རིམས་ནད་འགོག་རྒོལ་གྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་བཞིན་པའི་གོས་དཀར་ཕོ་ཉ།
2021.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

 “སྐུ་ཁམས་བཟང་། ང་ཚོ་ནི་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་སྨན་བཅོས་མི་སྣ་ཡིན། ཁྱེད་ཚོས་ང་ཚོར་ཉིང་སྐྱུར་མ་དཔེ་བསྡུ་ལེན་ལས་དོན་ཡག་པོ་བསྒྲུབ་པར་གཞོགས་འདེགས་བྱ་རྒྱུའི་རེ་བ་ཡོད” ཟླ10ཚེས31ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར་ལིས་ཅིན་ཧུའེ་ཡིས་ཉེ་འགྲམ་གྱི་ལས་གྲོགས་ཚོར་སྐད་ཆ་བཤད་ཞོར་དུ་ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱེད་བཞིན་མཆིས།  ཅང་མ་འགོར་བར་ཁོའི་མིག་སྲུང་མིག་ཤེལ་རླངས་པས་ཁེངས།

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཚུན་ལ།   ཟི་ལིང་གྲོང་ཁྱེར་དུ་རེས་སྐོར་གསར་པའི་རིམས་ནད་གློ་བུར་དུ་ཐོན། བཀའ་རྒྱ་འབྱོར་མ་ཐག་རིམས་ནད་འགོག་སྲུང་མི་སྣ་མང་པོ་ཞིག་གིས་ལས་ཡུལ་དང་པོར་རོགས་སྐྱོར་བྱས་ནས་ཉིང་སྐྱུར་གྱི་མ་དཔེ་ཞིབ་བཤེར་ཚད་ལེན་བྱས་ཏེ།  པྲོག་གསར་རིམས་ནད་ལ་ཁ་གཏད་གཅོག་འགོ་ཚུགས།

ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་སྦྲིད་སྨན་ཚན་ཁག་གི་སྨན་པ་ལིས་ཅིན་ཧུའེ་ནི་རིམས་ནད་འགོག་སྲུང་བྱེད་མཁན་ཞིག་ཡིན་ཞིང་། ཁོས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་མ་དཔེ་བསྡུ་ལེན་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་ཡོད་པས། ཁྱིམ་ཚང་དུ་བསྐྱོད་དེ་མ་དཔེ་བསྡུ་ལེན་བྱེད་དགོས་པ་མ་ཟད། ད་དུང་མཐུན་སྦྱོར་འབྲེལ་གཏུག་དང་དངོས་ཟོག་འགན་ལེན་ཡང་བྱེད་དགོས་བ་རེད།

“རིམས་ནད་ལ་ཁ་གཏད་གཅོག་པའི་ཁྲོད་ང་ཚོ་མི20ལས་གྲུབ་པའི་མ་དཔེ་བསྡུ་ལེན་རུ་ཁག་གིས་དུས་ཡུན་ཐུང་ཐུང་གི་ནང་ཞིན་ཧའེ་ལམ་གྱི་སྒོ་རྟགས་ཨང30པའི་མི་500ཙམ་གྱི་ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱས་པ་དེ་ནི‘ཐུང་རྒྱུག་ལུས་རྩལ་པ’ཞིག་དང་མཚུངས། རིམས་ནད་ལས་དོན་སྤེལ་ཤུགས་ཆེ་བ་དང་མྱུར་ཚད་མགྱོགས་ལ་སེམས་ཁམས་ཀྱི་བྱང་ཚད་དང་གནོན་ཤུགས་འགོག་ནུས་ཀྱང་ཆེན་པོ་ལྡན་དགོས་པ་རེད”ཅེས་ལིས་ཅིན་ཧུའེ་ཡིས་དེ་ལྟར་བཤད།

ལིས་ཅིན་ཧུའེ་ཡིས་བཤད་རྒྱུར། “ཞིན་ཧའེ་ལམ་གྱི་སྒོ་རྟགས་ཨང30པ་ནི་སྡོད་ཁུལ་རྙིང་པ་ཞིག་ཡིན་ལ་གློག་སྐས་མེད་སྟབས་ང་ཚོས་ཐོག་བརྩེགས7བར་རྐང་ཐང་དུ་འགོ་དགོས་བ་རེད།  ཟི་ལིང་གྲོང་ཁྱེར་གྱི་ཆ་སྙོམས་མཚོ་འཕང་སྨི2200ལྷག་ཟིན་པས་འགོག་སྲུང་གྱོན་ཆས་གྱོན་ནས་ཐོག་ཁང་དུ་འགོས་ཚེ་དཀའ་ཁག་ཅུང་ཆེ།  ཁྱིམ་ཚང་དུ་བསྐྱོད་དེ་མ་དཔེ་བསྡུ་ལེན་བྱས་རྗེས་སྨན་བཅོས་མི་སྣའི་འགོག་སྲུང་གྱོན་ཆས་རྔུལ་ཆུས་སྦངས་ཡོད་མོད། འོན་ཀྱང་ང་ཚོས་ལུས་སེམས་གཉིས་ཀའི་ཐད་ཉམས་སད་ཉིས་བརྩེགས་ཐེག་དགོས་པ་རེད་ཟེར།

དུས་ཚོད་དམ་འཛིན་བྱ་ཆེད། ལིས་ཅིན་ཧུའེ་ཡིས་འགོག་སྲུང་གྱོན་ཆས་དུས་ཚོད་བཅུ་ཙམ་ལ་གྱོན་པ་དང་ཉིན་གང་པོར་ཟས་ཐུན་གཉིས་ལས་ཟ་ཐུབ་ཀྱིན་མེད་པ་རེད།  སྨན་བཅོས་མི་སྣས་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་པས་དུས་ཚོད5ཡང་མ་འགོར་བར་ཞིན་ཧའེ་ལམ་གྱི་སྒོ་རྟགས་ཨང30པའི་བཀག་སྡོམ་ཚོད་འཛིན་མི་སྣ་ཡོངས་ཀྱི་ཉིང་སྐྱུར་མ་དཔེ་བསྡུ་ལེན་ལས་དོན་ཡོངས་འགྲུབ་བྱས་པ་རེད།

སྒོ་བསྟེན་སྨན་ཁང་དང་སྡོད་ཁུལ་དུ་ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱེད་མཁན་གྱི་སྨན་བཅོས་མི་སྣ་དག་གིས་དཀའ་བ་ཁྱད་དུ་བསད་དེ་ཉིན་མཚན་མེད་པར་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་གྱི་ལས་ཀར་བྲེལ་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནད་གཡོག་པ་ལིས་ཡུས་ཆིན་དང་གཞན་པའི་ལས་རོགས་གཉིས་ཀྱིས་གནས་སྐབས་སུ་བཙུགས་པའི་ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱེད་ས་ནས་གཞོགས་འདེགས་དམ་པོ་བྱེད་ཀྱིན་ཡོད།

ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་དགོས་མཁོ་ལྟར། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཀྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཁོངས་གཏོགས་ཁུལ་གྱི་ས་ཆ་ཁག་གཅིག་ཏུ་མི་ཚང་མར་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། དུས་ཡུན་ཐུང་ཐུང་གི་ནང་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་གྱི་མ་དཔེ་བསྡུ་ལེན་འཕྲལ་བསྟུན་ས་ཚིགས16བཙུགས་པ་རེད། ཉིན་གུང་གི་མཚམས་སུ་ཉིང་སྐྱུར་མ་དཔེ་བསྡུ་ལེན་གྱི་འཕྲལ་བསྟུན་ས་ཚིགས་ཁག་ཏུ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱ་རྒྱུར་སྒུག་པའི་སྡོད་དམངས་ཀྱིས་ཁེངས་ཡོད།  “བཀའ་འབྱོར་རྗེས་ང་ཚོས་ཁྲོམ་གཞུང་དུ་འཕྲལ་དུ་ལས་དོན་སྤེལ་ནས་ཁོངས་གཏོགས་ཁུལ་གྱིས་འགན་འཁུར་བའི་ཉིང་སྐྱུར་མ་དཔེ་བསྡུ་ལེན་ས་ཚིགས3ནས་སྨན་བཅོས་མི་སྣ50ཙམ་གྱིས་ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱས་ཤིང་།   ཞོགས་པ་ནས་ད་བར་དུ་ཆུ་ཁམ་གང་ཡང་འཐུང་ཁོམ་མ་བྱུང་ཅེས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིས་ཀོན་ཁྲོམ་གཞུང་དོན་གཅོད་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཞུས་ཏུང་གིས་དེ་ལྟར་བཤད།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་ཀྱི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་མནའ་འབྲེལ་ཚོད་ལྟའི་ཁང་གི་ཐོག་ཁང་དུ་བསྐྱོད་སྐབས་ཛ་དྲག་གི་རྣམ་པ་ཞིག་མངོན་འདུག  འགོག་སྲུང་གྱོན་ཆས་གྱོན་པའི་སྨན་བཅོས་མི་སྣའི་ལས་ལ་བྲེལ་བའི་གཟུགས་བརྙན་གང་སར་མཐོང་ཐུབ།

“མི་དམངས་བདེ་ཐང་ཡོང་བར་བྱ་རྒྱུ་ནི་ང་ཚོའི་རེ་བ་ཆེ་ཤོས་དེ་ཡིན། ང་ཚོས་ནུས་ཤུགས་ཡོད་རྒུས་ལས་ཡུལ་དང་པོ་ནས་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། རིམས་ནད་ལས་རྣམ་པར་རྒྱལ་ནས་ཚང་མས་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་ཐུབ་པར་བྱེད་རྒྱུ་ཡིན་ཞེས་ལིས་ཅིན་ཧུའེ་ཡིས་དེ་ལྟར་བཤད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།