ཡུས་ཧྲུའུ་ས་ཡོམ་གྱི་གནོད་འཚེ་བརྒྱུད་མྱོང་མཁན་ཞིག་ཟི་ལིང་གི་རིམས་འགོག་བྱ་བར་ཞུགས་པའི་གཏམ་རྒྱུད།
2021.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

“ཚང་མས་དཀའ་ལས་མྱངས་སོང་། མྱུར་དུ་ཟ་མ་ཚན་དེ་བཟའ་རུ་ཤོག  བཟའ་རྒྱུ་དང་འཐུང་རྒྱུ་ཚང་མ་ཡོད།  མི་རེ་རེ་ལ་ཞོ་དང་འོ་མ་ཡང་བག་ཆ་གང་རེ་ཡོད།”ཟི་ལིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་སུ་གདོང་མདོག་ཅུང་ནག་པོའི་བོད་རིགས་སྐྱེས་པ་ཞིག་དང་ཁོའི་ལས་རོགས་པ་རྣམས་ཀྱིས་ལག་ཏུ་ཤོག་སྒམ་མང་པོ་བཟུང་སྟེ། ལས་ལ་བྲེལ་བཞིན་པའི་རིམས་འགོག་བྱ་བའི་ལས་བྱེད་པ་དང་དང་བླངས་མཁན་རྣམས་ལ་བཟའ་བཏུང་སྟེར་བཞིན་འདུག་ལ་ཚང་མས་ཟ་མ་ཚན་དེ་ཞིག་ཟ་ཐུབ་ཀྱིན་པའི་རྣམ་པ་དེ་མཐོང་སྐབས་ཁོ་ཚོའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཤིག་རྒྱས་འདུག

ལོ་ན་ལྔ་བཅུ་ལ་སླེབས་པའི་བོད་རིགས་ཕོ་གསར་བློ་བཟང་བརྩོན་འགྲུས་ནི་ཟི་ལིང་གྲོང་ཁྱེར་གྱི་བོད་ཟས་ཟ་ཁང་ཞིག་གི་འགན་འཁུར་བ་རེད།

ཟླ10ཚེས31ཉིན་བློ་བཟང་བརྩོན་འགྲུས་ཀྱིས་ཟི་ལིང་ཧྲིན་ལེ་ལམ་གྱི་སྡོད་ཁུལ་དང་པོའི་ཉིང་སྐྱུར་བཤེར་འཇལ་བྱེད་སར་བཟའ་བཏུང་སྐྱེལ་བཞིན་པ།

ཟླ10བའི་ཚེས28ཉིན་ནས་བཟུང་ཟི་ལིང་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་ཡོད་པའི་ནད་པ་བྱུང་།  རིམས་ནད་ཀྱི་གནས་ཚུལ་ཤེས་རྗེས་བློ་བཟང་བརྩོན་འགྲུས་ཀྱི་སེམས་སུ་འཚུབ་ཆ་ལངས་ནས་དགོང་མོར་གཉིད་ཀྱང་ཁུག་གི་མེད། སྐབས་དེར་ཁོས་མིག་བཙུམ་པ་ཙམ་གྱིས་སེམས་སུ་ཡང་ཡང་འཁོར་བྱུང་བ་ནི་ལོ་ངོ་བཅུ་གཅིག་གི་ཡར་སྔོན་གྱི་རྣམ་པ་དེ་རེད། “ལོ་དེར་ངའི་ཕ་ཡུལ་ཡུས་ཧྲུའུ་ལ་ས་ཡོམ་ཆེན་པོ་བྱུང་། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་འདི་ཡང་སྐབས་དེ་དུས་ཀྱི་ས་ཡོམ་དང་འདྲ་ཞིང་། མི་རྣམས་ཀྱི་ལུས་སེམས་གཉིས་ལ་འགྲན་སློང་ཆེན་པོ་ཐེངས་ཤིག་བྱས་སོང་།” སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་བློ་བཟང་བརྩོན་འགྲུས་ཀྱི་སེམས་སུ་དངངས་སྐྲག་དང་བཅས་བཤད་རྒྱུར།  སྐབས་དེར་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་རྣམས་མགྱོགས་མྱུར་ངང་ཐོན་ཏེ་མྱུར་སྐྱོབ་བྱས་པར་བརྟེན་ནས་ངའི་གྲོགས་པོ་བཀྲ་ཤིས་དང་ནང་མི་རྣམས་སྐྱོབ་ཐུབ་པ་བྱུང་སོང་། སྲིད་གཞུང་གིས་ད་དུང་གནམ་གྲུ་བཏང་ནས་ཡུས་ཧྲུའུ་ཡི་རྨས་མ་མང་པོ་ཞིག་ལམ་ཐག་སྤྱི་ལེ700ལྷག་ཙམ་ཡོད་པའི་ཟི་ལིང་གྲོང་ཁྱེར་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། དེའི་རྗེས་སུ་ད་དུང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་མང་པོ་ཞིག་གིས་ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་བྱ་བར་རོགས་རམ་ཆེན་པོ་བྱས་སོང་ཟེར།

དྲིན་བྱས་དྲིན་དུ་གོ་རྒྱུ་ནི་བློ་བཟང་བརྩོན་འགྲུས་ཀྱིས་ནམ་ཡང་རྒྱུན་འཁྱོངས་བྱེད་བཞིན་པའི་བབ་ཆགས་ཀྱི་བསམ་ཚུལ་ཞིག་རེད། ཁོས་བཤད་རྒྱུར། ད་ལྟ་རང་གིས་བཟའ་བཏུང་ལས་རིགས་སྐོར་གྱི་བྱ་བ་གཉེར་བཞིན་ཡོད་པས་མི་གཞན་ལ་རོགས་སྐྱོར་བྱེད་པའི་ནུས་པ་ལྡན་པས་སྤྱི་ཚོགས་ཡོངས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཟེར། སྐབས་དེར་བློ་བཟང་བརྩོན་འགྲུས་ཀྱིས་གནས་སྐབས་ཀྱི་ཉིང་སྐྱུར་བཤེར་འཇལ་ས་ཚིགས3དང་འབྲེལ་བ་བྱས་ནས། རིམས་འགོག་མི་སྣ200ཙམ་ལ་ཉིན་གཉིས་པའི་ཉིན་གུང་དུ་གཅེས་སེམས་བཟའ་བཏུང་མཁོ་འདོན་བྱེད་པའི་ལས་འགན་བསྒྲུབས།


ཟླ10ཚེས31ཉིན་བློ་བཟང་བརྩོན་འགྲུས་ཀྱིས་ཟི་ལིང་ཧྲིན་ལེ་ལམ་གྱི་སྡོད་ཁུལ་དང་པོའི་ཉིང་སྐྱུར་བཤེར་འཇལ་བྱེད་སར་བཟའ་བཏུང་སྐྱེལ་བཞིན་པ།

མཚོ་འཕང་ལ་རྨིད2200ལྷག་ཙམ་ཡོད་པའི་ཟི་ལིང་གྲོང་ཁྱེད་དུ་ཟླ10པའི་ཟླ་སྨད་དུ་དགུན་གྱི་རང་མདངས་མངོན་འདུག  ཉིང་སྐྱུར་བཤེར་འཇལ་བྱེད་སའི་ས་ཚིགས་སོ་སོའི་བར་ལ་ལམ་ཐག་ངེས་ཅན་རེ་ཡོད་པས་བཟའ་བཏུང་རྣམས་འཁྱག་སོང་ན་ཇི་ལྟར་བྱ། རིམས་འགོག་ལས་བྱེད་པ་རྣམས་ཀྱི་ཟ་མའི་དགའ་ཕྱོགས་མི་གཅིག་པས་ཅི་ཞིག་བྱ། དགོང་མོ་དེར། བློ་བཟང་བརྩོན་འགྲུས་ཀྱིས་བྱ་བ་རེ་རེ་ཞིབ་ཚགས་ཀྱིས་བསྒྲུབས་ནས་དུས་ཚོད་ནམ་གུང་དུ་སླེབས།

ཉིན་གཉིས་པར་བློ་བཟང་བརྩོན་འགྲུས་ཞོགས་པ་སྔ་མོར་ལངས་ནས་ལས་རོགས་ཚོ་དང་མཉམ་དུ་གཅེས་སེམས་བཟའ་བཏུང་གྲ་སྒྲིག་བྱས་པར་མ་ཟད།ད་དུང་ཆེད་དུ་དབྱི་སི་ལན་གྱི་བཟའ་བཏུང་ཁག་ཅིག་ཀྱང་ཉོས་ནས་བཟའ་བཏུང་གི་དགོས་མཁོ་མི་འདྲ་བ་བསྐངས། དེའི་རྗེས་སུ་ཁོས་འགྲུལ་སྐྱེལ་རླངས་འཁོར་ཆུང་ངུ་ཞིག་གི་ནང་དུ་ཞོ་དང་འོ་མ་སོགས་བཟའ་བཏུང་གི་རིགས་བཞག་པ་དང་།  ཟ་མ་རྣམས་འཁྱག་པར་དོགས་ནས་འགྱིག་ཤོག་གི་སྒམ་ནང་བཞག་རྗེས་ད་དུང་སྒམ་དེ་དག་གྱོན་གོས་མཐུག་པོས་བཏུམ་ནས་དྲོད་མི་ཡལ་ཐབས་བྱས།

གནས་སྐབས་ཀྱི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་ཤིག་ཏུ་སླེབས་སྐབས་བློ་བཟང་བརྩོན་འགྲུས་ཀྱིས་ལས་རོགས་མི་སྣ་རྣམས་ཀྱི་སྣེ་ཁྲིད་དེ་གཅེས་སེམས་བཟའ་བཏུང་རེ་རེ་བཞིན་ལས་ཡུལ་གྱི་བྱ་བའི་མི་སྣ་རྣམས་ལ་སྟེར་བཞིན་དུ། ད་དུང་ཞོ་སྒམ་ལྔ་ཁྱེར་ཡོང་དགོས་པར་མངག་བཅོལ་བྱེད་བཞིན་འདུག་ལ།  “འདི་རུ་ལས་བྱེད་མི་སྣ་དྲུག་ཅུ་ཡོད་པ་དང་དེའི་ཁྲོད་དུ་དབྱི་སི་ལན་གྱི་ཟ་མ་དགོས་མཁན་མི10དང་ཞོ་སྒམ12དགོས། གཏན་ནས་ཉུང་དུ་འཇུག་མི་རུང”ཞེས་བློ་བཟང་བརྩོན་འགྲུས་ཀྱིས་ཁོའི་ལས་རོགས་པ་རྣམས་ལ་བྱ་བ་བཀོད་སྒྲིག་བྱེད་བཞིན་འདུག

ཟླ10ཚེས30ཉིན་བློ་བཟང་བརྩོན་འགྲུས་ཀྱིས་ཟ་ཁང་དུ་རིམས་འགོག་མི་སྣར་བཟའ་བཏུང་གྲ་སྒྲིག་བྱེད་བཞིན་པ།

ཡུས་ཧྲུའུ་ལ་ས་ཡོམ་བྱུང་བ་བརྒྱུད་བློ་བཟང་བརྩོན་འགྲུས་ཀྱིས་སྨན་བཅོས་མི་སྣ་དང་དང་བླངས་པ་རྣམས་ཀྱིས་དུས་ཐོག་ཏུ་རོགས་སྐྱོར་བྱེད་པའི་བརྩེ་བ་ཟབ་མོ་ལ་རྒྱུས་ལོན་གསལ་བོར་བྱས་ཡོད།  “ང་ལ་མཚོན་ན་སྨན་བཅོས་མི་སྣ་རྣམས་ནི་རང་གི་ཁྱིམ་མི་དང་ཁྱད་པར་མེད། ཡུས་ཧྲུའུ་ཡི་ས་ཡོམ་གནོད་འཚེའི་སྐབས་སུ་ཁོ་ཚོ་མི་རེ་རེས་དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་སྒྲུབ་སྟངས་དེ་ངས་ད་དུང་ཡིད་ནས་བརྗེད་མེད་ལ། དེ་དག་མཐོང་དུས་ང་ལ་རང་དབང་མེད་པར་སེམས་འགུལ་ཆེན་པོ་ཐེབས་སོང”ཟེར། དེར་མཐུད་ནས་བློ་བཟང་བརྩོན་འགྲུས་ཀྱིས་ད་དུང་འགོག་སྲུང་གྱོན་ཆས་དང་ཁ་ཐུམ།མིག་སྲུང་མིག་ཤེལ་སོགས་ཉོས་ནས་རེ་རེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་དང་སྡོད་ཁུལ་གྱི་བྱ་བའི་མི་སྣའི་ལག་ཏུ་སྤྲོད་བཞིན་འདུག

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་རུ་ད་དུང་བློ་བཟང་བརྩོན་འགྲུས་དང་འདྲ་བའི་ཡུས་ཧྲུའུ་ས་ཡོམ་བརྒྱུད་མྱོང་མཁན་གྱི་མི་སྣ་མི་ཉུང་བ་ཞིག་ཡོད་པ་དང་། ཁོ་ཚོས་ལས་གནས་མི་འདྲ་བར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འགན་འཁྲི་སྒྲུབ་པ་དང་མི་གཞན་ལ་རོགས་རམ་བྱས་ཏེ་དྲོད་སྐྱིད་དང་གཅེས་སེམས་དྲོན་མོ་དེ་བརྒྱུད་སྤྲོད་བྱེད་ཀྱི་འདུག

“རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་ཅི་ཞིག་མཁོ་ན་ང་ཚོས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་རྒྱུ་ཡིན།”   མི་གཞན་ལ་རོགས་རམ་བྱེད་པ་ནི་རང་ཉིད་ལ་རོགས་རམ་བྱས་པ་དང་འདྲ། “གཙོ་བོ་ཚང་མས་མཐུན་སྒྲིལ་གྱི་དཔུང་རྡང་སྦྲེལ་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་ལྷོད་མེད་བྱས་ན་རིམས་ནད་ལ་འཐབ་རྩོད་བྱེད་པའི་དཀའ་སྡུག་གི་གཡུལ་ལས་རྣམ་པར་རྒྱལ་ཐུབ”ཅེས་བློ་བཟང་བརྩོན་འགྲུས་ཀྱིས་གསར་འགོད་པར་བཤད།

                                                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།