོགས་བཀར་མི་སྣར་ཞོགས་ཟས་བསྐྱལ་བའི་བྱ་བ་བཀོད་སྒྲིག་བྱས།

ང་ཚོས་མིག་སྔའི་སྡོད་ཁུལ་གྱི་མི་གྲངས་ལ་གཞིགས་ནས་སྡོད་ཁུལ་རེ་རེར་ཞོགས་ཟས་བསྐྱལ་དགོས་པ་དང་། མི་རེ་རེར་ཞོགས་ཟས་ཡོད་པར་བྱས་ནས་མི་གཅིག་ལའང་ཞོགས་ཟས་ཆད་མི་རུང་ཞེས་ཟེར་བཞིན་ཁོ་མོས་ཐོ་འགོད་འབྲི་དེབ་དེ་བླངས་ནས་སྡོད་ཁུལ་གྱི་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་རིམ་བཞིན་ཞོགས་ཟས་སྟེར་བའི་བྱ་བར་བཀོད་སྒྲིག་བྱས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལ་གཞིགས་ནས་ཞོགས་ཟས་ཚང་མ་ལོགས་སུ་བཀར་ཡོད་པའི་སྡོད་ཁུལ་གྱི་སྒོ་འགྲམ་དུ་སྐྱེལ་བ་དང་། དེ་རྗེས་སྡོད་ཁུལ་གྱི་ཏང་ཀྲི་པུའུ་འམ་ཡང་ན་སྡོད་ཁུལ་གྱི་མགོ་བར་ཁ་པར་བཏང་ནས་སྡོད་དམངས་རེ་རེ་རྩིས་ལེན་བྱེད་དུ་བཅུག་རྗེས། སྡོད་དམངས་རྣམས་རྩ་འཛུགས་བྱས་ནས་སྒྲིག་ལམ་ལྡན་པའི་ངང་ལེན་དུ་བཅུག་ཏེ་སྡོད་དམངས་རེ་རེའི་འཚོ་བར་འགན་སྲུང་བྱས།

དངོས་ཟོག་རྩིས་ལེན་དང་བགོ་བཤའི་འཆར་གཞི་གཏན་འབེབས་བྱས་ནས། དུས་ཐོག་ཏུ་མི་སྣ་བཀོད་སྒྲིག་བྱས་ཏེ་སྡོད་ཁུལ་སོ་སོའི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཉིང་སྐྱུར་བཤེར་འཇལ་ས་ཚིགས་སོ་སོར་སྐྱེལ་བཞིན་ཡོད་པ་དང་། ཁོངས་གཏོགས་ས་ཁུལ་གྱི་སྡོད་དམངས་དང་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོའི་བྱ་བའི་མི་སྣའི་བཟའ་བཏུང་གནད་དོན་འགན་སྲུང་བྱེད་རྒྱུ་ནི་ཁོ་མོའི་བྱ་བ་གཙོ་བོ་རེད།  ་ཚོད་སུམ་ཅུ་སོ་དྲུག་གི་རིང་ལ་ཁོ་ཚོས་རྒྱུན་ཆད་མེད་པར་འབད་འཐབ་བྱས་པས་ལུས་ཕུང་ཐང་ཆད་ཅིང་སྐད་ཀྱང་འགགས་འདུག་ནའང་།  མིག་སྔའི་ལས་འགན་ནི་ཁོ་ཚོས་ཧུར་བརྩོན་ཆེན་པོས་མུ་མཐུད་དུ་བྱ་བ་དེ་དག་གི་རྒྱུན་སྐྱོང་རྒྱུ་དེ་རེད།

                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།