-----མཚན་མོར་ཟི་ལིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོར་བཅར་བ།
ཁྱིམ་ཚང་དུ་བསྐྱོད་དེ་གྲལ་བཤེར་བྱེད་བཞིན་པ།
མང་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པ།
ཁྱོད་ཚོའི་བདེ་འཇགས་ང་ཚོས་སྲུང་སྐྱོབ་བྱེད།
ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།
ཟླ10ཚེས28ཉིན་གྱི་ནམ་གུང་དུས་སུ། ཟི་ལིང་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་གདགས་གཤིས་ཡིན་པའི་མི་སྣ་ཤེས་རྟོགས་བྱུང་བ་རེད། རིམས་ནད་ཀྱི་གནས་ཚུལ་ལ་ཁ་གཏད་ནས། ཆུ་ཚོད་ཉེར་བཞིའི་རིང་ལས་གནས་མང་པོ་དང་མི་མང་པོ་ཞིག་གི་ལས་ཀ་རྒྱུན་རྣམ་ཅན་དུ་གྱུར་ཡོད། སྟོན་མཇུག་དང་དགུན་ཐོན་པའི་དུས་སུ་ཏག་ཏག་འཁེལ་ཡོད་པས་མཐོ་སྒང་གི་གནའ་གྲོང་གི་མཚན་མོ་གྲང་རླུང་ལྡང་མོད། འོན་ཀྱང་ལས་གནས་བརྟན་སྲུང་བྱེད་པའི་གློག་འོད་དང་གཟུགས་བརྙན་གྱིས་གནས་འདིར་འོད་སྣང་སྦྱིན་ཡོད།
ཉིན་མཚན་ཀུན་ཏུ་འཁོར་སྐྱོད་བྱེད་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ས་ཚིགས་དང་། གྲོང་ཁྱེར་གྱི་ཕྱོགས་གང་སར་ཁྱབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་ས་ཚིགས། བཀག་སྡོམ་ཚོད་འཛིན་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་ཚང་མར་ལས་ཡུལ་དང་པོ་བརྟན་སྲུང་བྱེད་པའི་སྤྱིར་བཏང་གི་ལས་སྒྲུབ་མི་སྣ་ཁག་ཅིག་ཡོད་ཅིང་། ཁོ་ཚོས་སྤྱིར་བཏང་མིན་པའི་སྙིང་སྟོབས་ལས་མཐོ་སྒང་གནའ་གྲོང་གི་བདེ་འཇགས་དང་། མཐོ་སྒང་གནའ་གྲོང་ལ་དྲོད་སྐྱིད་སྦྱིན་བཞིན་ཡོད། རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་རིམས་ནད་ཀྱི་མདུན་དུ་ཁོ་ཚོ་ནི་མཁའ་དབྱིངས་ཀྱི་སྐར་ཚོགས་བཞིན་ཟི་ལིང་གི་གྲང་ངར་ཆེ་བའི་མཚན་མོར་འོད་སྣང་སྦྱིན་མཁན་དག་རེད།
ལས་གནས་གཅིག་ལས་གྲོང་ཁྱེར་གཅིག་སྲུང་བ།
ཆར་རླུང་དང་ཉིན་མཚན་གང་ཡིན་ལ་མ་བལྟོས་པར་དུས་ཚོད་ཉེར་བཞིའི་རིང་ལས་རེས་བྱེད་ཀྱིན་ཡོད་པ་དང་། ཐང་ཆད་པའི་སྐབས་སུ། ཞིབ་བཤེར་ཚད་ལེན་གནས་ཀྱི་སྟབས་བདེའི་ཁང་བ་རུ་དུས་ཚོད་གཅིག་ལ་རེས་མོས་སྒོས་ངལ་གསོ་བཞིན་ཡོད། ལྟོགས་ན་མགྱོགས་ཟས་སམ་ཡང་ན་སྟབས་ཐུག་ནི་ཟས་ཐུན་གཅིག་རེད།
ཟླ10པའི་ཚེས31ཉིན། ཟི་ལིང་གྲོང་ཁྱེར་ཞིན་ཧའེ་ལམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒོ་རྒྱག་དོ་དམ་ཉིན་ལྔ་བ་ཡིན་པ་དང་། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། མཚན་མོའི་དུས་ཚོད་དགུ་པའི་སྐབས་སུ་གྲང་རླུང་ཧ་ཅང་ཆེ། མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་དམིགས་བསལ་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱིས་ཕུབ་པའི་རས་གུར་ནང་དུ། སྲུང་སྐྱེལ་གྱི་སྒྲོན་མེས་དམངས་ཡོངས་ཀྱི་རིམས་ནད་འགོག་བཅོས་ཀྱི་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད། དུག་སེལ་བྱས་མ་ཐག་པའི་རས་གུར་ནང་ལས་རེས་མི་སྣ་གཉིས་སྒྲོག་ཙེའི་མདུན་དུ་བསྡད་དེ་སྡོད་ཁུལ་དང་ལམ་མདོར་བལྟ་བཞིན་ཡོད་ལ། མི་དམངས་ཉེན་རྟོག་པ་ཚོས་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྐོར་གཡེང་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ཀྱིན་མེད།
མཚན་མོར་བྱ་བ་སྒྲུབ་རྒྱུ་ཧ་ཅང་དཀའ། སྲིང་བལ་གྱི་སྟོད་གོས་མཐུག་པོ་ཞིག་གྱོན་ནའང་གྲང་ནས་རྐང་འདར་རྒྱག་པ་རེད། ཁྲག་ཤེད་མཐོ་བའི་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་དམིགས་བསལ་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པ་ཆི་ཡུས་ཀྱིས་ཁ་རོག་གེར་སྨན་འཐུང་ནས་ལས་ཡུལ་དང་པོར་བརྟན་སྲུང་བྱས། ཁོས་བཤད་རྒྱུར། “ལས་གནས་ཤིག་བརྟན་སྲུང་བྱས་ནས་གྲོང་ཁྱེར་ཞིག་སྲུང་དགོས། རང་ཉིད་ཀྱི་ལུས་པོར་སེམས་ཁྲལ་མི་བྱེད་པ་དང་ལས་རོགས་ཚོའི་ཁ་ཏ་སློབ་གསོ་དང་ཁྱིམ་མིའི་མངགས་བཅོལ་ལ་བསམ་གཞིག་མ་བྱས་པ་མིན་མོད། འོན་ཀྱང་ངས་ན་གཞོན་བློ་མཐུན་ཚོར་མིག་དཔེ་ཡག་པོ་ཞིག་བསྟན་ནས་རང་ཉིད་ཀྱིས་ཏང་ལ་བཅངས་པའི་དམ་བཅའ་བརྟན་པོ་མངོན་འདོད་པ་ཡིན”ཞེས་བཤད། གྲང་ངར་ཆེ་བའི་ཞོགས་པ་ནས་བཟུང་ཆི་ཡུས་ཉིན་གཅིག་ལ་ཡར་ལངས་ནས་འདུག་དགོས། ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མི་སྣ་འདུ་འཛི་ཆེ་བས་ཁོས་ངང་རྒྱུད་རིང་ཞིང་ཞིབ་ཚགས་པའི་སྒོ་ནས་མང་ཚོགས་གོ་རིམ་ལྡན་པའི་ངང་གྲལ་སྒྲིག་རྒྱུའི་ཁ་ཏ་སློབ་གསོ་བྱས་པ་དང་། ཞིབ་དཔྱད་ཚད་ལེན་ས་ཚིགས་ཀྱི་འགོག་སྲུང་དངོས་རྫས་དཀོན་པས་ཁོ་ཡར་རྒྱུག་མར་རྒྱུག་བྱས་ནས་ལེན་རོགས་བྱེད་དགོས། ཉིན་གཅིག་འགོར་རྗེས་ཁ་ལ་ཆུ་ཐུམ་བརྒྱབ་ཡོད་པ་དང་མིད་ཐག་ཀྱང་འགག་ཡོད་ལ། གོན་པ་ཡང་རྔུལ་ཆུས་བརྫུས་ཡོད།
གཅིག་གྱུར་བཀོད་སྒྲིག་ལྟར། མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཡིས་འདེམས་གཏོང་བྱས་པའི་མི་དམངས་ཉེན་རྟོག་པ་ཉིས་བརྒྱ་ཡིས་ས་ཁོངས་ཅན་གྱི་དོ་དམ་བྱས་ནས་སྡེ་ཁུལ་དང་སྡོད་ཁུལ། དོ་དམ་ཚོད་འཛིན་བྱ་ཡུལ་བཅས་དང་གཞོགས་འདེགས་བྱས་ཏེ་བཀག་རྒྱ་ཚོད་འཛིན་ས་ཚིགས་ཀྱི་ལས་སྒྲུབ་དོ་དམ་དང་། ལས་རེས་ལས་ཚབ། ལུས་པོའི་དྲོད་ཚད་ཞིབ་དཔྱད། སྒྲིག་ལམ་སྲུང་སྐྱོབ། གྲལ་བཤེར་ཐོ་འགོད། འཚོ་བའི་འགན་ལེན། དངོས་ཟོག་སྡེབ་སྐྱེལ། ཁོར་ཡུག་དུག་སེལ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར། རིམས་ནད་སྔོན་འགོག་ཚོད་འཛིན་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་སྒྲུབ་བཞིན་ཡོད།
“ཚང་མས་སྨི་གཅིག་གི་བར་ཐག་རྒྱུན་འཁྱོངས་བྱས་ནས་རང་ཉིད་ཀྱི་འགོག་སྲུང་ཡག་པོ་བྱས་ཏེ་དངོས་ཟོག་བླངས་རྗེས་མྱུར་དུ་ཁ་བྲལ་དགོས་པ་མ་ཟད་ཡར་རྒྱུག་མར་རྒྱུག་མ་བྱེད།”
དགོང་མོའི་དུས་ཚོད་བཅུ་ཡི་སྐབས་སུ། གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་གསར་འགོད་པས་ལྭ་བ་ཇེ་དམ་ལ་གཏོང་དུ་བཅུག ཐག་མི་རིང་བའི་ཞིན་ཧེ་ལམ་གྱི་དངོས་ཟོག་བརྒྱུད་སྐྱེལ་ས་ཚིགས་སུ་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་རུ་ཆེན་གསུམ་པའི་རུ་དཔོན་ཧོ་ཅུན་གྱིས་ཕྱོགས་གཅིག་ནས་སྒྲིག་ལམ་སྲུང་སྐྱོབ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་དངོས་ཟོག་ལེན་དུ་ཡོང་མཁན་གྱི་གྲོང་མིར་དྲན་སྐུལ་བྱེད་བཞིན་ཡོད།
སྡོད་དམངས་ཚོས་གྲལ་འགྲིག་ཅིང་གོ་རིམ་ལྡན་པའི་སྒོ་ནས་དངོས་པོ་ལེན་བཞིན་ཡོད། དེ་སྔོན་གྱི་སྲང་ལམ་དུ་བསྒྲགས་པའི་སྒྲོག་འདོན་འཕྲུལ་ཆས་དང་བསྡུར་ན། སྐབས་འདིར་གྲོང་མི་རྣམས་ཧ་ཅང་ལྷིང་འཇགས་ཡིན་ལ། ཚང་མས་བར་ཐག་སྲུང་འཛིན་བྱེད་ཞོར་གོ་རིམ་ལྡན་པའི་ངང་དམིགས་བསལ་ཉེན་རྟོག་པའི་བྱ་བར་གཞོག་འདེགས་བྱེད་བཞིན་ཡོད། ཡུལ་དངོས་ཀྱི་དམིགས་བསལ་ཉེན་རྟོག་ལ་ལས་ནན་ཏན་སྒོས་ཐོ་འགོད་བྱེད་པ་དང་ལ་ལས་མི་རྩིས་ལེན་བཞིན་ཡོད་ལ། ཡུལ་དངོས་ཀྱི་དང་བླངས་བས་བགོ་བཤའ་རྒྱག་པའི་ཟས་རིགས་དང་སྔོ་ཚལ་སོགས་འཚོ་བའི་དངོས་རྫས་རྩིས་ལེན་བཞིན་ཡོད།
སྐབས་དེར། སྡོད་དམངས་ལ་ལས་བགོ་བཤའ་བརྒྱབ་པའི་ཟས་རིགས་འཁྱེར་ནས་ཁྱིམ་དུ་ཐོན་ཡོད། སྡོད་དམངས་སྐུ་ཞབས་ཀྲིག་གིས་བཤད་རྒྱུར། ཞོག་ཁོག་དང་ཀྲོ་མ་ཀྲུ། སུར་པན་འགའ་འཁྱེར་ཡོང་བ་ཡིན། མང་པོ་འཁྱེར་ཡོང་མེད་ལ་ཟ་རྒྱུར་འདང་ན་ཆོག ཉིན་རེར་སྔོ་ཚོད་གསར་པ་ཡོད་པས་ཆུད་ཟོས་སུ་གཏོང་མི་རུང་སྙམ་ལ། ཚང་མས་ང་ཚོའི་ཆེད་དུ་དཀའ་ལས་མྱངས་པ་དང་། ཉིན་ཁ་ཤས་ཀྱི་སྔོན་དང་བསྡུར་ན་དངོས་པོ་དེ་འདྲའི་དཀོན་པོ་མ་རེད། མི་དམངས་ཉེན་རྟོག་པ་ཡོད་པས་མང་ཚོགས་རྣམས་མི་སྐྲག་པ་དང་བློ་བདེ་ཡོད” ཟེར།
“དུས་འགོའི་བྱ་བ་དང་དེ་བཞིན་སྨན་བཅོས་ལས་དོན་མི་སྣ། སྡེ་ཁུལ་གྱི་དང་བླངས་པ། འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བཅས་དང་གཞོགས་འདེགས་བྱས་པ་བརྒྱུད། མིག་སྔར་ཞིན་ཧེ་ལམ་བཀག་སྡོམ་ནང་གནས་པ་དང་། ས་གནས་སུ་དུས་ཐོག་ཏུ་དུག་སེལ་དང་དངོས་ཟོག་བཀོད་སྒྲིག་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས། མང་ཚོགས་ཀྱིས་ཀྱང་ང་ཚོའི་བྱ་བར་རྒྱུས་ལོན་བྱེད་ཀྱིན་ཡོད” ཅེས་ཧི་ཅོན་གྱིས་དེ་ལྟར་བཤད།
ཧི་ཅོན་དང་འདྲ་བར་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་རུ་ཆེན་གསུམ་པ་དང་རུ་འབྲིང་གསུམ་པའི་རུ་དཔོན་ཧྲན་ཡུས་ལུང་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀའ་འབྱོར་རྗེས། ཐོག་མཐའ་བར་གསུམ་དུ་ཞིབ་དཔྱད་ཚད་ལེན་གྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་བཞིན་ཡོད། ལས་རེས་ཞིབ་བཤེར་བྱ་བ་དེ་ངེས་པར་དུ་ཞིབ་ཅིང་ཕྲ་བ་དང་རེས་སྐོར་བཞིན་ལས་རེས་བྱེད་དགོས་ལ། ཁ་ཐུམ་བླངས་རྗེས་གདོང་ལ་ཁ་ཐུམ་གྱི་ཤུལ་ཆེན་པོ་བབས་ཡོད།
ཟ་མ་ཟ་བའི་དུས་སུ་སླེབས་སྐབས། བསྟུད་མར་ཆུ་ཚོད་ཁ་ཤས་ལ་བྱ་བ་སྒྲུབ་པའི་ཧྲན་ཡུས་ལུང་དང་ལས་རོགས་ཚོས་རེས་མོས་སྒོས་ཟ་མ་ཟ་མགོ་བརྩམས་པ་དང་། ཁོ་ཚོ་ཚང་མས་ཆུ་འཐུང་བ་ཧ་ཅང་ཉུང་། “ང་ཚོས་ཟ་མ་ཉུང་ཙམ་ཟ་བ་དང་། ཆུ་ཉུང་ཙམ་འཐུང་བ། གསང་སྤྱོད་ལ་ཉུང་ཙམ་འགྲོ་བ་བཅས་བྱེད་དགོས། གཅིག་ནས་བྱ་བ་དལ་འགོར་ལ་སེམས་ཁྲལ་བྱེད་པ་དང་གཉིས་ནས་འགོག་སྲུང་གྱོན་ཆས་ལ་གཏོར་སྐྱོན་ཕོག་པར་དོགས་བཞིན་ཡོད”ཅེས་ཧྲན་ཡུས་ལུང་གིས་དེ་ལྟར་བཤད། གྲང་ངར་དང་ཉེན་ཁ། ངལ་དུབ་དང་འགྲན་སློང་གང་ཡིན་རུང་ཧྲན་ཡུས་ལུང་གིས་ཕྱིར་འཐེན་བྱེད་མ་མྱོང་ལ། ཐོག་མའི་དུས་ཚོད་ནང་མདུན་དུ་བསྐྱོད་བཞིན་ཡོད།
ཉིན་གཅིག་གི་བྱ་བ་མཇུག་རྫོགས་རྗེས་སླར་ཡང་ཉིན་གསར་བའི་མགོ་བརྩམས་པ་རེད། ཏང་ཡོན་དང་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ལས་ཡུལ་དང་པོར་གདོང་མཆོང་བྱེད་ཀྱིན་ཡོད་པ་དང་། དཀའ་ངལ་མཉམ་སེལ་དང་དམངས་སེམས་གཅིག་མཐུན་བཅས་བྱས་ནས། “རླངས་འཁོར་དང་འཕྲད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་། མི་དང་འཕྲད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ། གཅིག་ཀྱང་མི་ལུས་པ་བྱེད་པ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཆུ་ཚོད་ཉེར་བཞིའི་རིང་བར་མཚམས་མི་ཆད་པར་ལས་རེས་དང་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་བརྩོན་བཞིན་ཡོད།
སྒོ་གཅིག་སྲུང་ནས་མི་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད།
ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད22དང་སྐར་མ20ཡི་ཐོག མཁར་དཀྱིལ་ཁུལ་ཧོས་ཐུང་གཞིས་ཁྱིམ་སྡོད་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་རེས་ས་ཚིགས་སུ། སྒོ་འགྲམ་གྱི་སྒྲོག་ཙེའི་ཐོག་ཐོ་འགོད་དེབ་དང་དུག་སེལ་དངོས་རྫས། དྲོད་ཚད་འཇལ་ཆས་བཅས་བཞག་ཡོད་པ་དང་། དེའི་འགྲམ་དུ་བཤེར་རིས་ཨང་རྟགས་གཉིས་ཡོད་པའི་སྒོ་བྱང་སྦྱར་ཡོད། མཚན་མོར་སླེབས་ཀྱང་སྡོད་ཁུལ་གྱི་སྒོ་འགྲམ་དུ་སྡོད་དམངས་སྔར་བཞིན་འགྲོ་འོང་བྱེད་ཀྱིན་ཡོད། སྐབས་དེ་དུས་ཅོག་ཙེའི་འགྲམ་དུ་ལངས་པའི་དང་བླངས་པ་ཞིན་ཡན་མིན་གྱིས“ཨང་རིས་བཤེར་དགོས་པ་དང་། ཁྱོད་ཀྱི་ལུས་པོའི་དྲོད་ཚད་འཇལ་རོགས”ཞེས་བཤད་བཞིན་ཡོད།
ཞིན་ཡན་མིན་གྱིས་གྲང་ནས་དམར་པོར་གྱུར་བའི་ལག་པ་གཉིས་ཕུར་ཞོར་བཤད་རྒྱུར། “སྡོད་ཁུལ་དུ་སྡོད་དམངས་འགྲོ་འོང་བྱེད་ས་དང་རླངས་འཁོར་འགྲོ་འོང་བྱེད་ས་གཅིག་ཡོད་ལ། ང་སྡོད་སའི་གནས་འདིའི་སྡོད་དམངས་འགྲོ་འོང་བྱེད་ཚད་ཅུང་མང་བ་དང་ལས་ཀ་བལྟོས་བཅས་ཀྱིས་རྙོག་འཛིང་ཅུང་ཆེ། གཙོ་བོ་འགྲོ་འོང་མི་སྣའི་ཆ་འཕྲིན་ཐོ་འགོད་དང་། ལུས་པོའི་དྲོད་ཚད་འཇལ་བ། བདེ་ཐང་ཨང་རིས་བཤེར་བ། འགྲོ་སྐྱོད་ཨང་རིས་བཤེར་བ། དུག་སེལ་བཅས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། འགྲོ་འོང་བྱེད་སའི་གནས་གཉིས་ཀྱི་ལས་བྱེད་མི་སྣ་དང་དང་བླངས་པའི་མཉམ་དུ་འབད་པ་བྱས་པས། རླངས་འཁོར་དང་མི་གཅིག་ཀྱང་ཐོ་འགོད་ལ་གཞོལ་མི་ཐུབ་པ་དང་། ཚང་མས་མཉམ་དུ་སྡོད་ཁུལ་གྱི་བདེ་འཇགས་སྲུང་བཞིན་ཡོད་ཅེས་ཞིན་ཡན་མིན་གྱིས་ཐོ་འགོད་དེབ་ལ་བལྟ་ཞོར་དེ་ལྟར་བཤད་པ་དང་། དེ་ནས་དཔུང་བའི་སྟེང་བཏག་ཡོད་པའི་ཏང་ཡོན་དཔེ་སྟོན་ལས་གནས་ཞེས་པའི་ཡིག་འབྲུ་འགའ་སྟོན་ཞོར། འདི་ནི “ང་ཚོ་ཏང་ཡོན་གྱི་འགན་འཁྲི་ཡིན”ཞེས་བཤད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།