རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ་ཞོག་ཁོག་གྲོང་ཁྱེར་དུ་བསྐྱལ་བ།
2021.11.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

ཞོགས་པར། ཟི་ལིང་གྲོང་ཁྱེར་ཉེ་འདབས་ཀྱི་མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་སུ་རླངས་འཁོར་སྔ་མོ་ནས་ཡོང་ནས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད། ས་ཆ་གཞན་ནས་བསྐུར་ཡོང་བའི་ཞོག་ཁོག་དང་ཚོད་དཀར་སོགས་སྔོ་ཚལ་གསར་པ་རླངས་འཁོར་རེ་རེ་བཞིན་སྐྱེལ་ཡོང་བ་དང་། རླངས་འཁོར་དུ་འཇོག་པའམ་ཡང་ན་མར་ལེན་པ། ལྗིད་ཚད་འཇལ་བ། ཐུམ་ཆུང་རྒྱག་པ། དབོར་སྐྱེལ་བཅས་བྱས་ནས་རིམས་ནད་ཀྱི་གནོད་འཚེ་ཕོག་པའི་ཟི་ལིང་གྲོང་ཁྱེར་དུ་བསྐྱལ་བཞིན་ཡོད།

ཟླ10ཚེས་28ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམ་ནད་ཕོག་མཁན་གསར་དུ་ཐོན། རིམས་ནད་ཀྱི་ཤུགས་རྐྱེན་འོག ཟི་ལིང་ཚུད་པའི་ས་གནས་སོ་སོའི་སྔོ་ཚལ་སོགས་དངོས་རྫས་མཁོ་སྤྲོད་འདང་ངེས་བྱེད་ཐུབ་མིན་དང་། སྔོ་ཚོད་ཀྱི་གོང་བརྟན་པོ་ཡིན་མིན་དེ་སྤྱི་དམངས་ཀྱིས་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་ཡོད།

པར་འདི་ནི་མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཡིན་པ་དང་ལས་བཟོ་བས་སྔོ་ཚལ་གྱི་སྒམ་དབོར་འདྲེན་བྱེད་བཞིན་པ། 

མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཀྱིས་ཉིན་རེར་ཆ་སྙོམས་ཁྲོམ་རར་ཞུགས་པ་དང་ཕྱིར་འཚོང་བྱས་པའི་སྔོ་ཚལ་ཏུན་སྟོང་གཅིག་དང་བརྒྱད་བརྒྱ་ཙམ་ཟིན་པ་དང་། དེ་ནི་མདོ་དབུས་མཐོ་སྒང་གི་སྔོ་ཚལ་སྡེབ་ཚོང་དང་མཁོ་སྤྲོད་ཁྲོམ་ར་གཙོ་བོ་ཞིག་རེད། ཟླ10ཚེས31ཉིན་གྱི་ཕྱི་དྲོ། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཀའོ་ཅིན་ཁྲོན་གྱིས་བཤེར་རིས་བརྒྱུད་ནས་ཐོ་འགོད་པ་དང་ཉིང་སྐྱུར་ཞིབ་དཔྱད་སྙན་ཞུ་བསྟན་རྗེས། ནང་སོག་ཨེའར་ཏའོ་སི་ནས་དབོར་ཡོང་བའི་ཞོག་ཁོག་ཏུན་སུམ་ཅུ་བསྡུ་འགྲེམས་ལྟེ་གནས་སུ་བསྐྱལ།

“ལམ་ལ་མ་ཆས་སྔོན། ངས་ཟི་ལིང་དུ་རིམས་ནད་ཐོན་པ་གོ་ཐོས་བྱུང་བས། རོགས་པ་དང་མཉམ་དུ་རེས་སྐོར་ནས་རླངས་འཁོར་སྐོར་ཏེ་སྔ་མོ་ནས་ཐོན་ཐུབ་པའི་གྲ་སྒྲིག་བྱས་པ་ཡིན།” ངལ་དུབ་ཀྱིས་མནར་བའི་ཀའོ་ཅིན་ཁྲོན་གྱིས་བཤད་རྒྱུར། སྤྱི་ལེ་སྟོང་གཅིག་ལྷག་ཙམ་ལ་བསྐྱོད་ཡོང་བ་དང་། ཁོ་གཉིས་ཀྱིས་ལམ་བར་དུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་སྣུམ་སྣོན་པ། གསང་སྤྱོད་དུ་འགྲོ་བ་བཅས་མ་གཏོགས་རླངས་འཁོར་ནས་མར་བབས་མྱོང་མེད། “བདེ་འཇགས་ངང་དམིགས་སར་འབྱོར་རྗེས་གཞི་ནས་ངལ་གསོ་ཐུབ་སོང”ཞེས་བཤད།

ཟླ11པའི་ཚེས1ཉིན། ཟི་ལིང་གི་སྡོད་མིས་ཕེང་ཧྥ་རིག་ལྡན་ཞིང་ཞོར་ཉོ་ཚོང་ཁྲོམ་ར་རུ་ཞོག་ཁོག་ཉོ་བཞིན་པ།

ཞོག་ཁོག་དེ་དག་རྩིས་ལེན་བྱེད་མཁན་སྡེབ་ཚོང་པ་ཧུའུ་ཁྲུན་ལི་ཡིས་ལོ་སུམ་ཅུ་ལྷག་གི་རིང་ལ་སྔོ་ཚལ་ཉོ་ཚོང་བྱས་པ་དང་། དེ་ནི་བསྡུ་འགྲེམས་ལྟེ་གནས་སུ་སྐད་གྲགས་ཆོད་པའི“དུད་ཆེན”ཞིག་རེད། ཧུའུ་ཁྲུན་ལི་ཡིས་བཤད་རྒྱུར། ཟླ་བཅུ་བར་སླེབས་རྗེས། མཚོ་སྔོན་ས་གནས་ཀྱི་སྔོ་ཚལ་མཁོ་འདོན་བྱེད་མཁན་ཧ་ཅང་ཉུང་བས་གཙོ་བོ་ཕྱི་ནས་ཉོ་དགོས། ས་གནས་མང་པོ་ཞིག་ཏུ་ཆུ་ལོག་གི་གནོད་འཚེའི་ཤུགས་རྐྱེན་ཕོག་པ་མ་ཟད། རིམས་ནད་ཀྱི་འཇབ་རྒོལ་ཐེབས་པས་ས་གནས་སོ་སོའི་སྔོ་ཚལ་གྱི་རིན་གོང་ཡོངས་ཁྱབ་ངང་འཕར་ཡོད་ཟེར།

ཞོག་ཁོག་གིས་ཚལ་རིགས་སྣ་ཚོགས་ལས་ཐུབ་པ་དང་ཟས་གཙོ་བོ་ཡང་བྱེད་ཐུབ་ལ། དེ་ནི་ནུབ་བྱང་ས་ཁུལ་མང་ཚོགས་ཀྱི་སྒྲོག་ཙེའི་ཐོག་དགའ་བསུ་ཆེས་ཐོབ་པའི་ཟས་རིགས་ཤིག་རེད། ཞོག་ཁོག་གི་རིན་གོང་ཡང་ས་གནས་དེ་གའི་མང་ཚོགས་ཚོས་དངོས་པོའི་རིན་གོང་གི་འགྱུར་ལྡོག་མྱོང་ཚོར་ཐུབ་པའི“ཕྱོགས་སྟོན་ཁབ་སྣེ”ལྟ་བུར་གྱུར་ཡོད།

གཟའ་འཁོར་གཉིས་ཀྱི་སྔོན་ལ། ཧུའུ་ཁྲུན་ལི་ཡིས་ཀན་སུའུ་དང་ཧྲན་ཞི། ནང་སོག་སོགས་ཀྱི་ཚོང་གཉེར་བ་དང་འབྲེལ་བ་བྱས་ཤིང་། ས་གནས་སོ་སོའི་ཚོང་ཟོག་མཁོ་འདོན་མི་འདང་བའི་གནས་ཚུལ་ཐོན་པར་བརྟེན་ནས། ཧུའུ་ཁྲུན་ལི་ཡིས་ངོ་ཤེས་པའི་མི་ཞིག་བརྒྱུད་ནས་ཟོག་འདྲེན་རླངས་འཁོར་གཉིས་ཀྱི་ཞོག་ཁོག་བསླང་ཡོང་བ་རེད། “ཁྲོམ་རའི་ནང་གི་ཁྱིམ་ཚང་ཚང་མས་ཕྱོགས་མང་པོའི་ཐད་ནས་ཚོང་ཟོག་འཚོལ་གྱིན་ཡོད། ཉིན་འདི་འགའི་རིང་། ཟི་ལིང་གི་ཞོག་ཁོག་སྡེབ་ཚོང་རིན་གོང་རྒྱ་མ་རེར་སྒོར་གཅིག་དང་ཟུར་གཉིས་ཡས་མས་སུ་མར་ཆག་ཡོད།”

ཟླ11པའི་ཚེས1ཉིན་གྱི་ཞོགས་པར། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཕུང་ཧྥ་རིག་ནུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྔོ་ཚལ་གྱི་ཚོང་བཤམས་པའི་དབྱིན་ཞིན་ཅན་གྱིས་ཟོག་འདྲེན་རླངས་འཁོར་ཆུང་བ་བསྐོར་ནས་སྤྱི་ལེ་དགུ་ཡན་ཡོད་པའི་མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་སུ་ཚོང་འདྲུད་དུ་ཡོང་། ཉིན་འདི་འགའི་རིང་། ཁོས་ཆེད་དུ་ཞོག་ཁོག་མང་པོ་ཉོས་ཡོད། “ཞོག་ཁོག་གིས་ལྟོ་བ་རྒྱག་པ་མ་ཟད་ད་དུང་དུས་ཡུན་རིང་བོ་འཇོག་ཐུབ་པ་དང་། མཁོ་བསྟུན་བྱེད་ཐུབ་པས་ངས་དེ་རིང་རྒྱ་མ་དྲུག་ཅུ་ལྷག་ཙམ་མང་དུ་ཉོས་ཡོད”ཅེས་བཤད།

ཟླ11པའི་ཚེས1ཉིན། དབྱིན་ཞིན་ཅན་གྱིས་རང་ཁྱིམ་གྱི་ཚོང་བཤམ་གནས་སུ་ཞོག་ཁོག་ལེགས་སྒྲིག་བྱེད་བཞིན་པ། 

“རིམས་ནད་མགོ་བརྩམས་མ་ཐག་ཡིན་པས་ཚང་མ་འཚུབ་ཆ་ཅུང་ལངས་སྲིད། སྔོ་ཚལ་དང་ཤིང་འབྲས་མང་ཙམ་ཉོས་ནས་གསོག་འཇོག་བྱེད་བཞིན་ཡོད་པས་རིན་གོང་ལ་འགྱུར་ལྡོག་མངོན་གསལ་བྱུང་། ཉིན་འདི་དག་གི་རིང་ལ། དངོས་རྫས་འདང་ཚིམ་པ་ཡོད་པས་སྔོ་ཚལ་གྱི་རིན་གོང་མར་ཆག་ཡོད།”དབྱིན་ཞིན་ཅན་གྱིས་བཤད་རྒྱུར། རིམས་ནད་ཀྱི་དམིགས་བསལ་དུས་སྐབས་སུ། སྔོ་ཚལ་གྱི་རིན་གོང་ཚང་མ་ནི་སྐྱེལ་འདྲེན་སྣུམ་རིན་དང་ཚོང་རའི་བོགས་གླ་བསྣན་ནས་མ་རྩའི་རིན་གོང་ལྟར་བཙོང་གིན་ཡོད།“ཚང་མ་མཉམ་དུ་དཀའ་གནད་ལས་སྒྲོལ་ན་དངུལ་རྗེས་ཕྱོགས་སུ་དལ་མོར་བཙལ་ཆོག”ཅེས་བཤད།

དབྱིན་ཞིན་ཅན་གྱི་ཚོང་བཤམ་གནས་སུ། བདམས་ཟིན་པའི་ཞོག་ཁོག་དང་ཚོད་དཀར་ཐུམ་ཆུང་བརྒྱབ་རྗེས། “ཞིན་ཧའེ་ལམ”ཞེས་བྲིས་པའི་དངོས་ཟོག་སྐྱེལ་འདྲེན་སྒམ་ནང་དུ་བཞག སྔོ་ཚལ་དེ་དག་ནི་ས་གནས་སྲིད་གཞུང་གིས་གཅིག་གྱུར་གྱིས་ཉོ་སྒྲུབ་བྱས་པ་ཡིན་ལ། ཟི་ལིང་གྲོང་ཁྱེར་གྱི་ཚོད་འཛིན་བྱས་པའི་ཞིན་ཧའེ་སྲང་ལམ་དུ་བསྐྱལ་དགོས་པ་རེད།

བསྡོམས་རྩིས་བྱས་པ་ལྟར་ན། ཟླ10པའི་ཚེས28ཉིན་ནས་བཟུང་། ཕེང་ཧྥ་རིག་ལྡན་ཞིང་ཞོར་ཉོ་ཚོང་ཁྲོམ་རར་རིམ་རྩིས་བྱས་ན་འཚོ་བའི་དངོས་ཟོག་སྟོང་ལྷག་ཙམ་ལ་ཐུམ་ཆུང་བརྒྱབ་ནས་ཞིན་ཧེ་སྲང་ལམ་དུ་བསྐྱལ་བ་དང་། དེའི་ཁྲོད་ཞོག་ཁོག་མཁོ་སྤྲོད་བྱས་ཚད་ཏུན་གཉིས་ཙམ་ཟིན་ཡོད།

“ང་ཚོའི་སྲང་ལམ་དུ་ཐོག་ཁང་བཅུ་དགུ་བཀག་ཡོད་པ་དང་། སྔོ་ཚལ་ཚང་མ་གཅིག་གྱུར་གྱིས་སྡོད་ཁུལ་གྱི་སྒོ་ཁར་སྐྱེལ་བཞིན་ཡོད། སྡོད་ཁུལ་གྱི་ལས་བྱེད་མི་སྣ་དང་དང་བླངས་པ་ཚོས་ཁྱིམ་ཚང་རེ་རེ་བཞིན་བསྐྱལ་བཞིན་ཡོད།”ཞིན་ཧེ་ལམ་སྲང་ལམ་དོན་གཅོད་ཁྲུའུ་ཡི་ཀྲུའུ་རིན་གཞོན་པ་སུང་ལི་དབྱིན་གྱིས་བཤད་རྒྱུར། ཁྱོན་ཡོངས་ནས་ཚོད་འཛིན་བྱས་ཡོད་པ་དང་ཁྱིམ་ཚང་ནས་སྒོར་འབུད་ཀྱིན་མེད་ལ། འཚོ་བའི་དངོས་ཟོག་ཉིན་གཉིས་རེར་ཐེངས་རེ་བསྐྱལ་བཞིན་ཡོད་ཅེས་བཤད།

ཟླ11པའི་ཚེས1ཉིན། ཟི་ལིང་གྲོང་ཁྱེར་ཞིན་ཧའེ་སྲང་ལམ་གྱི་སྡོད་ཁུལ་བྱ་བའི་མི་སྣ་དང་དང་བླངས་པས་འཚོ་བའི་དངོས་ཟོག་སྡེབ་སྐྱེལ་བྱེད་བཞིན་པ།

སྐད་འཕྲིན་གྱི་བརྡ་ཐོ་འབྱོར་རྗེས། ཞིན་ཧེ་ལམ་ཨང10པའི་ལོ་དོན་གཅིག་ལ་སླེབས་པའི་སྡོད་དམངས་ཏེང་ཕེ་ཞན་གྱིས་སྒོ་ཕྱེ་ནས་སྒོ་འགྲམ་དུ་བཞག་ཡོད་པའི་དངོས་པོ་ནང་དུ་བླངས། “ཞོག་ཁོག་བཞི་དང་ཕག་ཤ་རྡོག་གཅིག ད་དུང་སྒོ་ང་དང་རྡོ་ཀུབ། སྨྱུག་རྩ་སོགས་ཡོད།” ཤ་དང་སྔོ་ཚལ་དེ་དག་མཐོང་སྐབས་ཏེང་ཕེ་ཞན་གྱི་བློ་སེམས་བདེ་ལ་བབས། “ལོགས་སུ་བཀར་ཡོད་མོད། འོན་ཀྱང་ཟ་འཐུང་ཚང་མར་འགན་ལེན་ཡོད་པ་མ་ཟད།  དོ་དགོང་སྐྱེས་པ་ཟ་རྒྱུར་དགའ་བའི་ཞོག་ཁོག་ཤ་བརྔོས་མ་ཟ་ཐུབ”ཅེས་བཤད།

རིམས་ནད་ཀྱི་ཤུགས་རྐྱེན་འོག ཞོག་ཁོག་རྡོག་རེ་རེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཐོན་པ་དང་། དེ་ནི་ཕྱོགས་མང་པོས་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པས། གཅིག་སེམས་གཅིག་མཐུན་དང་དཀའ་གནད་མཉམ་སྒྲོལ་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།