མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་ཨང་དང་པོར་འཇོག་དགོས།
2021.11.04 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 22

---བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིམས་ནད་འགོག་སྲུང་བྱེད་པར་མི་དམངས་ཀྱི་དམག་འཐབ་དང་སྤྱི་ཡོངས་ཀྱི་དམག་འཐབ།འགོག་རྒོལ་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས་པའི་སྐོར་གྱི་དཔྱད་གཏམ།

པྲོག་གསར་གློ་ཚད་རིམས་ནད་ནི་རྩྭ་སྐྱར་མེ་ཤོར་བ་ཇི་བཞིན་གོ་ལ་ཧྲིལ་བོར་རིམ་གྱིས་མཆེད་བྱུང་བས། ཀྲུང་ཧྭ་མི་རིགས་ཀྱིས་ཀྱང་ཡང་བསྐྱར་ཛ་དྲག་ཆེ་བའི་ཉམས་སད་ཅིག་ལ་གདོང་གཏོད་དགོས་བྱུང་།

ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་གཉིས་མཉམ་དུ་དུས་གཅིག་ལ་འཁེལ་བྱུང་ལ། བསམ་ཡུལ་ལས་འདས་པའི་རིམས་ནད་དྲག་པོ་དེས་མ་འོངས་པར་རྟོགས་དཀའ་བའི་གནས་སུ་བསྐྱལ། ཚན་རིག་གི་དཔྱོད་ཤེས་རེ་རེས་བརྡར་གཅོད་དང་རྐྱེན་ངན་གྱི་རྦ་རླབས་གཡོལ་བའི་ཇུས་ཆོད་རེ་རེར་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ་ཞིག་དང་ཆབ་སྲིད་ཀྱི་བློ་གྲོས་ཁྱད་འཕགས་ཤིག་ལྡན་དགོས།

གྲུ་གཟིངས་ལྗིད་ཆེ་ཡང་། ཁ་ལོ་བསྒྱུར་མཁན་མི་གཅིག་ཡིན་ཞེས་པའི་དཔེ་ལྟར། ཉེན་ཁ་ཆེན་པོ་དང་གནད་འགག་འུ་ཐུག་གི་སྐབས་སུ། སྟོབས་ལྡན་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་མངོན་ཐུབ་པར་བྱུང་།

གློ་བུར་དུ་བྱུང་བའི་རིམས་ནད་ལ་ཁ་གཏད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་གནངས་ཏེ། ཁྱོན་ཡོངས་གཅིག་འདོམས་དང་ཐབས་མཁས་གཅིག་ཆོད་ཀྱི་སྒོ་ནས་ལོ་རྒྱུས་རང་བཞིན་གྱི་གདམ་གསེས་གནང་ཞིང་། དམིགས་བསལ་གྱི་གནས་ཚུལ་ལ་ཁ་གཏད་དེ་དམིགས་བསལ་གྱི་བྱེད་ཐབས་སྤྱད་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིམས་ནད་ཚབས་ཆེན་ཐག་གཅོད་བྱས་ནས། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་གི་སྣེ་ཁྲིད་དེ་དཀའ་བ་ཁྱད་བསད་དང་སྤོབས་པས་རི་ཀླུང་སྒུལ་ཐུབ་པའི་རིམས་ནད་འགོག་རྒོལ་གྱི་རླབས་ཆེན་འཐབ་རྩོད་ཅིག་སྤེལ།

ལོ་གཅིག་ལྷག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་གཙོ་བོ་འཛིན་པ་དང་། ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་ཆེན་པོ་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་སྟབས། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ཁྲོད་བཟང་ཕྱོགས་སུ་འཕེལ་བ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་སྲུང་འཛིན་བྱས་ཡོད་ལ། དབུལ་ཐར་མཁྲེགས་གཏོར་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་སྟེ། ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་གྲུབ་པར་བྱས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་བ་ཞིག་བཏོད།

མི་དམངས་གཙོ་བོར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་སྟེ། རིམས་ནད་འགོག་སྲུང་གི་མི་དམངས་ཀྱི་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་གཅིག་ཆོད་ཀྱིས་བརྒྱབ་པ་རེད།

གློ་བུར་དུ་ནད་དུག་གིས་འཇབ་རྒོལ་ཐེབས་ཤིང་རླུང་འཚུབ་ལྟ་བུའི་རིམས་ནད་གང་སར་མཆེད་བྱུང་བས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འཇིགས་སྣང་ཆེན་པོ་བཟོས།

འཛམ་གླིང་ཐོག་མཐོང་དཀོན་པའི་རིམས་ནད་ལ་གདོང་གཏོད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོན་པོས་ཐུགས་ཁུར་གནང་སྟེ། དེ་མ་ཐག་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་། 2020ལོའི་ཟླ1ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་གནང་སྐབས་རིམས་ནད་འགོག་སྲུང་གི་བྱ་བ་ཡག་པོར་སྒྲུབ་དགོས་པར་བླང་བྱ་བཏོན། ཟླ1ཚེས20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་སྲུང་གི་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཟླ1ཚེས22ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བབ་དང་བསྟུན་ནས་གང་མགྱོགས་ཀྱིས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་མི་སྣའི་འགྲོ་འོང་དང་ཕྱིར་བསྐྱོད་བགྲོད་ལམ་བཀག་སྡོམ་ནན་མོ་དང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

དེ་ནི་གནད་འགག་གི་སྐབས་ཀྱི་ཇུས་ཆོད་གལ་ཆེན་ཞིག་ཡིན་པས་། མི་གྲངས་ཁྲི་སྟོང་ལྷག་ཡོད་པའི་གྲོང་ཁྱེར་ཆེན་མོ་དེའི་འབྲེལ་འདྲིས“གནས་སྐབས་སུ་མཚམས་འཇོག”དུ་བཅུག་ལ། དེ་ནི་དམག་འཐབ་ཡོངས་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་ཀྱི་ཐབས་བཀོད་ཅིག་ཡིན་པས། ནད་དུག་རྒྱ་ཁྱབ་ངང་གང་སར་མཆེད་པར་དུས་ལྟར་ཕན་འབྲས་ལྡན་པའི་སྒོ་ནས་མཚམས་བཅད་པ་རེད། ཐག་གཅོད་བྱེད་པར་དཀའ་ཁག་ཆེ་ལ་མདུན་ཏུ་ལྷག་པའི་འགྲན་སློང་དེ་བས་ཆེ། གདོང་གཏད་པའི་གནད་དོན་མང་ཞིང་ཀྲུང་ཕྱི་ཀུན་ཏུ་མཐོང་དཀོན་ལ་ལོ་རྒྱུས་སྟེང་བྱུང་ག་ལ་མྱོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས“ང་ཚོས་གཅིག་ཆོད་ཀྱི་སྒོ་ནས་ཝུའུ་ཧན་དང་ཧུའུ་པེ་ཡི་བགྲོད་ལམ་བཀག་སྡོམ་བྱས་པ་དེ་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་པའི་དོ་དམ་ཚོད་འཛིན་ནན་མོ་ཞིག་ལག་བསྟར་བྱས་པ་ཡིན་ལ། ཇུས་ཆོད་དེ་དག་གཏན་འབེབས་བྱེད་པར་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ་ཞིག་དང་ལོ་རྒྱུས་ཀྱི་འགན་འཁྲི་ཐེག་ཐུབ་པ་ཞིག་དགོས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། ང་ཚོས་གང་ནུས་ཅི་ལྕོག་བྱེད་དགོས”ཞེས་བརྗིད་ཉམས་ཆེ་བའི་ཞལ་གསུང་གནང་།

གྲོང་ཁྱེར་གཅིག་ལོགས་སུ་བཀར་ནས་རྒྱལ་ཁབ་གཅིག་སྲུང་སྐྱོབ་བྱས། ཟླ1ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་། ཝུའུ་ཧན་གྲོང་ཁྱེར་བཀག་སྡོམ་བྱས་བྱུང་། ཟླ4ཚེས8ཉིན་གྱི་ནམ་གུང་གི་ཆུ་ཚོད་གཅིག་སྟེ་ཉིན76འགོར་རྗེས། ཝུའུ་ཧན་གྱིས་ཝུའུ་ཧན་དང་སྦྲེལ་བའི་བགྲོད་ལམ་གྱི་དོ་དམ་ཚོད་འཛིན་བཀག་སྡོམ་དངོས་སུ་མེད་པ་བཟོས་སོང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཀྲུང་གོར་རྟོག་ཞིབ་གནང་བར་ཕེབས་པའི་ཆེད་མཁས་འཐུས་མི་ཚོགས་པས་གཅིག་གྱུར་གྱིས་བལྟས་ན། ཀྲུང་གོས་སྤྱད་པའི་བྱེད་ཐབས་དེ་དུས་ཐོག་ཏུ་འཁེལ་ཡོད་ལ་ཕན་འབྲས་ཀྱང་ཧ་ཅང་ཆེན་པོ་ཐོན་ཡོད་པས།རིམས་ནད་ཀྲུང་གོ་རུ་མཆེད་པར་བཀག་འགོག་བྱས་པ་མ་ཟད། འཛམ་གླིང་ཡོངས་ལའང་དུས་ཚོད་བརྩོན་ལེན་བྱས་ཡོད་པར་འདོད་ཡོད།

2020ལོའི་ཟླ1ཚེས25ཉིན་སྟེ། ལུགས་རྙིང་ལོ་སར་གྱི་ཚེས་གཅིག་ཉིན། ཀྲུང་ནན་ཧའེ་ཧོས་རིན་ཐང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་གཞན་དྲུག་པོ་ལྷན་གཅིག་ཏུ་འཛོམས། “ད་ལྟ་རིམས་ནད་ཀྱི་གནས་བབ་བྲེལ་མྱུར་ཆེ་བས། ཚང་མ་མཉམ་གཅིག་ཏུ་བསྡུས་ཏེ། གནད་དོན་དེར་ཚང་མས་མཉམ་དུ་ཞིབ་འཇུག་དང་བཀོད་སྒྲིག་མི་བྱེད་ཐབས་མེད་བྱུང་།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་གཟབ་ནན་གྱིས་སྒོ་ནས“ལོ་གསར་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ང་རང་གཏན་ནས་གཉིད་མ་ཁུགས”ཞེས་གསུངས།

ཐེངས་འདིའི་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་སྲུང་གི་བྱ་བར་ཡང་བསྐྱར་ཞིབ་འཇུག་དང་། ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་སྐུལ་སློང་བཅས་བྱསཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་རབ་དང་རིམ་པ་དེ་ཀྲུང་ནན་ཧའེ་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་བརྒྱུད་སྒྲོག་བྱས་པ་དང་། ཏང་སྲིད་དམག་མང་ཚོགས་སློབ་མ་བཅས་ལ་སྐུལ་སློང་བྱས་ཏེ། ཤར་ལྷོ་ནུབ་བྱང་དབུས་ཚང་མས་མཉམ་དུ་སྟོབས་ཤུགས་བཏོན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ནམ་ཡང་མི་དམངས་ལ་སེམས་ཁུར་དང་ནད་པར་སེམས་ཁུར་བྱེད་ཅིང་། དུས་ནམ་ཡང་རིམས་ནད་ཀྱི་ཁྱབ་སྟངས་ལ་དོ་ཁུར་གནང་སྟེ། རིམས་ནད་དམག་འཐབ་ཀྱི་འཕེལ་རིམ་ལ་བཀོད་འདོམས་གནང་ཞིང་། དམངས་དོན་ལྷག་བསམ་དཀར་ཞིང་ངེས་རྒྱལ་གྱི་དད་སེམས་བརྟན་པ། འདོད་བློའི་ཐུགས་རྒྱུད་ཕྱུག་པ། ཚན་རིག་ལྟར་ཇུས་ཆོད་འགོད་པ། འཛམ་གླིང་ལ་བློ་ཁོག་ཡངས་པ་བཅས་ཀྱིས་ཀྲུང་གོའི་མི་གྲངས་དུང་ཕྱུར་མང་པོར་སྔར་ལས་ངར་ཤུགས་དང་དཔའ་ངར་བསྩལ་ཏེ། རིམས་ནད་འགོག་སྲུང་གི་མི་དམངས་ཀྱི་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་རྒྱག་འགོ་ཚུགས།

འབྲི་ཆུ་རིང་མོས་རླབས་ཕྲེང་མཁའ་རུ་རྩེན། བརྗིད་ཆགས་ཧོང་ཧི་ཐོག་ཁང་ཀྲོང་ངེར་འགྱིང་། རིམས་ནད་སྔོན་འགོག་གི་གནད་འགག་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་དངོས་སུ་འཐབ་ཕྱོགས་དང་པོར་ཕེབས་ནས་དམག་འཐབ་ལ་བཀོད་འདོམས་གནང་།

2020ལོའི་ཟླ3ཚཆེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་དངོས་སུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་འགོག་སྲུང་གི་བྱ་བར་རྟོག་ཞིབ་གནང་ཞིང་། ཝུའུ་ཧན་ཏུང་ཧུའུ་གྲོང་གསར་སྡོད་ཁུལ་དུ་ཉིན48རིང་ལ་རང་ཁྱིམ་དུ་ལོགས་བཀར་བྱས་པའི་སྡོད་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པར་མཐོང་སྐབས། ཚང་མས་ཉི་ཁྱིམ་དང་སྒེའུ་ཁུང་ལས་མགོ་བོ་ཕྱིར་བུད་དེ་གུས་འདུད་ཞུས་པ་དང་། ལ་ལས་རྒྱལ་དར་གཡུགས་བཞིན“ཀྲུང་གོས་ཤུགས་རྒྱོབ། ཝུའུ་ཧན་ཤུགས་རྒྱོབ” ཅེས་སྐད་ཅོར་བརྒྱབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བཞིན་ལ་འཛུམ་མདངས་རྒྱས་བཞིན་ཕྱག་གཡུག་ཡང་ཡང་བྱེད་ཞོར་དུ། “ཚང་མས་མཉམ་དུ་ཤུགས་རྒྱག ད་རུང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་ཞལ་གསུང་དང་མི་དམངས་ཀྱི་སྐད་སྒྲ་གཉིས་གཞི་གཅིག་ཏུ་འདྲེས་ཏེ་བར་སྣང་ཡངས་པོར་ཁྱབ་སོང་།

“ཝུའུ་ཧན་གྱི་མི་ཉ་ཤ་གསར་བ་བཟའ་བར་སྤྲོ་བ་ཡོད་པས། ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་ཏུ་མཁོ་སྤྲོད་བྱེད་ཐུབ་པར་རྩ་འཛུགས་དགོས།” སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་ཞིབ་ཕྲ་དོན་འཁྱོལ་བྱེད་དགོས་པའི་སྐོར་ནས་ཆེད་དུ་མངགས་བཅོལ་གནང་།

ཅང་མ་འགོར་བར།ཝུའུ་ཧན་ཉེ་འཁོར་གྱི་ཆུ་ཐོན་གསོ་སྤེལ་རྟེན་གཞི་ནས་འཛིན་བཟུང་བྱས་པའི་ཉ་གསོན་པོ་རླངས་འཁོར་རེ་རེ་མྱུར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱི་ཁ་ཟས་སུ་བསྐྱལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་ཐུགས་ཁུར་འོག་ཧྲན་ཏུང་གི་སྔོ་ཚལ་དང་ཏུང་པེ་ཡི་འབྲས།ཧེ་ནན་གྱི་ཤིང་འབྲས་བཅས་ཝུའུ་ཧན་དུ་རྒྱུན་ཆད་མེད་པར་སྐྱེལ་འདྲེན་བྱས།

“མི་དམངས”ཞེས་པའི་ཡིག་འབྲུ་གཉིས་པོའི་ལྗིད་ཚད་ཤིན་ཏུ་ཆེ་བ་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་མཚོ་ལྟར་ཟབ། “མི་དམངས་ཀྱི་ཚེ་སྲོག་ཐའེ་ཧྲན་རི་བོ་ལས་ཀྱང་ལྗིད། མི་དམངས་ཀྱི་ཚེ་སྲོག་ཆེད་དུ་འགན་འཁྲི་འཁུར་དགོས་ཚེ་རིན་དོད་གང་ཞིག་དང་མཇུག་འབྲས་ཅི་འདྲ་ཞིག་ཡིན་རུང་འགན་འཁུར་དགོས”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་གསུང་ཚིག་རྣོ་ཞིང་གསུང་སྟངས་ཤིན་ཏུ་བརྟན།

2020ལོའི་ཟླ5ཚེས22ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས“རིམས་ནད་ཚབས་ཆེན་གྱི་མདུན་དུ་ང་ཚོས་ཐོག་མར་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་དགོས། རྒྱལ་ཡོངས་མངའ་ཁོངས་ཀྱི་ཆེས་ཕུལ་དུ་བྱུང་བའི་སྨན་པ་དང་ཆེས་སྔོན་ཐོན་གྱི་སྒྲིག་ཆས།ཆེས་དགོས་གལ་ཆེ་བའི་ཐོན་ཁུངས་བཅས་བསྡུ་རུབ་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་སྨན་བཅོས་ཁྲོད་ཞུགས་དགོས་ཤིང་། སྨན་བཅོས་ཀྱི་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱིས་གཏོང་དགོས། མི་དམངས་ནི་བླ་ན་མེད་པ་དང་ཚེ་སྲོག་གོང་དུ་བཀུར་བ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱེད་པར་ཡོད་ཚད་བློས་གཏོང་དགོས”ཞེས་གསུངས།

བཙས་ནས་དུས་ཚོད30ལྷག་ཙམ་ལས་འགོར་མེད་པའི་ཕྲུ་གུ་ནས་ལོ100ལྷག་ལ་སོན་པའི་རྒན་རྒོན་དང་། ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་བའི་ཕྱི་རྒྱལ་གྱི་སློབ་མ་ནས་ཀྲུང་གོར་ཡོང་བའི་ཕྱི་རྒྱལ་གྱི་མི་སྣ་བཅས་ཀྱི་ཚེ་སྲོག་རེ་རེ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས་ཤིང་། མིའི་ཚེ་སྲོག་དང་མིའི་རིན་ཐང་། མིའི་ལ་རྒྱ་བཅས་ལ་བློ་རྩེ་གཅིག་སྒྲིམ་གྱིས་གཅེས་སྐྱོང་བྱེད་དགོས།

ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་དགོས། མིག་རྒྱང་རིང་བའི་བརྡར་གཅོད་རེ་རེ་དང་ཚན་རིག་གིས་གཅིག་ཆོད་བྱས་པའི་ཇུས་ཆོད་སོ་སོས་རིམས་ནད་སྔོན་འགོག་སྲུང་གི་མི་དམངས་དམག་འཐབ་དང་ཁྱོན་ཡོངས་དམག་འཐབ།འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར་ཁ་ཕྱོགས་གསལ་བོར་བསྟན་ཡོད་ལ།ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་མངོན་ཡོད།

དཀའ་སྤྱད་ཚད་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་ནས། ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་བླངས་ཏེ། མིའི་རིགས་ཀྱིས་ནད་རིགས་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་སྟེང་ཡང་བསྐྱར་དཔའ་མཛངས་རྟུལ་ཕོད་ཀྱི་དཔའ་ཉམས་ཤིག་ངོམ་པ་རེད།

2020ལོའི་ཟླ9ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་བསྟན་དོན། “རིམས་ནད་ཚབས་ཆེན་དང་སྲོག་བསྡོས་ཀྱིས་འཐབ་རྩོད་བྱེད་པའི་ཁྲོད་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས། ཚེ་སྲོག་གོང་དུ་བཀུར་བ་དང་རྒྱལ་ཡོངས་གཅིག་སེམས་གཅིག་མཐུན་ཡིན་པ། རང་སྲོག་བློས་གཏོང་བར་མི་འཛེམ་པ། ཚན་རིག་ལ་བརྩི་འཇོག་བྱེད་པ། ལས་དབང་གཅིག་མཐུན་བཅས་ཀྱི་རིམས་ནད་འགོག་རྒོལ་གྱི་རླབས་ཆེན་སྙིང་སྟོབས་རླབས་ཆེན་བཏོད་ཡོད”ཅེས་གསུངས།

ནད་ཡམས་འགོག་རྒོལ་འཐབ་རྩོད་ནི་དམག་འཐབ་ཆེན་པོ་ཞིག་ཡིན་ལ“དྲིས་ལན་གབ་པའི་རྒྱུགས་གཞི”ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འགྱུར་བ་བྱུང་ཡང་སྐྲག་སྣང་མི་སྐྱེ་བ་དང་ཐབས་ཇུས་གནད་འཁེལ་གཏན་ཕབ་བྱས་ཏེ། བཀོད་སྒྲིག་རེ་རེ་གོ་རིམ་ཡོད་པ་དང་ཇུས་ཆོད་སོ་སོ་ཚན་རིག་དང་མཐུན་པ། བྱེད་ཐབས་ཁག་གོམས་སྟབས་བརྟན་པོའི་མདུན་དུ་སྤེལ་བ་བཅས་བྱས་ནས་ལོ་བརྒྱ་འགོར་བའི་ཏང་ཆེན་མོའི་ཡིད་ཆེས་དང་བརྟན་བརླིང་གང་ལེགས་སྒོས་མངོན་པར་བྱས་ཏེ་མི་རྣམས་ཧང་སངས་དགོས་པའི“ཀྲུང་གོའི་རྒྱུགས་ལན”ཞིག་སྤྲད་པ་རེད།

ཁྱོན་ཡོངས་ལ་རྐང་འཛུགས་པ་དང་ཆེ་ཕྱོགས་ལ་དམིགས་ཏེ་དུས་ཐོག་ཏུ་རིམས་ནད་འགོག་སྲུང་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་ཇུས་ཆོད་གལ་ཆེན་གཏན་འབེབས་བྱས།

མཐོང་དཀོན་པའི་རིམས་ནད་ཅིག་གིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་འཛམ་གླིང་འཁྲུག་ཆེན་ཨང་གཉིས་པ་མཇུག་རྫོགས་པའི་ཚུན་གྱི་ཉམས་རྒུད་ཚབས་ཆེ་ཤོས་ཀྱི་གནས་སུ་བསྐྱལ་ཡོད་པ་དང་ཀྲུང་གོའི་དཔལ་འབྱོར་ལའང་ལྡོག་ཐབས་བྲལ་བའི་ཤུགས་རྐྱེན་ཆེན་པོ་ཐེབས། ཀྲུང་གོའི་འཁོར་སྐྱོད་དེ“གནས་སྐབས་སུ་མཚམས་ཆད་པའི”དངོས་ཡོད་ཀྱི་གནད་དོན་དང་མི་མངོན་པའི་ཤུགས་རྐྱེན་རབ་དང་རིམ་པ་ཐེབས། རིམས་ནད་བཀག་འགོག་བྱེད་པའི་དུས་ཡུན་ཇི་ཙམ་རིང་ན་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་བྱེད་པའི་དཀའ་གནད་དེ་ཙམ་གྱིས་ཆེ། དཔལ་འབྱོར་དང་སྤྱི་ཚོགས་ནི་འགུལ་སྐྱོད་རང་བཞིན་གྱི་འཁོར་སྐྱོད་མ་ལག་ཅིག་ཡིན་པསདུས་ཡུན་རིང་པོར་འཁོར་མཚམས་འཇོག་ཏུ་འཇུག་མི་རུང་།དཀའ་གནད་མཁྲེགས་གཏོར་བྱེད་པའི་གནད་འགག་ནི་དུས་བབ་དང་བསྟུན་པ་དང་གནད་འཁེལ་ཇུས་འདོན་བྱེད་རྒྱུར་ཐུག་ཡོད།

2020ལོའི་ཟླ2ཚེས3ཉིན། རིམས་ནད་འགོག་སྲུང་བྱེད་པར་ཆེས་ཤུགས་རྒྱག་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་ནན་གྱིས་གསུང་དོན། “རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་འགོག་སྲུང་གི་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ས་ཁུལ་གཞན་དག་གིས་འགོག་སྲུང་གི་བྱ་བ་ཡག་པོར་བསྒྲུབ་པ་དང་ཆབས་ཅིག་བཅོས་སྒྱུར་དང་འཕེལ་རྒྱས་བརྟན་འཇགས་གསུམ་གྱི་བྱ་བ་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་པའི་གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱེད་དགོས་པ་ལས་ཕྱིར་འགྱངས་དང་སྒུག་ནས་འདུག་པའི་བསམ་བློ་ཡོད་མི་རུང”ཞེས་གསུངས།

ཟླ2ཚེས23ཉིན། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མ་རུ་དམིགས་བསལ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་ཀྱི་རྫོང་དང་ཐོན་རིམ་པ་ཡན་གྱི་ལས་བྱེད་པ་འབུམ་གཅིག་དང་ཁྲི་བདུན་གྱི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས“པྲོག་གསར་གློ་ཚད་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་ཙམ་བཟོ་སྲིད། དེ་བས་དུས་སྐབས་འདིའི་ནང་དུ་ཁྱོན་ཡོངས་དང་རྩོད་སྒྲུབ། རྒྱང་རིང་བཅས་ཀྱི་མིག་རྒྱང་ལ་བརྟེན་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་བལྟ་བ་དང་ཡིད་ཆེས་ཆེ་རུ་བསྐྱེད་དགོས།སྤྱིའི་ཕྱོགས་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད། རིམས་ནད་ཀྱི་རྡབ་རྡེག་ནི་དུས་ཐུང་ཞིག་དང་སྤྱི་ཡོངས་ནས་ཚོད་འཛིན་བྱེད་ཐུབ་པ་ཞིག་ཡིན་པས། ང་ཚོས་གནོན་ཤུགས་དེ་སྒུལ་ཤུགས་སུ་བསྒྱུར་བ་དང་ཉེན་ཁ་གོ་སྐབས་སུ་སྒྱུར་མཁས་པོ་བྱེད་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ། ‘བརྟན་པོ་དྲུག’གི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རང་རྒྱལ་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་དང་སྒུལ་ནུས་སྟོབས་ཆེན་གང་ལེགས་ཀྱིས་མངོན་པ་བྱས་ཚེ།ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཐུབ”ཅེས་གསུངས།

ཟླ4ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས“རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་ཁྲོད་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བསྐྱར་དུ་ལས་མགོ་འཛུགས་རྒྱུའི་ཐད་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རྒྱུ་དམ་འཛིན་བྱས་ནས། རིམས་ནད་ཀྱིས་བཟོས་པའི་གྱོང་གུན་དེ་ཚད་གཞི་དམའ་ཤོས་སུ་གཅོག་རྒྱུ་བརྩོན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཀྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱེད་དགོས”ཞེས་གསུངས།

རིམས་ནད་འགོག་སྲུང་བྱ་རྒྱུ་ནི་ཚེ་སྲོག་ལ་འབྲེལ་བ་ཡོད་པ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་ནི་ཁ་རྒྱབ་ཀྱི་གནད་དོན་དང་འབྲེལ་བ་དམ་པོ་ཡོད།  ཁུལ་དབྱེ་ཁག་བགོས་དང་གནད་འཁེལ་ཐོན་ལས་སླར་གསོ་བྱེད་པ་ནས་དུས་རིམ་རང་བཞིན་དང་དམིགས་སའི་རང་བཞིན་ཡོད་པའི་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་དངོས་འབེབས་བྱེད་པ་དང་། “ལས་བཟོ་བ་ཕྱིར་ལོག་ཐུབ་པ་དང་། རྒྱུ་ཆ་མཁོ་འདོན་ཐུབ་པ། ཐོན་རྫས་ཕྱིར་གཏོང་ཐུབ་པ”བཅས་འགན་ལེན་བྱེད་པ་ནས་ཞིང་ལས་ཐོན་སྐྱེད་ལ་འཐུས་ཤོར་མི་ཡོང་བའི་འགན་ལེན་བྱེད་པ་དང་།  བཟའ་འབྲུ་བརྟན་སྲུང་དང་ཚོད་སླེ་སྲུང་སྐྱོབ་ཡག་པོ་བྱེད་པ་ནས་ཕྱི་ཕྱོགས་ཉོ་ཚོང་གི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་འབྲེལ་མཐུད་ལེགས་པོ་བྱེད་པ་སོགས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་ཐུགས་ལ་བཅངས་ནས་མཛུབ་སྟོན་གལ་ཆེན་གནང་ཡོད།

2020ལོའི་ཟླ2པའི་ཟླ་འགོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ས་གནས་ཁག་ཏུ་གཟིགས་ཞིབ་གནང་བར་ཕེབས་པ་རེད། ཀྲེ་ཅང་དང་ཧྲའན་ཞིས། ཧྲན་ཞི། ཉིན་ཞ། ཅི་ལིན། ཨན་ཧུའེ་སོགས་ས་ཆ་མང་པོར་སྤྱི་ཁྱབ་ཧྲུའུ་ཅིས་སྙིང་རུས་ཆེན་པོས་གཟིགས་ཞིབ་གནང་བའི་ཞབས་རྗེས་བཞག་ཡོད། གྲུ་ཁ་དང་། ཐོན་སྐྱེད་འཁོར་ཁང་། ཞིང་བ་ཁྱིམ་ཚང་། ཞིང་ཁ་བཅས་ནས་སྤྱི་ཁྱབ་ཧྲུའུ་ཅིས་མི་སེམས་ལ་སྐུལ་ལྕག་ཐེབས་པའི་ཞལ་གསུང་གནང་ཡོད།

ཟླ3པའི་ཚེས29ཉིན་གྱི་ཕྱི་དྲོར། དཔྱིད་ཆར་ཟམ་ཟིམ་གྱི་ཁྲོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ཉིན་པོ་ཀྲིག་ཧྲན་གྲུ་ཁ་དང་ཁྲོན་ཧྲན་གྲུ་ཁར་ཕེབས་ཏེ། ཐོན་ལས་སླར་གསོའི་ལས་ཡུལ་དང་པོའི་ལས་བཟོ་པའི་ཁྲོད་དུ་ཕེབས་ནས་ཚང་མར་ཐོན་སྐྱེད་ལས་འགན་ཁག་ཐེག་བྱེད་དགོས་ལ་ལུས་པོ་བདེ་ཐང་ལའང་ཁག་ཐེག་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།

གྲུ་ཁའི་དངོས་ཟོག་ནང་འདྲེན་ཕྱིར་གཏོང་གི་ཚད་རྒྱུན་ལྡན་གྱི་ཆུ་ཚད་དུ་སླེབས་ཡོད་པ་ཤེས་རྗེས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་ཁྱེད་ཚོས་རིམས་ནད་འགོག་སྲུང་དམ་འཛིན་བྱས་པ་དང་ཆབས་ཅིག ཐོན་སྐྱེད་སླར་གསོ་བྱ་རྒྱུར་ཡང་དམ་འཛིན་བྱས་པས། གྲུ་ཁའི་རྒྱུན་ལྡན་གྱི་ལས་ཀ་སླར་གསོ་བྱས་པ་ཧ་ཅང་བཟང་།  མིག་སྔར་མཚོན་ན་ཕྱོགས་སོ་སོའི་གཞི་གྲངས་དེ་དུས་ཚིགས་གཉིས་པར་ཆེས་ཆེར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ལ་ཆ་རྐྱེན་ཡང་འཛོམས་ཡོད་པས། ངས་ཁྱེད་ཚོར་ཡིད་ཆེས་ཡོད་ཅེས་སྐུལ་ལྕག་གནང་བ་རེད།

རིམས་ནད་འགོག་སྲུང་བྱེད་པའི་སྐབས་སུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས“ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་པ་ལས་གནད་དོན་དང་དཀའ་ངལ་གྱི་མདུན་དུ་དཔའ་མི་ཞུམ་པ་དང་། ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས།  སེམས་ཤུགས་བརྟན་ཞིང་སྦས་ཤུགས་ཆེ་བ། བསམ་བློ་གཏོང་ས་ཡོད་པ། ཉམས་ཉེན་ཁྲོད་རྣམ་པ་གསར་པ་བསྐྲུན་མཁས་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་མཁས་པོ་བཅས་ཡིན་པ་ནན་བཤད་ཐེངས་མང་གནང་མྱོང་།

ཟླ4ཚེས20ཉིན་གྱི་དགུང་མོར།  ཆིན་ལིན་རི་འདབས་ཀྱི་ཧྲའན་ཞིས་ཞིང་ཆེན་ཀྲ་ཧྲོས་རྫོང་ཞའོ་ལིན་གྲོང་རྡལ་ཅིན་མིས་སྡེ་བའི་མོག་རོ་འགྲེམས་ཚོང་ལྟེ་གནས་ཀྱི་ཐད་གཏོང་སྟེགས་བུའི་མདུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་ལག་འཁྱེར་ཁ་པར་གྱི་ཤེལ་རིས་ལ་གཟིགས་ཞོར་དུ་མོག་རོ་ཆུང་ཆུང་། ཐོན་ལས་ཆེན་པོ་ཞེས་བསྔགས་བརྗོད་གནང་བ་རེད།

ཉིན་དེའི་དགོང་མོར།  ཀྲ་ཧྲོས་རྫོང་གི་མོག་རོ་སྐད་གྲགས་ཆེ་བར་གྱུར།  དྲ་གྲོགས་བྱེ་བ་གཉིས་ཐད་གཏོང་ཁང་དུ་ཞུགས་ནས་སྐད་ཅིག་ཉིད་དུ་མོག་རོ་ཏུན་ཉི་ཤུ་ལྷག་བཙོང་ཟིན་པས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དྲ་གྲོགས་དུང་ཕྱུར་མང་པོས་བྱམས་བརྩེའི་ངང་ཚོང་ཟོག་འོས་སྦྱོར་འཇོན་མི་ཞེས་བརྗོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས“གློག་རྡུལ་ཚོང་དོན་གྱིས་མང་ཚོགས་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱེད་ཐུབ་པ་མ་ཟད། ད་དུང་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་ཀྱང་གཏོང་ཐུབ་པས་མདུན་ལམ་ཆེན་པོ་ལྡན་ཡོད”ཅེས་ནན་བཤད་གནང་བ་རེད།  རིམས་ནད་རྒྱུན་གཏན་ཅན་གྱི་སྔོན་འགོག་ཚོད་འཛིན་འོག་གློག་རྡུལ་ཚོང་དོན་གྱི་ལས་རྣམ་གསར་པ་ཐོན་ནས། ཀྲ་ཧྲོས་མོག་རོ་དེ་གློག་རྡུལ་ཚོང་དོན་ལ་བརྟེན་ནས་ཐོན་ལས་ཆེན་པོར་གྱུར་ཡོད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། 2020ལོར། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱེད་པའི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་གཅིག་པུ་ཡིན།  ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས9.8%འཕར་བ་དང་། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་པ། སྤྱི་ཁོག་དམིགས་ཚད་གཙོ་བོ་སྤྱིའི་ཆ་ནས་ལུགས་མཐུན་གྱི་བར་མཚམས་སུ་གནས་པ། གྲུབ་ཚུལ་ལེགས་སྒྲིག་བརྟན་བརླིང་ངང་སྐུལ་སྤེལ་བྱས་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

རིམས་ནད་དང་འཐབ་རྩོད་བྱེད་པའི་ཁྲོད་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱ་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་རེད།

2020ལོའི་ཟླ6ཚེས2ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་གི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།  སྤྱི་ཁྱབ་ཧྲུའུ་ཅིས“མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཡོང་བའི་རྨང་རྡོ་ལྟ་བུ་ཡིན། མ་མཐའི་ཚད་གཞིའི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་དང་སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།  དུས་དང་རྣམ་པ་ཀུན་ཏུ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེན་པོ་འགོག་ཟོན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་སྐྲུན་པ་དང་། ཉེན་ཟོན་སྔོན་བརྡ་དང་ལེན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འགོག་སྲུང་དང་སྐྱོབ་བཅོས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། འགོག་སྲུང་དྲ་བ་ནན་མོ་བཟོ་བ།  འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་པ་བཅས་བྱས་ཚེ། གཞི་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་ལ་འགན་ལེན་ནུས་ལྡན་བྱེད་ཐུབ”ཅེས་གསུངས་པ་རེད།

རིམས་ནད་རྒྱུན་གཏན་ཅན་གྱི་སྔོན་འགོག་ཚོད་འཛིན་ཁྲོད་ས་གནས་ཁག་གིས་བྱེད་ཐབས་གསར་གཏོད་བྱས་ནས། སྤྱི་པའི་འཕྲོད་བསྟེན་འགོག་སྲུང་དྲ་བ་བརྟན་པོ་བཙུགས་ཡོད། སྲིད་གཞུང་གིས་དྲ་ཐོག་ནས་ཞབས་ཞུ་བྱེད་པ་ནས་མང་ཚོགས་ཀྱིས་བཏོན་པའི་ཉོ་སྒྲུབ་བར་དང་།  རིམས་ནད་ཀྱི་ཉེན་ཁ་ཐོན་པའི“ཚོན་མདོག་ལྔའི་རི་མོ”ནས་ཕྱིར་བསྐྱོད་པ་དང་ལས་གནས་སུ་ཕྱིར་ལོག་པའི་བདེ་ཐང་ཞབས་ཞུའི་བར། བདེ་ཐང་ཨང་རིས་ཀྱི་གནད་འཁེལ་ཉེན་བརྡ་ནས་ཚད་བཀག་གི་སྔོན་མངགས་ཕྱིར་སྐྱོད། སྡེ་ཁུལ་གྱི“དྲ་མིག་འགོ་འཛིན”ནས་སྡོད་དམངས་ཀྱི“ཚན་པའི་འགོ་འཛིན”སོགས་རྒྱུན་རྣམ་ཅན་གྱི་གནད་འཁེལ་སྔོན་འགོག་ཚོད་འཛིན་དང་། ཆ་ཤས་ཀྱི་འཕྲལ་སྡོམ་ཐག་གཅོད་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་སྔར་ལས་ཆེན་པོ་བཏང་།

2020ལོའི་ཟླ9ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་སྐབས། “‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’རིང་གི་འཕྲོད་བསྟེན་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་ཞིབ་འཇུག་དང་འཆར་འགོད་བྱེད་པར་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། འཕྲད་པའི་དཀའ་གནད་དང་འགྲན་སློང་གསར་པར་དམིགས་ཏེ་བྱེད་ཐབས་ནུས་ལྡན་བཏོན་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ཀྱི་ནང་། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་འཛུགས་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དམངས་ཡོངས་ཀྱི་སྨན་བཅོས་ཉེན་ཚབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་ལ་སྐུལ་འདེད་གཏོང་བ། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་བྱེད་ཐབས་གལ་ཆེན་བཏོན་ཡོད།

དམག་དཔུང་ཁྲི་སྟོང་མང་པོར་བཀོད་འདོམས་ལྷོད་དལ་གདེང་ལྡན་བྱེད།  རིམས་ནད་འགོག་སྲུང་དང་དཔལ་འབྱོར་སླར་གསོ་བྱེད་པའི་ཐད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་ཐོག་ནས་ཀྲུང་གོའི་ཉམས་གསོའི་ནུས་པ་ཆེན་པོ་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བརྟན་བརླིང་ངང་ཀྲུང་གོའི་གྲུ་གཟིངས་ཆེན་པོའི་ཁ་ལོ་བསྒྱུར་བཞིན་མདུན་དུ་བསྐྱོད་ཀྱིན་པ་གང་ལེགས་སྒོས་མཚོན་ཡོད།

ལག་གདང་སྦྲེལ་ནས་རིམས་ནད་འགོག་པ་དང་བདེ་སྡུག་མཉམ་མྱོང་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་གཏོད་དགོས་པའི་འབོད་སྐུལ་གནང་།

ནད་དུག་ལ་རྒྱལ་མཚམས་མེད། རིམས་ནད་ལ་རིགས་རྒྱུད་ཀྱི་དབྱེ་བ་མེད། མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན།

ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གིས “རིམས་ནད་ནི་གདོན་འདྲེ་ལྟ་བུ་ཞིག་ཡིན་པས་ང་ཚོས་གདོན་འདྲེ་སྦས་ནས་སྡོད་དུ་འཇུག་མི་རུང་། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས། དུས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་ལ་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་ཕྱོགས་ཁག་གི་དོ་ཁུར་ལ་ཧུར་ཐག་གིས་ལན་འདེབས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བྱེད་རྒྱུ་ཡིན་ཞེས་བསྟན།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་ཚིག་ལས་ཀྲུང་གོའི་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་མཚོན་པ་དང་། ཞུམ་པ་མེད་པའི་ཀྲུང་གོའི་འགན་འཁྲི་འཁུར་སེམས་མངོན་ཡོད།

ཀྲུང་གོས་ཐོག་མའི་དུས་ཚོད་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཐོག་མའི་དུས་ཚོད་ནང་འཛམ་གླིང་གི་རྒྱལ་ཁབ་སོ་སོར་པྲོག་གསར་ནད་དུག་གི་གཞི་རྒྱུའི་གོ་རིམ་མཉམ་སྤྱོད་བྱས། ཐོག་མའི་དུས་ཚོད་ནང་གསོ་རིག་དུས་དེབ་ཐོག་ཚན་རིག་ཞིབ་འཇུག་གི་འཕེལ་རིམ་ཡོངས་བསྒྲགས་བྱས། བསྟུད་མར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་སྨན་བཅོས་ཇུས་གཞི་བརྒྱད་དང་སྔོན་འགོག་ཚོད་འཛིན་ཇུས་གཞི་བརྒྱད་གསར་སྤེལ་ཁྱབ་བསྒྲགས་བྱས་པ་དང་། ནད་རྐྱེན་དབྱེ་ཞིབ་མཇུག་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ལ། རིམས་འགོག་སྨན་ཁབ་ཞིབ་བཟོ་བྱས་ཚུལ་བརྡ་ཁྱབ་བཏང་། སྔ་རྗེས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པ་ཀྲུང་གོར་ཐེངས་གཉིས་ལ་གདན་དྲངས་ནས་ནད་དུག་ཁུངས་འདེད་ཞིབ་འཇུག་བྱས་པས། ཀྲུང་གོའི་རིམས་ནད་འགོག་པའི་འཕེལ་རིམ་དེ་གོ་ལ་ཧྲིལ་པོར་ཕྱོགས་པའི“ཡུལ་དངོས་ཐད་གཏོང”ཞེས་བརྗོད་ཆོག

2020ལོའི་ཟླ3པའི་ཚེས26ཉིན་གྱི་དགོང་མོར། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་བརྙན་འཕྲིན་གྱི་ཡོལ་ངོས་ཆེན་པོ་ཞིག་གིས“གནམ་མཐའ་ཐག་ཧ་ཅང་ཇེ་ཉེར”བཏང་ཡོད། ཞོགས་པ་དང་ཉིན་མོ། དགོང་མོ། མཚན་མོ་སོགས་དུས་མཉམ་མིན་པའི་ས་ཁུལ་དུ་གནས་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་ཀྱིས་ཡུལ་དུས་བརྒལ་ནས་སྤྲིན་ཚོམ་དུ་འཛོམས་ཏེ། བརྙན་རིས་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་པྲོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གིས་ཚོགས་འདུའི་སྟེང་ཀྲུང་གོའི་གྲོས་འགོ་བཏོན་པ་དང་། “པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་གོ་ལ་ཧྲིལ་པོའི་བཀག་འགོག་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་རྒྱག་དགོས་པ”དང་། “ནུས་ལྡན་ངང་རྒྱལ་སྤྱིའི་མཉམ་འགོག་མཉམ་སྡོམ་དང་ཚོད་འཛིན་བྱེད་དགོས།” “ཧུར་ཐག་གིས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས།” “རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ”བཅས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གིས“ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་འགོག་སྲུང་གི་ཕན་ཡོད་བྱེད་ཐབས་མཉམ་སྤྱོད་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་བྱེད་རྒྱུ་ཡིན་པ་མ་ཟད། རིམས་ནད་མཆེད་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་སྐྱོར་བྱེད་འདོད་ཡོད”ཅེས་ནན་བཤད་གནང་།

2020ལོའི་ཟླ5པའི་ཚེས18ཉིན་གྱི་དགོང་མོ། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས73པ་དེ་བརྙན་རིས་ཀྱི་རྣམ་པའི་ཐོག་ནས་འཚོགས། ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གིས་གདན་ཞུ་ལྟར་ཁ་ཡིག་ལ《མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཏེ། ཐུན་མོང་གིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་འཛུགས་དགོས》ཞེས་པའི་ཤིས་ཚིག་ཕུལཞིང་།ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་ཡག་པོ་བྱ་རྒྱུ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱ་རྒྱུ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་གྲོས་གཞི་དྲུག་བཏོན་པ་དང་། གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཆེ་གྲས་ལྔ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་ཐུན་མོང་གིས་གསར་སྐྲུན་བྱ་དགོས་པའི་འབོད་སྐུལ་བཏང་།

2021ལོའི་ཟླ5པའི་ཚེས21ཉིན་གྱི་དགོང་མོར། ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གདན་ཞུ་ལྟར་པེ་ཅིང་དུ་བརྙན་རིས་ཀྱི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་བདེ་ཐང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པ་མ་ཟད། ཁ་ཡིག་ལ《ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་། ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གིས“ང་ཚོས་ལག་གདང་མཉམ་སྦྲེལ་དང་བློ་བརྟན་འགྱུར་མེད་ངང་རིམས་ནད་འགོག་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཐུན་མོང་གིས་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་བདེ་ཐང་དང་མཛེས་སྡུག་ལྡན་པའི་མ་འོངས་པ་ཐུན་མོང་གིས་སྲུང་སྐྱོབ་བྱེད་དགོས”ཞེས་ནན་བཤད་གནང་།

ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གིས་ཚོགས་འདུའི་ཐོག ཀྲུང་གོས་མ་འོངས་པའི་ལོ་གསུམ་ནང་ཡང་བསྐྱར་རྒྱལ་སྤྱིའི་རོགས་སྐྱོར་ཨ་སྒོར་ཐེར་འབུམ་གསུམ་མཁོ་འདོན་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོར་འགོག་ཁབ་དུང་ཕྱུར་གསུམ་མཁོ་འདོན་བྱས་ཡོད་པ་དང་། རང་ཉིད་ཀྱིས་ནུས་ཤུགས་གང་ཡོད་ལ་བརྟེན་ནས་ཕྱི་ཕྱོགས་ལ་རིམས་འགོག་སྨན་ཁབ་སྔར་ལས་མང་བ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་རང་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཁེ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལག་རྩལ་ནང་བཤུག་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་མཉམ་ལས་ཐོན་སྐྱེད་བྱེད་རྒྱུ་ཡིན། ཀྲུང་གོས་པྲོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་གཞིས་སྔ་མོ་ནས་དེའི་ཐད་གཏན་འབེབས་བྱ་རྒྱུར་རྒྱབ་སྐྱོར་ཡང་བྱས་ཡོད། ཀྲུང་གོས་རིམས་འགོག་སྨན་ཁབ་མཉམ་ལས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་བཙུགས་ནས་རིམས་འགོག་སྨན་ཁབ་ཐོན་སྐྱེད་གསར་སྤེལ་གྱི་རྒྱལ་ཁབ་དང་ཁེ་ལས། ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་བཅས་ཀྱིས་ཇི་ལྟར་བྱས་ཏེ་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དྲང་གཞག་དང་ལུགས་མཐུན་ངང་བགོ་བཤའ་རྒྱག་རྒྱུར་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀྲུང་གོས་རང་ངོས་ཀྱི་རིམས་ནད་འགོག་སྲུང་ཐད་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་པའི་གནས་ཚུལ་འོག རང་ནུས་གང་ཡོད་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོར་བྱེད་རྒྱུ་ཡིན། 2021ལོའི་ཟླ9པའི་ཟླ་མཇུག་བར། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྨན་བཅོས་ཆེད་མཁས་ཚོགས་ཆུང་སུམ་ཅུ་ལྷག་ཙམ་མངགས་ནས། རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་བཅུ་བཞི་ལྷག་ཙམ་ལ་རིམས་ནད་འགོག་བཅོས་ཀྱི་དངོས་རྫས་རོགས་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོར་ཁ་ཐུམ་ཁྲག་ཁྲིག་གསུམ་དང་ཐེར་ཆེན་གཉིས་ལྷག་ཙམ་དང་། འགོག་སྲུང་གྱོན་ཆས་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་ལྷག མི་ཐེར་འབུམ་ལྔ་དང་དུང་ཕྱུར་དྲུག་གི་ཞིབ་དཔྱད་ཚོད་ལྟའི་རྫས་སྒམ་བཅས་མཁོ་འདོན་བྱས་པ་དང་། མིག་སྔར། ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་ལྷག་ཙམ་ལ་རིམས་འགོག་སྨན་ཁབ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ལྷག་ཙམ་མཁོ་འདོན་བྱས་པ་སོགས་རྩ་ཆེའི་དངོས་རྫས་ཁག་དང་། བརྙན་ལམ་འབྲེལ་མཐུད་ཐེངས་རེ་རེ། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་ཆེད་མཁས་ཚོགས་ཆུང་ཁག་བཅས་ཀྱིས་ལས་དབང་གཅིག་མཐུན་དང་བརྩེ་བ་ཆེན་པོའི་མི་ཆོས་རིང་ལུགས་ཀྱི་འོད་སྟོང་འཕྲོ་བར་བྱས་ཡོད།

ཀྲུང་གོས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་ཐུན་མོང་གིས་གསར་གཏོད་བྱ་རྒྱུ་དར་སྤེལ་བཏང་ནས། རྒྱལ་སྤྱིའི་རོགས་སྐྱོར་དང་རིམས་འགོག་སྨན་ཁབ་སྤྱོད་པ་སོགས་ཀྱི་ཐད་འདོད་ཚུལ་རབ་དང་རིམ་པ་བཏོན་ཡོད། ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་མི་ཁྲི་སྟོང་མང་པོའི་ཚེ་སྲོག་སྐྱོབ་རྒྱུར་རོགས་རམ་བྱས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལྷག་བསམ་ཟོལ་མེད་ཀྱི་བསམ་འདུན་མངོན་ཡོད།

གནམ་འོག་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པས། དེར་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ཡོད། ཀྲུང་གོས་ནད་ཡམས་འགོག་པའི་ལག་ལེན་ལས“ཕྱི་ནས་ནང་འདྲེན་བྱེད་པ་དང་ནང་ནས་བསྐྱར་དུ་འབྱུང་བ་སྔོན་འགོག་བྱེད་པ”རྒྱུན་འཁྱོངས་བྱས་ཏེ། མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོས་ནད་ཡམས་ཀྱི་འགོག་སྲུང་འཛིང་རགས་བརྟན་སྲུང་བྱེད་པ་དང་། དེ་ནི་རྒྱལ་སྤྱིའི་ནད་ཡམས་འགོག་པའི་ཐད་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་གི་ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། ཀྲུང་གོས་སྔོན་ལ་རིམས་ནད་ཚོད་འཛིན་དང་སྔོན་ལ་ལས་ཐོན་སླར་གསོ་བྱས་པས། གཞི་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་དངོས་ཟོག་མཁོ་འདོན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། གོ་ལ་ཧྲིལ་པོའི་རིམས་ནད་མཉམ་ལས་འགོག་བཅོས་དང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་ར་སྤྲོད་བྱུང་ཡོད།

ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་བརྗེ་རེས་འདུ་ཚོགས། ཀྲུང་གོ་ནང་འདྲེན་ཕྱིར་གཏོང་ཚོང་རྫས་བརྗེ་རེས་འདུ་ཚོགས་། ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་བཤམས་སྟོན་འདུ་ཚོགས་སོགས་ནང་ཞུགས་ཏེ། གོ་ལ་ཧྲིལ་པོའི་འགྲེམས་ཚོགས་བྱེད་སྒོ་དེ་རིམས་ནད་ཀྱི་དབང་གིས་མེད་པར་བཟོས་པ་དང་ཕྱིར་འགྱངས་བྱས་པའི་རྒྱབ་ལྗོངས་འོག ཀྲུང་གོས་སྒོ་འབྱེད་མཉམ་ལས་ལས་སྟེགས་རབ་དང་རིམ་པ་བཏོད་དེ། འཛམ་གླིང་དང་གོ་སྐབས་མཉམ་སྤྱོད་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་གིས་མ་འོངས་པ་གསར་དུ་བསྐྲུན་བཞིན་ཡོད།  རིམས་ནད་ཀྱི་གནས་ཚུལ་འོག ཀྲུང་གོ“བཀག་སྡོམ”དུ་གྱུར་པ་མ་ཡིན་པར་སྔར་ལས་སྒོ་འབྱེད་བྱས་པ་དང་། མཉམ་ལས་བྱེད་པའི“གྲོགས་ཚོམ”ཇེ་ཆུང་དུ་མ་ཕྱིན་པར་སྔར་ལས་ཆེ་རུ་ཕྱིན་ཡོད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་གང་ལེགས་ཀྱིས་མངོན་ཡོད་ལ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྟོབས་ཤུགས། ཀྲུང་ཧྭའི་དཔལ་ཡོན་གྱི་རྨང་གཞི་ཟབ་མོ་དང་ཀྲུང་གོའི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་རང་རྟོགས་ཀྱི་འགན་འཁྲི་འཁུར་སེམས་བཅས་གང་ལེགས་ཀྱིས་མངོན་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་རང་ཡིད་རང་ཆེས་དང་སྤོབས་སེམས། གོང་བུར་འགྲིལ་ཤུགས། བློ་ཁ་ཕྱོགས་ཤུགས་བཅས་ཆེ་རུ་ཕྱིན་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་ང་ཚོར་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ཐེབས་ངེས་ཡིན།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ། གཡང་འབུམ་རྒྱལ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ།