དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོ་བསྒྲུབ་པར་ཚན་རིག་གིས་ཁྲིད་སྟོན་བྱེད་དགོས།
2021.11.08 ཁུངས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀློག་གྲངས། 56

----སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིག་ཆོན་གྱིས་བདེན་འཚོལ་དུས་དེབ་སྟེང་སྤེལ་བའི་རྩོམ་ཡིག་གལ་ཆེན།

2021ལོའི་ཟླ8པའི་ཚེས27ཉིན་ནས་ཚེས28ཉིན་བར། ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་པེ་ཅིན་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཏང་གི་མི་རིགས་ལས་དོན་གྱི་ལོ་བརྒྱའི་བརྒྱུད་རིམ་དང་ལོ་རྒྱུས་ཀྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་ཏེ། མི་རིགས་ལས་དོན་གྱི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དོན་སྙིང་གལ་ཆེན་དང་ལས་འགན་གཙོ་བོ། བྱ་བའི་བླང་བྱ་བཅས་ལ་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་གནང་པ་དང་། ང་ཚོའི་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་སྤྱི་བསྡོམས་བྱས་ནས་བཏོན་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་བསྲུང་བྱ་མཁོ་འདོན་བྱས།

གཅིག གནས་བབ་གསར་པའི་འོག ཏང་གི་མི་རིགས་ལས་དོན་གྱི་དུས་རབས་རྒྱབ་ལྗོངས་ལ་ཁྱོན་ཡོངས་ནས་ངོས་འཛིན་ཡང་དག་བྱ་དགོས།

མི་རིགས་ཀྱི་གནད་དོན་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པར། གནའ་དེང་གི་ཀྲུང་ཕྱིའི་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་ཡོད་ལ། མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་མ་ཐུབ་ཚེ།མཐུན་སྒྲིལ་དང་བརྟན་བརླིང་ཡོད་མི་སྲིད་པ་དང་། རྒྱལ་ཁབ་ཅིག་ཡུན་རིང་བདེ་འགོད་ཡོང་མི་ཐུབ་པ་རེད། མི་རིགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། རང་རྒྱལ་ལྟ་བུའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་གི་ནང་དུ་མི་རིགས་ལས་དོན་ལེགས་འགྲུབ་ཡོང་མིན་དེ་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་ཡོང་མིན་དང་འབྲེལ་བ་ཡོད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འབྲེལ་བ་ཡོད། ཀྲུང་ཧྭ་མི་རིགས་ཡར་ལངས་པའི་དུས་སྐབས་སུ། མི་རིགས་ལས་དོན་གྱི་ལས་འགན་གཙོ་བོ་ནི་མི་རིགས་ཀྱི་གཉའ་གནོན་དང་མཐོང་ཆུང་མེད་པར་བཟོ་བ་དང་། མི་རིགས་འདྲ་མཉམ་མངོན་འགྱུར་བྱུང་སྟེ། མི་རིགས་སོ་སོས་མཉམ་དུ་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱ་རྒྱུ་དེ་ཡིན། ཀྲུང་ཧྭ་མི་རིགས་ཕྱུག་པོར་འགྱུར་བའི་དུས་སྐབས་སུ།མི་རིགས་ལས་དོན་གྱི་གཙོ་གནད་ལས་འགན་ནི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་དང་། མི་རིགས་སོ་སོའི་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ།ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་མངོན་འགྱུར་བྱ་རྒྱུ་དེ་རེད། ཀྲུང་ཧྭ་མི་རིགས་སྟོབས་ཆེར་འགྲོ་བའི་དེང་གི་དུས་འདིར། མི་རིགས་ལས་དོན་ལ་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་འཕྲད་ཡོད། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དམིགས་འབེན་འདི་དང་སྔར་ལས་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པ་དང་མཚུངས་སུ། བསྐྱར་དར་ཡོང་བའི་ལམ་བུའི་ཐོག་ང་ཚོར་སྔར་བཞིན་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་གནས་བབ་ལ་འཕྲད་སྲིད་ངེས།ད་ལྟའི་དུས་རིམ་གྱི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ཀྱིས་ང་ཚོར་ངེས་པར་དུ་མི་རིགས་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། མི་རིགས་བྱ་བ་ཡག་པོ་སྒྲུབ་པར་བླང་བྱ་བཏོན་ཏེ།། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་དང་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ཆ་རྐྱེན་བསྐྲུན་པ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་བརྒྱའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཤིང་། ཏང་གི་མི་རིགས་ལས་དོན་ཐད་བླངས་པའི་གྲུབ་འབྲས་ཆེན་པོ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཅིག་ཏུ་བསྐྱོད་པ་རེད་ཅེས་ནན་གྱིས་བསྟན་ཡོད། བགྲོད་ལམ་དེ་ནི་བྱུང་སླ་བོ་ཞིག་མིན་པར་ཏང་གིས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཡུན་རིང་འབད་འཐབ་བྱས་པའི་ཁྲོད་གྲུབ་པ་དང་འཕེལ་རྒྱས་བྱུང་བ་ཞིག་རེད། ང་ཚོའི་ཏང་དབུ་བརྙེས་པ་ནས་བཟུང་། རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་འཚམ་པའི་མི་རིགས་གནད་དོན་ཐག་གཅོད་བྱ་རྒྱུའི་ལམ་བུ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་སོ་སོ་ཐུན་མོང་ངང་ཡར་རྒྱས་ཡོང་བ་བཅས་ནང་དོན་གཙོ་བོ་ཡིན་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་བྱས་པ་དང་། མི་རིགས་ལས་དོན་གྱི་གཞི་རྩའི་ལམ་ལུགས་དང་སྲིད་ཇུས་རབ་དང་རིམ་པ་གྲུབ་པར་བྱས་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བསྟུན་ནས། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དང་། མི་རིགས་ལས་དོན་ཐད་ཇུས་ཆོད་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་སོ་སོའི་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ།ཐུན་མོང་ངང་དར་རྒྱས་གོང་འཕེལ་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་སོགས་ནན་བསྟན་གནང་པས། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད། དབུལ་ཐར་མཁྲེགས་གཏོར་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཡོད། མི་རིགས་ས་ཁུལ་གྱི་དབུལ་ཕོངས་མི་གྲངས་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་གཉིས་ཁྲི་གཅིག་ཚང་མ་དབུལ་ཐར་བྱས་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་དབུལ་ཕོངས་རྫོང་བཞི་བརྒྱ་ཉི་ཤུ་ཚང་མས་དབུལ་ཞྭ་ཕུད་པས། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོའི་གནད་དོན་ཐག་གཅོད་བྱས་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ཁག་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱས་ཡོད། མི་རིགས་ས་ཁུལ་གྱི་མཁར་གྲོང་གི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་བརྟན་པོའི་ངང་རིམ་འཕར་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ་དང་། སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་རིམ་འཕར་ཆེན་པོ་བྱུང་ཡོད་ལ། སྐྱེ་ཁམས་སྲུང་ཡོལ་སྔར་ལས་ཇེ་བརྟན་ཏུ་ཕྱིན་ཡོད། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་སྔར་ལས་རྒྱ་ཁྱབ་དང་གཏིང་ཟབ་ཏུ་ཕྱིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། གྲོང་ཁྱེར་དང་ཐར་ཐོར་དུ་སྡོད་པའི་ས་ཁུལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་དེ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡོམས་འབོར་གྱི་གསུམ་ཆའི་གཅིག་ལས་བརྒལ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་འཁོར་རྒྱུགས་མི་གྲངས་བྱེ་བ་གསུམ་ལྷག་ལ་འཕར་ཡོད་ཅིང་། མི་རིགས་སོ་སོའི་བར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་འབྲེལ་བ་དེ་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་དམ་ཟབ་ཏུ་གྱུར་ཡོད། མི་རིགས་སོ་སོའི་མི་དམངས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེས་ཆེར་ཕྱིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་།པྲོག་གསར་གློ་ཚད་རིམས་ནད་གྱི་འགོག་རྒོལ་ལ་རྒྱལ་ཁ་བླངས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རང་རྟོན་གྱི་ལ་རྒྱའི་སྣང་བ་སྔར་ལས་ཆེ་རུ་ཕྱིན་པ། ཁོང་ཡངས་རང་བཞིན་སྔར་ལས་རྒྱ་ཆེ་བ་དང་ངོས་འཛིན་གཅིག་མཐུན་གྱི་བསམ་པ་སྔར་ལས་མཐོ་བ། གོང་བུར་འགྲིལ་ཤུགས་སྔར་ལས་ཆེ་བ་བཅས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།

2019ལོའི་ཟླ10པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། པར་ནི“མི་རིགས་མཐུན་སྒྲིལ”གྱི་རུ་ཁག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་མདུན་དུ་བསྐྱོད་བཞིན་པ།

དེང་གི་འཛམ་གླིང་འདི་ཉིད་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་བརྒྱུད་བཞིན་ཡོད་པ་དང་།  རང་རྒྱལ་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད་ལ། མི་རིགས་ལས་དོན་ཐད་གནས་བབ་གསར་བའི་ལས་འགན་དང་འཕྲད་ཡོད་པས།དུས་རིམ་རང་བཞིན་གྱི་ཁྱད་གཤིས་ཤིག་གསལ་བོར་མངོན་ཡོད། དཔེར་ན། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་མོད། འོན་ཀྱང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་བལྟོས་བཅས་ཀྱིས་འབུར་ཐོན་ཡིན་པ་དང་། མི་རིགས་སོ་སོའི་མི་གྲངས་འཁོར་རྒྱུག་ཆེན་པོ་དང་འདུས་སྡོད་ཆེན་པོ་བྱེད་པའི་རྣམ་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པས། ཇི་ལྟར་བྱས་ཏེ་གནས་བབ་དང་འཚམ་ཞིང་མི་རིགས་མང་པོ་གཞི་གཅིག་ཏུ་འདུས་པའི་་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་ཆེན་པོས་འཚོལ་ཞིབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་མོད། འོན་ཀྱང་བྱེ་བྲག་གི་ས་ཁུལ་ཁ་ཤས་སུ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། རྒྱལ་སྤྱིའི་སྟོབས་ཤུགས་ཀྱིས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ལ་འགོག་རྐྱེན་དང་གཏོར་བཤིག་གཏོང་བའི་ཉེན་ཁ་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། དེ་དག་ཚང་མས་དུས་རབས་གསར་པར་མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་ཀྱི་ལས་དོན་ལེགས་པོ་སྒྲུབ་པའི་ལས་འགན་སྔར་ལས་ལྕི་བ། བླང་བྱ་སྔར་ལས་མཐོ་བ་བཅས་གཏན་འཁེལ་བྱས་ཡོད། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་རྒྱུན་ཆད་མེད་པར་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཏེ “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ཏེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་སྟོབས་ཤུགས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་གཅིག་ཏུ་འགྲིལ་ཐུབ་པ་བྱེད་དགོས།

གཉིས། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གོ་བ་ཡང་དག་ལེན་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགོ་བརྩམས་ཏེ། མི་རིགས་གནད་དོན་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལྟ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། རྒྱུད་འཛིན་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་གསར་སྐྲུན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཡང་དག་རྒྱུན་འཁྱོངས་དང་འཐུས་ཚང་ཇི་ལྟར་བྱ་རྒྱུར་དམིགས་ཏེ། བསམ་བློ་གསར་པ་དང་ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོར《བསྐྱར་དར་གྱི་ལམ་བུ》ཞེས་པའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་སྐབས“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་གྱི་ཆེས་རླབས་ཆེན་གྱི་ཕུགས་འདུན་ཞིག་རེད”ཅེས་བསྟན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་གསལ་བསྒྲགས་གལ་ཆེན་ཡང་གནང་། 2014ལོར་ཀྲུང་དབྱང་གི་མི་རིགས་ལས་དོན་གྱི་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པར་ཡང་དག་པའི་བགྲོད་ལམ་གྱི་གཞི་རྩའི་ནང་དོན་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་ཡོད།2017ལོར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་པའི་ཆོད་གཏམ་གསར་པ་བཏོན་པ་མ་ཟད་ཏང་གི་སྒྲིག་ཡིག་ནང་དུའང་བཀོད་པ་རེད། 2019ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ས་ཆ་ནི་མི་རིགས་སོ་སོས་ཐུན་མོང་གིས་གསར་འབྱེད་བྱས་ཤིང་། ཡུན་རིང་ལྡན་པའི་ལོ་རྒྱུས་ནི་མི་རིགས་སོ་སོས་ཐུན་མོང་གིས་བརྩམས་པ་དང་། འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་སོ་སོས་ཐུན་མོང་གིས་གསར་གཏོད་བྱས་པ། རླབས་ཆེའི་སྙིང་སྟོབས་ནི་མི་རིགས་སོ་སོས་ཐུན་མོང་གིས་སྐྱེད་སྲིང་བྱས་པའི“ཐུན་མོང་བཞི”ཡི་ལྟ་བ་གལ་ཆེན་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་འཛིན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“མི་རིགས་སོ་སོ་ཚང་མ་འདྲ་མཉམ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས”ཞེས་པ་དེ་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཁྱད་སྟོབས་མངོན་གསལ་གྱི་གྲས་གཅིག་ཡིན་པར་གསལ་བོར་བསྟན་ཡོད། ཐེངས་འདིའི་ཀྲུང་དབྱང་མི་རིགས་ལས་དོན་གྱི་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ང་ཚོའི་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་གནང་བ་དང་། ཏང་གི་ལོ་བརྒྱའི་རིང་གི་མི་རིགས་ལས་དོན་གྱི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡུས་གདམ་གསེས་བྱས་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་སུ་འགྲོ་བའི་ནང་གནས་ཀྱི་ཆོས་ཉིད་གཏིང་ཟབ་སྒོས་གསལ་བོ་བསྟན་ལ། དུས་རབས་གསར་པའི་མི་རིགས་ལས་དོན་ཐད་“ཇི་ལྟར་བལྟ་པ”དང“ཇི་ལྟར་སྒྲུབ་དགོས་པ”སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ལན་བཏབ། མི་རིགས་ལས་དོན་ཕྱོགས་གང་ཅིའི་ཐད་ཁྱབ་ཡོད་ལ་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་ནི་ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་བློ་གྲོས་ཀྱི་ཉིང་བཅུད། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་པ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་འཛུགས་སྐྲུན་གྱི་མཆོང་སྐྱོད་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་དྲག་ཆས་ཀྱི་བསམ་བློ་སྟོབས་ཆེན་ཞིག་བཅས་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་སྤེལ་གཏོང་དགོས། ངེས་པར་དུ་མི་རིགས་སོ་སོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཆེད་དུ་ཐུན་མོང་གིས་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་འགན་འཁུར་གལ་ཆེན་ཞིག་ཏུ་བརྩིས་ཏེ། མི་རིགས་སོ་སོས་དུས་རབས་ཀྱི་གོམ་སྟབས་རྗེས་སུ་བསྙེགས་ཏེ་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཏུ་བཟུང་ནས། མི་རིགས་སོ་སོས་བློ་བརྟན་འགྱུར་མེད་ངང་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། ངེས་པར་དུ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་དགོས། ངེས་པར་དུ་མི་རིགས་སོ་སོ་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་སོ་སོ་ཐུན་མོང་གིས་རང་ཁྱིམ་རང་བདག་དང་། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ཁྲོད་ཞུགས་པར་ཁག་ཐེག་བྱ་དགོས་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད་དུ་མི་རིགས་སོ་སོ་རྡོག་རྩ་གཅིག་སྒྲིལ་བྱེད་པར་སྐུལ་འདེད་གཏོང་དགོས།ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་བགྲོད་ཐུབ་པ་དང་།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་བ་ཁག་ཐེག་བྱས་ཏེ། མི་རིགས་སོ་སོས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ནས། ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ཕྱུག་པོར་གཏོང་བར་མངོན་འགྱུར་བྱེད་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་ཡོད་པའི་བསམ་པའི་ཁྱིམ་གཞིས་བརྟན་པོར་བསྐྲུན་ནས་མི་རིགས་སོ་སོའི་མི་སེམས་གཅིག་ཏུ་འདུས་པ་དང་། བསམ་པ་ཕན་ཚུན་ཁེན་པ།མི་སེམས་གཅིག་ཏུ་གྲུབ་པ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་བསམ་པའི་འབྲེལ་ཐག་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ངེས་པར་དུ་མི་རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས། མི་རིགས་སོ་སོའི་ཕུགས་བསམ་དང་དད་སེམས། བརྩེ་དུང་། རིག་གནས་བཅས་ཐད་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྐུལ་འདེད་བཏང་སྟེ་ཕན་ཚུན་རོགས་རེས་དང་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས། ངེས་པར་དུ་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། མི་རིགས་སོ་སོས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་བརླིང་བཅས་སྲུང་སྐྱོབ་བྱ་དགོས། ངེས་པར་དུ་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རིགས་གནད་དོན་ཐག་གཅོད་བྱེད་པར་རིམ་འཕར་བཏང་ནས།མི་རིགས་ལས་དོན་གྱི་ནུས་ཤུགས་དང་ཆུ་ཚད་ལེགས་པོར་སྒྲུབ་དགོས།

“དེ་ནས་བཟུང་ང་ཚོས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་མཐའ་འཁྱོལ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག འདྲ་མཉམ་དང་རང་དབང་། བདེ་སྐྱིད་བཅས་ལྡན་པའི་ཁྱིམ་ཚང་ཆེན་པོ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་རྒྱུའི་དམ་བཅའ་བཞག” ཡུན་ནན་ཞིང་ཆེན་ཕུའུ་ཨར་གྲོང་ཁྱེར་ཉིན་ཨར་ཧ་ཉི་རིགས་དབྱི་རིགས་རང་སྐྱོང་རྫོང་གི་མི་རིགས་མཐུན་སྒྲིལ་གླིང་དུ། 1951ལོའི་མི་རིགས་མཐུན་སྒྲིལ་གྱི་དམ་བཅའི་རྡོ་རིང་ཞིག་ཡོད་ལ། དེའི་སྟེང་དུ་སྐབས་དེའི་མི་རིགས་ཀྱི་འཐུས་མི་མང་པོ་ཞིག་གིས་དམ་བཅའ་བཞག་རྗེས། རྒྱ་ཡིག་དང་ཏའེ་ཡིག ལ་ཧུའུ་ཡིག་བཅས་ཀྱིས་བྲིས་པའི་མིང་རྟགས་བཀོད་ཡོད། རྡོ་རིང་འདིར“ཀྲུང་གོ་གསར་པའི་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་དང་པོ”ཞེས་མཚན་སྙན་གནང་ཡོད། པར་ནི་རྡོ་རིང་འཛུགས་པའི་ནང་ཞུགས་མཁན་དང་བདེན་དཔང་བྱེད་མཁན་ཡིན་པ་དང་། ཧ་ཉི་རིགས་ཀྱི་བགྲེས་པོ་ཧྥང་ཡིག་ཧྥུའུ་ཡིས་མཐུན་སྒྲིལ་རྡོ་རིང་གི་ལོ་རྒྱུས་བརྗོད་བཞིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་ལས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་དང་ལས་འགན་གལ་ཆེན། བྱ་བའི་གཙོ་ཐིག ལམ་ལུགས་འགན་སྲུང་། མངོན་འགྱུར་བྱེད་སྟངས་སོགས་རྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཡོད་ཅིང་། མི་རིགས་ལས་དོན་གྱི་དར་ཆ་གང་ཞིག་སྒྲེང་དགོས་པ་དང་བགྲོད་ལམ་ཇི་འདྲ་ཞིག་ཏུ་སྐྱོད་དགོས་པའི་རྩ་བའི་རང་བཞིན་གྱི་གནད་དོན་ལ་ལན་ཟབ་མོར་བཏབ་ཡོད་པ་དང་། དེ་ནི་ཏང་གིས་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་དེ་མི་རིགས་ལས་དོན་གྱི་ཁྱབ་ཁོངས་སུ་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཐོག་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པར་རྩ་བའི་མཛུབ་སྟོན་བྱས་ཡོད། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་དམ་འཛིན་ལེགས་པོ་བྱ་དགོས།

གསུམ། ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་ཚན་རིག་ནང་དོན་དང་དོན་སྙིང་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ་བྱ་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཤིག་ཡིན་པ་དང་། རྒྱལ་ཁབ་གཅིག་གྱུར་ཆེན་པོ་དོན་གཉེར་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་གཙོ་རྒྱུན་ཞིག་ཡིན་ཞིང་། མི་རིགས་སོ་སོའི་བར་རྒྱུན་ཆད་མེད་པར་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཁྲག་རྒྱུན་མཉམ་འདྲེས་དང་། ལས་དབང་གཅིག་མཐུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཅན་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ལྷག་པར་དུ་ཉེ་རབས་ནས་བཟུང་། བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ཐུན་མོང་གི་རླབས་ཆེན་འཐབ་རྩོད་ཁྲོད། མི་རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་དང་དཔུང་པ་མཉམ་གཤིབ་བྱས་པས། ཀྲུང་ཧྭ་མི་རིགས་རང་བདག་འདུ་ཤེས་དངོས་གནས་སད་རྟོགས་བྱུང་སྟེ། རང་དབང་ནས་རང་རྟོགས་ལ་ཕྱོགས་པའི་རླབས་ཆེན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་བ་དང་། མི་རིགས་སོ་སོའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་ཧྭ་མི་རིགས་ཉིད་རང་རྟོགས་ནས་རང་ཚུགས་དང་། རང་རྟོན།རང་སྟོབས་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ། སྔར་ལས་ཁོང་ཡངས་རང་བཞིན་དང་གོང་བུར་འགྲིལ་ཤུགས། གཅིག་གྱུར་རང་བཞིན་བཅས་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཏུ་འཕེལ་རྒྱས་བྱུང་། དུས་རབས་གསར་པར་སླེབས་ཏེ།ཀྲུང་གོ་ཉིན་རེར་སྟོབས་ལྡན་ཏུ་གྱུར་པ་དང་། ཉིན་རེར་འཛམ་གླིང་གི་གར་སྟེགས་དབུས་དང་ཉེ་བར་འགྲོ་བཞིན་ཡོད་པ་དང་བསྟུན་ནས། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་འབྲེལ་ཐག་ངེས་པར་དུ་ཇེ་དམ་ནས་ཇེ་དམ་དུ་འགྲོ་སྲིད་པ་དང་།རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ངེས་པར་དུ་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བ། རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་མཐུན་ངེས་པར་དུ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ངེས་པར་དུ་ཇེ་དྲག་ནས་ཇེ་དྲག་ཏུ་འགྲོ་སྲིད་པས།ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་ངེས་པར་དུ་སྲ་བརྟན་འགྱུར་མེད་དུ་གནས་སྲིད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ན། མི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དེ་བདེ་སྡུག་མཉམ་མྱོང་དང་གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། མཉམ་ཤི་མཉམ་གནས། ལས་དབང་མཉམ་འཁུར་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཆབ་སྲིད་ཀྱི་ཁོངས་གཏོགས་དང་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་ཡོང་རྒྱུ་སྔར་ལས་ནན་བཤད་བྱེད་རྒྱུ་ནི་རྒྱལ་ཁབ་རིམ་པར་ཆེས་མཐོ་བའི་སྤྱི་ཚོགས་ཀྱི་ཁོངས་གཏོགས་བསམ་པ་ཞིག་དང་། འཛམ་གླིང་ལ་ཁ་ཕྱོགས་པའི་རིག་གནས་ཀྱི་ཁོངས་གཏོགས་བསམ་པ་ཞིག་ཡིན་ལ།སྲོག་ཤིང་ནི་མི་རིགས་སོ་སོའི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱ་རྒྱུར་ཁྲིད་སྟོན་བྱས་ནས། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་རྒྱུ་དེ་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཏུ་འཛིན་དགོས་ཤིང་།དེ་ནི་མི་རིགས་སོ་སོའི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་བླང་བྱ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ། ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་དགོས་ངེས་ཀྱི་བླང་བྱ་བཅས་རེད། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཐུབ་ཚེ།ཐལ་སྐྱོད་དང་ཁ་བྲལ་གྱི་བསམ་བློ་སྣ་ཚོགས་སིམ་འཛུལ་དང་རྩ་སློག་གཏོང་བར་གཞི་ནས་བཀག་འགོག་ནུས་ལྡན་བྱེད་ཐུབ་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཉེན་ཁའི་རྐྱེན་ངན་སྣ་ཚོགས་རྒྱུན་མི་ཆད་པར་གཞི་ནས་སེལ་ཐུབ་པ། མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་གྱི་གོང་བུ་གཞི་ནས་ནུས་ལྡན་ངང་ཆགས་ཐུབ་པ། ཐུན་མོང་རང་བཞིན་ཁ་ཕྱོགས་ཇེ་ཆེར་འགྲོ་བ་དེས་གཞི་ནས་མི་རིགས་ལས་དོན་ཇེ་ལེགས་སུ་གཏོང་ཐུབ། ང་ཚོས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ལ་ངོས་འཛིན་བྱས་ཏེ། དུས་རབས་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐལ་ཆེ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱེད་པ་དང་། མི་རིགས་ལས་དོན་གྱི་ཞན་ཆ་དང་མི་འདང་སའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དངོས་ཡོད་ཁ་གཏད་རང་བཞིན་ལ་ངོས་འཛིན་ནན་མོ་བྱེད་པ། མི་རིགས་ཁྱབ་ཁོངས་སུ་གནས་པའི་ཉེན་ཁའི་རྐྱེན་ངན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་དམིགས་བསལ་གྱི་དགོས་གཏུག་རང་བཞིན་ལ་ངོས་འཛིན་བཅས་བྱེད་དགོས།

2021ལོའི་ཟླ6པའི་ཚེས30ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྔོན་ལ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་བསྐྱོད་ནས“ ‘ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ’ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན”ལ་ལྟ་སྐོར་སློབ་སྦྱོང་བྱས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཐུན་མོང་རང་བཞིན་དང་ཧེ་བག་རང་བཞིན་གྱི་འབྲེལ་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དང་མི་རིགས་སོ་སོའི་འདུ་ཤེས་ཀྱི་འབྲེལ་བ། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས་ཀྱི་འབྲེལ་བ། དངོས་པོ་དང་བསམ་པའི་འབྲེལ་བ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད་ལ།འབྲེལ་བ་འདི་བཞི་བོ་ལས། ཐུན་མོང་རང་བཞིན་དང་ཧེ་བག་རང་བཞིན་གྱི་འབྲེལ་བ་ནི་སྤྱི་ལ་དོ་དམ་བྱེད་པ་ཡིན་པས། འབྲེལ་བ་གཞན་དག་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད། ཐུན་མོང་རང་བཞིན་ལ་སྐུལ་འདེད་བྱེད་པ་དང་ཧེ་བག་རང་བཞིན་ལ་བརྩི་འཇོག་དང་གུ་ཡངས་སུ་གཏོང་བའི་རྩ་དོན་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། འདྲ་ས་ཡོད་ལ་ཁྱད་པར་མེད་ན་གཅིག་མཐུན་ཚོགས་པ་ནན་བཤད་བྱེད་དགོས་དོན་མེད་ལ། ཁྱད་པར་ཡོད་ལ་འདྲ་ས་མེད་ན་གཅིག་མཐུན་ཚོགས་པ་གྲུབ་མི་ཐུབ། ཐུན་མོང་རང་བཞིན་དང་ཁ་བྲལ་ཚེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གླེང་ཐབས་བྲལ་བ་ཞིག་ཡིན་ལ། ཧེ་བག་རང་བཞིན་སྣང་མེད་དུ་བཞག་ཚེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སྒྲུབ་དཀའ་བ་ཞིག་ཡིན། མི་རིགས་སོ་སོའི་ཧེ་བག་རང་བཞིན་དེ་དུས་ཡུན་རིང་པོར་གནས་སྲིད་པ་དང་། ཧེ་བག་རང་བཞིན་ལ་བརྩི་འཇོག་དང་གུ་ཡངས་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན་པ་དང་ཆབས་ཅིག ཐུན་མོང་རང་བཞིན་ནི་གཙོ་ཁྲིད་དང་ཁ་ཕྱོགས། སྔོན་འགྲོ་དང་གཞི་རྩ་བཅས་ཡིན་པར་ངོས་ཟིན་དགོས་ལ། ཧེ་བག་རང་བཞིན་ཇེ་ཞན་དུ་འགྲོ་མི་རུང་བ་དང་དེསཐུན་མོང་རང་བཞིན་ལ་གནོད་འཚེ་གཏོང་མི་རུང་།ཧེ་བག་ལ་ སྲུང་སྐྱོབ་བྱེད་དགོས་ཤིང་།ཧེ་བག་བཞིན་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་ཚེ། ཐུན་མོང་ཚོགས་པས་ད་གཟོད་གུ་ཡངས་རང་བཞིན་དང་གསོན་ཤུགས་མངོན་ཐུབ་མོད། འོན་ཀྱང་། ཧེ་བག་རང་བཞིན་ཁྲོད་ཀྱི་རྗེས་ལུས་དང་མི་རིགས་ཡར་ཐོན་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་དག་སྲ་སྒྱུར་དྲག་འགྱུར་དུ་གཏོང་མི་རུང་།

དངོས་ཡོད་ཀྱི་བྱ་བའི་ཁྲོད་དུ། གནད་དོན་ཁྲིད་ཕྱོགས་ཀྱིས་མི་རིགས་ལས་དོན་ཁྲོད་ཀྱི་ནོར་འཛོལ་ལེགས་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གང་དག་ནས་ངེས་པར་དུ“གཅིག་མཐུན”བྱེད་དགོས་པ་དང་། ཕྱོགས་གང་དག་ནས“ཐ་དད”བྱས་ཆོག་པ་གསལ་པོར་ཤེས་དགོས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ཁས་ལེན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་ཐད་ཧེ་བག་ཡོད་མི་རུང་བ་དང་ཆབས་ཅིག ཧེ་བག་རང་བཞིན་ལ་བརྩི་འཇོག་བྱས་ནས། མི་རིགས་སོ་སོའི་བཟའ་འཐུང་དང་གྱོན་ཆས། ཡུལ་སྲོལ་གོམས་གཤིས། རིག་གནས་སྒྱུ་རྩལ། ཨར་ལས་ཀྱི་རྣམ་པ་སོགས་ཐད་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་ལ་དོ་སྣང་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་འདབས་བརྒྱའི་མེ་ཏོག་གི་བཀྲག་མདངས་འཚེར་བར་བྱེད་དགོས། ས་ཁོངས་མི་འདྲ་བ་དང་མི་རིགས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛིན་སྟངས་ལ་བར་ཁྱད་ཡོད་པར་གཞིགས་ནས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཁ་ཕྱོགས་དགོས་པ་མ་ཟད། རྒྱ་རིགས་དང་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་ལ་ཁ་ཕྱོགས་ནས་ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་བྱ་བ་ཡག་པོ་བསྒྲུབས་ཏེ། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ཡོ་བསྲང་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

བཞི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཡིན་པར་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་མི་རིགས་ལས་དོན་ལེགས་པོ་སྒྲུབ་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་འཛིན་པར་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་གསར་པ་ཡིད་ལ་བརྟན་པོར་ངེས་སུ་བཅུག་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་བྱ་བའི་གཙོ་ཐིག་དང་དམ་པོར་སྦྲེལ་ཏེ།ཧུར་ཐག་གིས་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བསྐྲུན་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས་བར་གྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པ་བྱ་དགོས། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས་ནི་གཞུང་རྟ་དང་ཡལ་འདབ་ལྟ་བུ་ཡིན་ཞིང་། གཞུང་རྟ་རྒྱས་ན་གཞི་ནས་ལོ་འདབ་བཞད་པའི་དཔེ་ལྟར་ཡིན། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པས། ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཚུལ་དང་འཕེལ་རྒྱས་ཐད་ལ་ཚང་མས་བྱས་རྗེས་བཞག་ཡོད། རྒྱ་རིགས་ཀྱི་རིག་གནས་སོགས་ཀྲུང་ཧྭའི་རིག་གནས་དང་གཅིག་མཚུངས་ཡིན་པར་སྣང་སྟེ།གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་མེད་དུ་འཇོག་མི་རུང་ལ། མི་རིགས་རང་གི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཀྱི་ཕྱི་རུ་འདོད་ནས།ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་མ་བྱུང་ན། ཚང་མ་མི་འགྲིག་པ་རེད། མི་རིགས་སོ་སོའི་རིག་གནས་ལ་གུ་ཡངས་ཤིང་།ཕན་ཚུན་དཔྱད་གཞིར་འཛིན་པ་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་སྒྲུབ་དགོས་པ་ལས་མགོ་མཇུག་སློག་པར་བྱེད་མི་རུང་། མི་རིགས་སོ་སོའི་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་བཅོས་སྒྱུར་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་བསྐྲུན་ཏེ།མུ་མཐུད་དུ་སྙིང་སྟོབས་འཕེལ་བ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་སློབ་གསོའི་མ་ལག་བརྟན་པོ་འཛུགས་པ་དང་དྲིལ་སྒྲོག་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་ལས་བྱེད་པའི་སློབ་གསོ་དང་ཏང་ཡོན་སློབ་གསོ། རྒྱལ་དམངས་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ནང་དུ་འགོད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་མི་རིགས་སོ་སོའི་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན་གང་ལེགས་བྱེད་པ། དེང་རབས་ཀྱི་དཔལ་ཡོན་མཉམ་འདྲེས་བྱེད་པ་བཅས་ཀྱི་དཔེ་དེབ་དང་། གར་སྟེགས་སྒྱུ་རྩལ་གྱི་བརྩམས་ཆོས། གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས། མཛེས་རྩལ་གྱི་བརྩམས་ཆོས་བཅས་སྐོར་ཞིག་གསར་དུ་གཏོད་པ་དང་། མི་རིགས་སོ་སོས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭའི་རིག་གནས་ཀྱི་གཟུགས་བརྙན་གསར་འཛུགས་དང་འབུར་དུ་ཐོན་པར་བྱ་དགོས། “ཐུན་མོང་བཞི”ཡི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་མ་ལག་དང་སྨྲ་བརྗོད་མ་ལག་ཆ་ཚང་བ་ཆགས་པར་བྱ་དགོས། “དྲ་ཐོག”དང“ལག་ལེན”ལས་སྲོལ་རྒྱུན་སྨྱན་བྱད་དང་དེང་རབས་སྨྱན་བྱད་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་དེ་གསར་འགྱུར་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་སྤྱི་ཚོགས་ཀྱི་རྣམ་པ་བསྐྲུན་རྒྱུར་སྣང་ཆེན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་རིམ་བཞིན་སེམས་གཏིང་དང་ཁྲག་རྒྱུན། རྣམ་ཤེས་བཅས་ཀྱི་ཁྲོད་ཟུག་པར་བྱེད་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མི་རིགས་སོ་སོས་ཐུན་མོང་གིས་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་མི་རིགས་ང་དྲུག་གིས་མཉམ་དུ་མངོན་འགྱུར་བྱེད་དགོས་པའི་ཐུན་མོང་གི་འཕེལ་རྒྱས་དང་ཡར་ཐོན་ཞིག་ཡིན་ཞིང་། འདི་ནི་སྔར་བྱུང་མ་མྱོང་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པས། ངེས་པར་དུ་མི་རིགས་སོ་སོའི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པར་བརྟེན་དགོས། དངོས་པོ་དང་བསམ་པའི་བར་གྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པ་བྱ་དགོས། དངོས་པོའི་ཕྱོགས་ཀྱི་གནད་དོན་ཐག་གཅོད་དགོས་ལ་བསམ་པའི་ཕྱོགས་ཀྱི་གནད་དོན་ཡང་ཐག་གཅོད་དགོས་ཤིང་། ཆབ་སྲིད་ཐོག་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་ལ་བསམ་གཞིག་བྱེད་མཁས་པོ་བྱེད་དགོས། འཕེལ་རྒྱས་ནི་དེང་རབས་ཅན་གྱི་རྨང་གཞི་ཡིན་པས། བཅོས་སྒྱུར་དང་འཕེལ་རྒྱས་ཡོད་ཚད་ལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་མངོན་དུ་འཇུག་པ་དང་། གཅིག་གྱུར་ལ་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་གིས་དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་བཅས་ཡོང་བ་བྱེད་དགོས། མི་རིགས་ས་ཁུལ་དུ་འཐུས་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཏུ་བསྟར་དགོས་ན། གནོན་ཤུགས་དང་ཉམས་ཉེན་ཁྲོད་གོ་སྐབས་འཚོལ་མཁས་ཤིང་།ས་གནས་དེ་གའི་དོན་དངོས་ལ་རྐང་བཙུགས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མགོ་རྩོམ་ས་དང་ཟུང་འབྲེལ་བྱེད་ས། ཤུགས་རྒྱག་ས་བཅས་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ་དང་། འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་དགོས། མི་རིགས་ས་ཁུལ་དུ་ཁྱད་པར་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་མུ་མཐུད་ལག་བསྟར་དང་། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རོགས་ལས་ལ་ཤུགས་སྣོན། མི་རིགས་ས་ཁུལ་དུ་གང་མགྱོགས་སྒོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་ངང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུ་གཉིས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ། རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བའི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། དེང་རབས་དཔལ་ཡོན་གྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། དེང་རབས་ཀྱི་དཔལ་ཡོན་འདུ་ཤེས་དང་བྱ་སྤྱོད་རྣམ་པ་ཁྱབ་སྤེལ་ཤུགས་ཆེན་བཅས་བྱས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་བསམ་པའི་དགའ་ཕྱོགས།འཚོ་བ་རོལ་སྟངས་བཅས་ཀྱི་ཐད་དེང་རབས་ཅན་དུ་འགྱུར་བའི་ཕྱོགས་སུ་བསྐྱོད་པར་ཁྲིད་སྟོན་བྱ་དགོས། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པའི་འཐབ་ཇུས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་རབས་གསར་པར་མཐའ་བདེ་དང་མཐའ་བརྟན།མཐའ་དར་གྱི་བྱ་བར་ཤུགས་སྣོན་པ་དང་། མི་གྲངས་དང་དཔལ་འབྱོར་གྱི་འདེགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། མཐའ་རྒྱུད་གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།

མི་རིགས་སོ་སོ་རྒྱ་ཁྱབ་སྒོས་ཕན་ཚུན་འགྲོ་འོང་དང་བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། དེ་ནི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་སོ་སོའི་འདུ་ཤེས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་སོ་སོའི་འདུ་ཤེས་ཀྱི་རྣམ་པ་དང་ཁྱབ་ཁོངས་མི་འདྲ་ལ། དེ་གཉིས་མཉམ་དུ་གནས་ན་འགལ་བ་མེད་ཀྱང་མཉམ་གཤིབ་ཏུ་གནས་པ་ཞིག་མ་རེད། མི་རིགས་སོ་སོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པར་ཁྲིད་སྟོན་བྱེད་པ་དང་། མི་རིགས་རང་གི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་བརྩི་བཀུར་དང་ཞབས་འདེགས་ཞུ་དགོས། མི་རིགས་ཀྱི་འདུ་ཤེས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་མི་རིགས་ཀྱི་བརྩེ་དུང་ལ་བརྩི་འཇོག་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་སྤྱིའི་ཁེ་ཕན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་མི་རིགས་སོ་སོའི་ཞིབ་ཕྲའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་དགོས། ལས་ཞུགས་དང་སློབ་ཞུགས། བདེ་འགོད་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། མི་གྲངས་ཕྱོགས་གཉིས་གནས་སྤོ་དང་འཁོར་སྐྱོད་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག མི་རིགས་སོ་སོའི་མི་གྲངས་འགྲོ་འོང་དང་གནས་སྡོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་སོ་སོའི་དབར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས། སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་དོ་དམ་ཇེ་ལེགས་སུ་གཏོང་བ། མི་རིགས་སོ་སོའི་མཉམ་དུ་སློབ་སྦྱོང་དང་མཉམ་དུ་བྱ་བ་སྒྲུབ་པ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་གྲུབ་ཚུལ་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་གིས་བསྐྲུན་དགོས། མི་རིགས་སོ་སོའི་མང་ཚོགས་གྲོང་ཁྱེར་དུ་འདྲེས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་ལམ་ལུགས་ཀྱི་འགན་སྲུང་འཐུས་ཚང་དུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་འཁོར་རྒྱུག་མི་གྲངས་དེ་གྲོང་ཁྱེར་གྱི་འཁོར་རྒྱུག་མི་གྲངས་ཀྱི་ཞབས་ཞུའི་མ་ལག་ཏུ་བཅུག་ནས། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ལྟ་རྟོག་ལུགས་མཐུན་བྱེད་པ་དང་། མི་རིགས་ཀྱི་ཐོབ་ཐང་དམིགས་བསལ་གང་རུང་ལ་དམིགས་ནས་མཐོང་ཆུང་རང་བཞིན་གྱི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་བ་དང་། འགྲོ་འོང་དང་བརྗེ་རེས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། དེ་དང་ཆབས་ཅིག དོན་དངོས་གནས་ཚུལ་གྱི་དགོས་མཁོ་ལྟར། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོད་སྤྱོད་ལག་བསྟར་བྱེད་པར་འགན་སྲུང་བྱ་དགོས།

མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མི་རིགས་ལས་དོན་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱ་རྒྱུ་དེ་ལམ་ལུགས་འདི་ལག་ལེན་བསྟར་བའི་རྩ་བའི་དམིགས་ཡུལ་དུ་འཛིན་དགོས། མི་རིགས་རང་སྐྱོང་ས་གནས་ཀྱི་འགན་འཁྲི་གཙོ་བོ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་དང་། ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་བགྲོད་ཐུབ་པར་འགན་ལེན་བྱེད་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པ་བཅས་ཁག་ཐེག་བྱ་རྒྱུ་དེ་ཡིན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཚད་འཇལ་གྱི་ཚད་གཞིར་འཛིན་པ་དང་། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བྱས་ནས། དུས་ཐོག་ཏུ་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་རྒྱུ་གཟབ་ནན་བྱ་དགོས། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་ལ་གཞིགས་ཏེ། དྲང་གཞག་འདྲ་མཉམ་རྩ་དོན་དུ་འཛིན་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ལ་ལྟ་རྟོག་བྱས་ནས་ས་ཁོངས་ཅན་དང་གནད་འཁེལ་རང་བཞིན་མངོན་གསལ་ཡོང་བ་བྱ་དགོས། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་མི་རིགས་ཀྱི་ལས་དོན་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་ཁྲིམས་སྐྱོང་གི་ལ་རྒྱ་སྲུང་སྐྱོབ་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་བཅའ་ཁྲིམས་ལྟར་འགན་སྲུང་བྱ་དགོས། མི་རིགས་སོ་སོའི་མང་ཚོགས་རྣམས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པས། མི་སུ་འདྲ་ཞིག་ཡིན་རུང་ཚང་མར་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་དབང་ཆ་མེད། གནད་དོན་ཅི་ཞིག་ཡིན་ན་གནད་དོན་དེ་ལྟར་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་ལས། གྲངས་ཉུང་མི་རིགས་མང་ཚོགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་ལས་དོན་སྤྱིར་བཏང་བ་དག་སྟབས་བདེའི་ངང་མི་རིགས་ཀྱི་ལས་དོན་དུ་སྙིང་བསྡུས་བྱེད་མི་རུང་བ་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བ་ཡོད་པའི་དམངས་དོན་གྱི་ཉེས་དོན་གནད་དོན་དག་སྟབས་བདེའི་ངང་མི་རིགས་ཀྱི་གནད་དོན་དུ་སྙིང་བསྡུས་བྱེད་མི་རུང་ལ། མི་རིགས་ས་ཁུལ་དུ་བྱུང་བའི་འགལ་ཟླ་དང་རྩོད་གཞི་སྤྱིར་བཏང་བ་དག་སྟབས་བདེའི་ངང་མི་རིགས་ཀྱི་འགལ་བར་སྙིང་བསྡུས་བྱེད་མི་རུང་། བྱ་བའི་བྱེད་སྟངས་ཐད་བྱེད་ཚོད་རན་པོ་དང་གཟབ་ནན་གྱིས་མདུན་དུ་སྐྱོད་པར་དོ་སྣང་བྱ་དགོས་ཤིང་། “སྒུག་མི་ཉན”པའི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་ལ། “འཚབ་མི་དགོས་པའི”དོན་དག་ཀྱང་ཐག་གཅོད་ཡག་པོ་བྱ་དགོས་ཤིང་། ངང་ངང་འཚབ་འཚུབ་དང་རང་སྣང་གང་ཤར་གྱི་བྱ་སྤྱོད་མི་ཡོང་སྔོན་འགོག་བྱས་ཏེ། “བག་ལེབ”ཡང་ཡང་ཁ་ལོ་བསྒྱུར་བ་ལྟར་བྱས་ནས་ཐལ་སྐྱོད་ཞིག་ནས་ཐལ་སྐྱོད་གཞན་ཞིག་ཏུ་མི་སྐྱོད་པ་སྔོན་འགོག་བྱ་དགོས།

མི་རིགས་ཁྱབ་ཁོངས་ཀྱི་ཉེན་འབྱུང་གལ་ཆེན་སྔོན་འགོག་དང་སེལ་ཐབས་ཏན་ཏིག་བྱ་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། མ་མཐའི་མཚམས་ཐིག་གི་བསམ་བློ་རྒྱུན་འཁྱོངས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གནད་དོན་གྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་དགོས། མི་རིགས་སོ་སོས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།རང་རྟོགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་བརླིང་བཅས་སྲུང་སྐྱོབ་བྱེད་པ་དང་། དྲག་ཤུགས་འཇིགས་སྐུལ་གྱི་བྱ་སྤྱོད་དང་མི་རིགས་ཁ་བྲལ་གྱི་བྱ་འགུལ། ཆོས་ལུགས་ཐལ་སྐྱོད་ཀྱི་བྱ་འགུལ་བཅས་ལ་ཉེན་ཟོན་ནན་མོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། དགྲར་འཛིན་སྟོབས་ཤུགས་ཀྱིས་སིམ་འཛུལ་དང་རྩ་སློག གཏོར་བཤིག་བཅས་བྱེད་པར་ཉེན་ཟོན་ནན་མོ་དང་བཀག་འགོག་བྱ་དགོས། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་དུ་ཡོད་པའི་གྲངས་ཉུང་མི་རིགས་དང་ཕྱིར་སྡོད་རང་མི། ཕྱི་ཁོངས་ཀྲུང་གོ་བའི་ཚོགས་སྤྱི་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས། རང་རེའི་སྟོབས་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འགོད་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ཡག་པོ་བསྲུངས་ནས་ཆབ་སྲིད་ཀྱི་རྩ་དོན་དང་བསམ་བློའི་ངོས་འཛིན། རིག་གཞུང་གི་ལྟ་བ་བཅས་དབྱེ་འབྱེད་ཡང་དག་བྱེད་པ་དང་། མི་རིགས་དང་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་གྱི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་ཧུར་བརྩོན་དང་བརྟན་པོའི་ངང་ཐག་གཅོད་བྱེད་པ། དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་དོན་སྟོང་རིང་ལུགས་དང་ཐལ་སྐྱོད་རིང་ལུགས། ཆོས་ལུགས་ཐལ་སྐྱོད་རིང་ལུགས། རྒྱ་རིགས་ཆེན་པོའི་རིང་ལུགས། ས་གནས་མི་རིགས་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་ཁ་བྲལ་དང་ཆོས་ལུགས་ཐལ་སྐྱོད་ཀྱི་བསམ་བློའི་དུག་རྒྱུན་མུ་མཐུད་གཙང་སེལ་བཅས་བྱེད་དགོས། དྲ་སྦྲེལ་ཁྱབ་སྤེལ་ཆོས་ཉིད་ཚན་རིག་དང་མཐུན་པར་ངོས་འཛིན་བྱ་དགོས། མི་རིགས་དྲ་རྒྱ་དང་འབྲེལ་བའི་གླེང་ཕྱོགས་གྲུབ་པ་དང་རིམ་འགྱུར་བྱུང་བའི་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། བྱ་བའི་འདུ་ཤེས་དང་བྱེད་ཐབས། གཞི་རྟེན་གྱི་ཐབས་ལམ། ལམ་ལུགས་དང་ལམ་སྲོལ་བཅས་གསར་གཏོད་བྱས་ཏེ། གླེང་ཕྱོགས་ཀྱི་ཉེན་ཁ་དུས་ཐོག་ཏུ་གྲལ་བཤེར་དང་སྔ་འགྱུར་ཆུང་འགྱུར་བྱེད་དགོས་ལ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ཕྱོགས་ཚད་བསྐྲུན་ཏེ་རང་འགུལ་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཕན་པའི་སྐད་སྒྲ་བཏོན་ནས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་དང་གཙོ་ཁྲིད་དབང་ཆ་དམ་འཛིན་ནན་མོ་བྱེད་དགོས། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་དང་སེལ་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་དང་འདུམ་སེལ་བྱེད་ནུས་ཆེ་རུ་གཏོང་བ། ཉེན་ཁ་ཐག་གཅོད་འོས་འཚམ་བཅས་བྱས་ཏེ། སྔ་ཙམ་དང་ཆུང་ས་ནས་ཐག་གཅོད་བྱས་ནས། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་ཏུ་བསྲུང་དགོས།

ཏང་གིས་མི་རིགས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོབ་བྱེད་པའི་རྩ་བའི་འགན་ལེན་ཡིན། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལེགས་གྲུབ་བྱུང་བའི་རྒྱུ་མཚན་ནི། ཏང་གིས་མི་རིགས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་རྒྱུ་དེ་ཆེས་རྩ་བར་གྱུར་པའི་འགན་སྲུང་དང་ཆེས་གལ་ཆེ་བའི་ཉམས་མྱོང་ཡིན་པས། དུས་རབས་གསར་པའི་མི་རིགས་བྱ་བའི་ཁྲོད་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྩ་དོན་འདི་རྒྱུན་འཁྱོངས་བྱ་དགོས། ཏང་གི་འགོ་ཁྲིད་དེ་མི་རིགས་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་རྣམ་པ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ཨུ་ཡིས་མི་རིགས་བྱ་བར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ། ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚོགས་ཆུང་གིས་མི་རིགས་བྱ་བར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ།ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མི་རིགས་བྱ་བའི་སྡེ་ཁག་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་བཅས་སྔར་ལས་འཐུས་ཚང་དུ་གཏོང་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཅིག་བསྡུས་གཅིག་གྱུར་སྲུང་སྐྱོབ་བྱེད་པའི་འགོ་ཁྲིད་རྣམ་འགྱུར་ཧ་ཅང་བརྟན་པོ་ཡིན་པ་དང་། ཡིན་མིན་ཆེན་པོའི་ལངས་ཕྱོགས་ཀྱི་རིག་པ་ཧ་ཅང་དྭངས་གསལ་ཡིན་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་བྱ་སྤྱོད་ཧ་ཅང་བརྟན་པོ་ཡིན་པ། མི་རིགས་སོ་སོའི་མང་ཚོགས་ལ་དགའ་ཞེན་བྱེད་པའི་ལྷད་མེད་ཀྱི“དམིགས་བསལ་བཞིའི”བླང་བྱ་ལྟར། མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་པ་སོ་སོའི་འགོ་ཁྲིད་དབང་ཆ་དེ་བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་ལག་ཏུ་དམ་པོ་འཛིན་པར་ཁག་ཐེག་ནན་མོ་བྱ་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་ལེགས་པོ་བྱེད་པར་མཐོང་ཆེན་བྱས་ཏེ། ཡུན་རིང་གི་འཆར་འགོད་ལེགས་པོ་བཟོ་བ། གསོ་སྦྱོང་དང་བརྗེ་རེས་སྦྱོང་བརྡར་གྱི་བྱ་བ་སྒྲུབ་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་ཉམས་སད་ཐེག་ཅིང་འགན་འཁུར་ཕོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་ལ་ཡིད་ཆེས་གང་ལེགས་དང་ལས་འགན་གལ་ཆེན་འཁུར་དུ་འཇུག་དགོས། མི་རིགས་ས་ཁུལ་གྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གཞི་རིམ་ཏང་རྩ་འཛུགས་བྱ་བ་དེ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་བ། སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བཙན་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་རྒྱུར་ཤུགས་སྣོན་བྱེད་དགོས། གཞི་རིམ་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ལས་དོན་གྱི་སྒྲིག་གཞི་འཛུགས་པ་དང་། མི་སྣ་བཀོད་སྒྲིག བྱ་བར་འགན་སྲུང་བཅས་ལ་ཤུགས་སྣོན་བྱས་ཏེ། འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་གསལ་བོ་བཟོས་ནས། ཏང་གི་མི་རིགས་སྲིད་ཇུས་གཞི་རིམ་དུ་ཤེས་མཁན་ཡོད་པ་དང་། མི་རིགས་བྱ་བ་གཞི་རིམ་དུ་དམ་འཛིན་བྱེད་མཁན་ཡོད་པ་ཁག་ཐེག་ནན་མོ་བྱ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།