ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས།
2021.11.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 45

--ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

ལོ་བརྒྱའི་རྒྱང་སྐྱོད་བརྗིད་ཉམས་གཟི་དཔལ་ལྡན། ལོ་བརྒྱའི་འབད་འཐབ་གྲུབ་འབྲས་འོད་སྟོང་འབར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་བརྒྱའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་ཆེན་དང་། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བཙུགས་པའི་ལོ་རྒྱུས་ཀྱི་བྱས་རྗེས་རླབས་ཆེན་སྤྱི་བསྡོམས་བྱས་ཏེ།《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། འདི་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལོ་རྒྱུས་ཀྱི་བྱས་རྗེས་གལ་ཆེན་ཡིན་ལ། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན།

《གྲོས་ཆོད》ནི་འོད་སྟོང་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ལ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་པའི་ལས་འགན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡིན་ལ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་བ་གསར་གཏོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་ཀྱི་བྱ་སྤྱོད་ཕྱོགས་སྟོན་ཡིན་པ་མ་ཟད། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་པོ་དང་གཅིག་རྒྱུན་གཅིག་འཛིན་ཡིན་ལ་བབ་བསྟུན་མདུན་སྐྱོད་ཀྱང་ཡིན་པས། ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་སྟེང་གཟི་བརྗིད་སྔར་ལས་ཆེ་བ་བརྩོན་ལེན་བྱེད་པར་སྐུལ་མ་གཏོང་དགོས། མིག་སྔར། ང་ཚོའི་མདུན་དུ་ལྷགས་པའི་ཆབ་སྲིད་ཀྱི་ལས་འགན་ཆེས་ཆེ་བ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་མཐུན། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་ལས་ལྷག་པས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་རེད།

1921ལོར་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་པ་དང་།གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་དང་། རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་བཅས་ཡོང་བ་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱས་ཏེ། ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བསྐྱོད་མྱོང་། 

ལོ་ངོ་བརྒྱ་ཡི་རིང་ལ། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ།ཁྲག་བཏོན་དམར་འཛིང་བྱས་པ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་ཆེན་གསར་སྐྲུན་བྱས་ཤིང་།རང་སྟོབས་རང་སྤེལ་དང་ཤུགས་སྐྱེད་སྟོབས་སྤེལ་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་གསར་གཏོད་བྱས་པ་དང་།བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་གསར་གཏོད་བྱས།རང་ཚུགས་རང་དར་དང་དྲང་གཞག་གསར་གཏོད་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་གཏོད་བྱས་ཡོད། ཏང་དང་མི་དམངས་ཀྱིས་ལོ་བརྒྱའི་རིང་འབད་འཐབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་སྟེང་ཆེས་རྒྱ་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་ཡོད་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་ཡིན་པ་དང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་ལ་ཐུག་ཡོད། 《གྲོས་ཆོད》ཀྱིས་ཤུགས་རྒྱག་ས་དེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་ཐོག་བཞག་ཡོད་པས། ཏང་ཡོངས་ཀྱི་བློ་གྲོས་འཕེལ་བ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། ཡིད་ཆེས་ཇེ་ཆེར་གཏོང་བ། སྤོབས་སེམས་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་དགོས་པར་སྐུལ་འདེད་བྱེད་པ་དང་ཤུགས་རྐྱེན་ཆེན་པོ་ཐེབས་སུ་འཇུག་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཅིག་གྱུར་གྱིས་འཆར་འགོད་དང་ཁོང་དུ་ཆུད་པར་བྱས་ཏེ། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་ལྷག་པའི་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་ཐུབ་པ་དང་སྟོབས་འབྱོར་ལྡན་པ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བསུས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་རེད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་ལ། དེ་ལས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། 《གྲོས་ཆོད》ཀྱིས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ།། ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་བ་དང་ཆབ་སྲིད་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཕྱི་འབྲེལ་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་བཅུ་གསུམ་གྱི་ཐད་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཕྱེ་ནས་དུས་རབས་གསར་པའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ཐོབ་པའི་གྲུབ་འབྲས་ཆེན་པོ་སྤྱི་བསྡོམས་བྱས་པ་དང་། ལོ་དགུའི་རིང་གི་ཐོག་མའི་གསར་གཏོད་རང་བཞིན་གྱི་བསམ་བློ་དང་འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་གཙོ་གནད་དུ་བཟུང་ནས་སྤྱི་བསྡོམས་བྱས་ཡོད། 《གྲོས་ཆོད》ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་འབུར་དུ་བཏོད་ནས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། བསགས་པའི་ཉམས་མྱོང་གསར་པ་བཅས་གཙོ་གནད་དུ་བཟུང་ནས་སྤྱི་བསྡོམས་བྱས་པ་དང་། ཏང་ཡོངས་ཀྱིས་ཡིད་ཆེས་སྔར་ལས་བརྟན་པོ་དང་སྙིང་སྟོབས་སྔར་ལས་འཕེལ་བར་བྱས་ནས། ང་ཚོས་སྒྲུབ་བཞིན་པའི་ལས་དོན་ལ་དམིགས་ཏེ་སྔར་ལས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་ལྕག་ཆེན་པོ་གཏོང་དགོས།

འདས་ཟིན་པའི་ལོ་ངོ་བརྒྱ་ཡི་རིང་། ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་སྤྲད་པ་དང་། ད་ལྟ། ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སླར་ཡང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་ལེན་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད། དུས་རབས་ནི་རྒྱུགས་གཞི་རྩོམ་མཁན་དང་ང་ཚོ་ནི་རྒྱུགས་ལན་སྤྲོད་མཁན་ཡིན་ལ། མི་དམངས་ནི་རྒྱུགས་ཤོག་ལ་ལྟ་མཁན་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནུས་ཤུགས་ཡོད་དགུས་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་པ། ཁ་སང་གི་སྡུག་བསྔལ་དང་འོད་སྟོང་མི་བརྗེད་པ། དེ་རིང་གི་ལས་འགན་དང་འགན་འཁྲི་འཁུར་ཕོད་པ། མ་འོངས་པའི་རླབས་ཆེན་ཕུགས་འདུན་སྟོང་ཟད་དུ་མི་གཏོང་བ་བཅས་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བཅས་བྱས་ཚེ། ང་ཚོས་མུ་མཐུད་དུ་གྲུབ་འབྲས་ཡག་པོ་བླངས་ནས་རྒྱང་སྐྱོད་གསར་པའི་སྟེང་དུས་རབས་གསར་པའི་འོད་སྟོང་འཕྲོ་བའི་ལམ་བུ་བསྐྲུན་ཐུབ་པ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་བསྐྲུན་ཐུབ་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།