ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ནམ་ཡང་སྲ་བརྟན་དང་ལག་ལེན་ཏུ་བསྟར་དགོས།
2021.11.19 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་པ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

ཀྲུང་གོའི་ལས་དོན་ཡག་པོར་སྒྲུབ་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད་པ་དང་། འགག་རྩ་དེ་ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་ཐུག་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཏང་གིས་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་ངོས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བའི་ལོ་བརྒྱའི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་བླངས་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད་པ་དང་། “རང་ངོས་ཀྱི་གསར་བརྗེ་རྒྱུན་འཁྱོངས་བྱེད་རྒྱུ་”དེ་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་དོན་ཚན་བཅུའི་གྲས་ཀྱི་གཅིག་ཏུ་བསྡུས་ཡོད།  ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱས་ན་གནས་ཐུབ་ཅིང་བདེ་སྡོད་རོལ་རྩེད་བྱས་ན་འཇིག་པར་འགྱུར་བ། རྒྱུན་དུ་རྒྱང་རིང་ལ་བསམ་བློ་གཏོང་བ་དང་བདེ་སྡོད་ཉེན་བསམ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཀའ་སྡུག་ཐེག་ཐུབ་པ་དང་མགོ་མི་སྒུར་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་གྲུ་གཟིངས་ཀྱིས་རླབས་གཤགས་ངང་ཞུམ་མེད་མདུན་སྐྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

སྔོན་ཐོན་གྱི་མར་ཁེ་སི་རིང་ལུགས་སྲིད་ཏང་ནི་ལྷུན་གྱིས་གྲུབ་པ་ཞིག་མ་ཡིན་པར་རྒྱུན་ཆད་མེད་པར་རང་སྟེང་ནས་གསར་བརྗེ་བྱས་ཏེ་རང་ཉིད་སྦྱོང་བརྡར་བྱས་ནས་གྲུབ་པ་ཞིག་རེད། རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་ཀུན་སྤྱོད་མངོན་གསལ་ཞིག་ཡིན་ལ་རང་རེའི་ཏང་གི་ལེགས་ཆ་ཆེ་ཤོས་ཤིག་ཀྱང་ཡིན་པར་མ་ཟད། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ནི་ཏང་ལ་ནམ་ཡང་ལང་ཚོའི་གསོན་ཤུགས་ལྡན་པར་བྱེད་པའི་འདེགས་སྐྱོར་ཆེན་པོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་ས་ནི་ནོར་འཁྲུལ་མི་འབྱུང་བ་བྱེད་རྒྱུར་ཐུག་མེད་པར། ཧུར་ཐག་གིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། གནད་དོན་ལ་ཁ་གཏད་འཇལ་ཕོད་པ་དང་རང་ངོས་ནས་གསར་བརྗེ་བྱེད་ཕོད་པ་བཅས་ལ་ཐུག་ཡོད། ལོ་བརྒྱའི་དཀའ་སྡུག་གི་རླུང་འཚུབ་ཁྲོད་དུ་རང་རེའི་ཏང་གིས་བར་ཆད་མང་པོ་བརྒྱུད་ཀྱང་དཀའ་སྡུག་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁ་ཡང་ཡང་ཐོབ་པ་དེའི་འགག་རྩ་ནི། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་རང་ངོས་ཀྱི་གསར་བརྗེ་མཐར་ཕྱིན་པ་བྱས་པར་ཐུག་ཡོད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འདི་ལྟར་རྒྱུན་འཁྱོངས་བྱས་སྟབས་ཉེན་ཁ་ལས་རྣམ་པར་རྒྱལ་བ་དང་ནོར་འཁྲུལ་བྱུང་རྗེས་མྱུར་དུ་ཡོ་བསྲང་བྱས་ནས་ནམ་ཡང་མི་ཕམ་པ་དང་གཉའ་མི་སྒུར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་གྱུར་ཡོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་བྱས་པའི་ལག་ལེན་དངོས་ཀྱི་ཐོག་ནས་རང་རེའི་ཏང་ནི་འགྱུར་མེད་སྟོབས་དང་ལྡན་པས་མི་དམངས་ཀྱི་བྱ་གཞག་ལ་ནམ་ཡང་རྒྱལ་ཁ་ཐོབ་ཐུབ་པ་ར་འཕྲོད་བྱུང་ཡོད། ཏང་འཛུགས་སྐྲུན་བྱེད་རྒྱུ་དེ་རླབས་ཆེན་གྱི་བཟོ་སྐྲུན་ཞིག་ལ་བརྩིས་ནས་སྐུལ་འདེད་གཏོང་རྒྱུ་ནི་རང་རེའི་ཏང་གི་གསར་གཏོད་ཆེན་པོ་ཞིག་ཡིན་ལ་རང་རེའི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱེད་པའི་ནོར་མཆོག་གལ་ཆེན་ཞིག་ཀྱང་ཡིན།

རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་སྐྱོང་བར་ངེས་པར་དུ་གཟབ་ནན་བྱེད་དགོས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཏང་སྐྱོང་བར་དོ་དམ་ནན་མོ་བྱས་ནས“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་ཇུས་འགོད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཐད་རྩེ་རིམ་ཇུས་འགོད་བྱས་པ་དང་། “ཏང་སྲིད་དམག་དམངས་སློབ་གྲྭ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཏང་ནི་ཐམས་ཅད་ལ་མགོ་ཁྲིད་བྱེད་མཁན་ཡིན་”ཞེས་པ་དེ་ཏང་གི་སྒྲིག་ཡིག་ནང་བཀོད་པ་དང་།“ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཡིན་”ཞེས་པ་དེ་རྩ་ཁྲིམས་ནང་དུ་བྲིས་ཏེ།ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་སྔར་ལས་ལྷག་པར་ལམ་ལུགས་རང་བཞིན་གྱི་ཚད་གཞི་བཟོས་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཏང་གི་མགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་དོན་འཁྱོལ་བྱས་པ་དང་། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྲུན་དམ་འཛིན་དང་ཏང་དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཆབ་སྲིད་འགན་འཁྲི་ཤུགས་ཆེར་གཏོང་བ།བསམ་བློ་ནན་མོ་དང་ལྟ་སྐུལ་ནན་མོ།སྒྲིག་ཁྲིམས་ནན་མོ།སྤྱོད་ཚུལ་ནན་མོ།རུལ་སུངས་ལ་ངོ་རྒོལ་ནན་མོ་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གིས་ཁ་ཕྱོགས་དང་ཁྱོན་ཡོངས།སྲིད་ཇུས། བཅོས་སྒྱུར་བཅས་ལ་སྐུལ་མ་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

ཚང་འཛོམས་གྲོས་ཚོགས་ནས་བསྟན་པ་ལྟར།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཏང་གི་རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་།རང་ངོས་གསར་བཅོས།རང་ངོས་མཐོར་འདེགསབཅས་ཀྱི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་པ་དང་།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལྷོད་འཇམ་མཉེན་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་།རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་དང་འབྲེལ་ཁྱོན་ཡོངས་ནས་སྲ་བརྟན་དུ་ཕྱིན་པ་དང་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་དུ་ཏང་ནི་དེ་བས་འགྱུར་མེད་སྟོབས་དང་ལྡན་པར་གྱུར་ཡོད། རང་རེའི་ཏང་གིས་རུས་འབྲད་དུག་སེལ་ཁྲོད་རང་ངོས་ཀྱི་ཆབ་སྲིད་དང་བསམ་བློ།རྩ་འཛུགས།ཀུན་སྤྱོད།སྒྲིག་ཁྲིམས་སོགས་ཀྱི་ཐད་གནས་པའི་གནད་དོན་གལ་ཆེན་རབ་དང་རིམ་པ་ཐག་གཅོད་བྱས་ཡོད། བཟང་བསྟོད་ངན་སྨད་ཀྱི་ཁྲོད་དུ་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་གི་ཆབ་སྲིད་ཀྱི་རང་མདངས་མངོན་ཡོད་པ་དང་།རྙིང་དོར་གསར་འཛུགས་བྱེད་པའི་ཁྲོད་དུ་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་བསྐྱར་དུ་བསྐྲུན་ཡོད་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱས་ཡོད་པ་རེད།

ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ནམ་ཡང་ལམ་དུ་གནས་ཡོད། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པར་སྐྱོད་སྐབས་རང་རེའི་ཏང་དེ་ཡུན་རིང་སྲིད་འཛིན་གྱི་ཚོད་བགམ་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་སད།ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད་དང་ཕྱི་ཕྱོགས་ཁོར་ཡུག་གི་ཚོད་བགམ་བཅས་དང་འཕྲད་པ་ནི་དུས་ཡུན་རིང་ལ་རྙོག་འཛིང་ཆེ་བ་ཞིག་ཡིན་པ་དང་།མདུན་དུ་ལྷགས་པའི་བསམ་བློ་སྒྱིད་ལུག་གི་ཉེན་ཁ་དང་འཇོན་ནུས་མི་འདང་བའི་ཉེན་ཁ།མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ།སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་ནི་རྣོ་ངར་ལྡན་ལ་ཛ་དྲག་ཆེ་བ་ཞིག་ཡིན་པ་ངེས་པར་དུ་ངོས་འཛིན་གང་ལེགས་བྱེད་དགོས། ལོ་ངོ་བརྒྱའི་རིང་གི་ཏང་ཆེན་པོ་ཞིག་ཡིན་པའི་རང་རེའི་ཏང་ལ་ཇི་ལྟར་བྱས་ནས་སྔོན་ཐོན་གྱི་རང་བཞིན་དང་དྭངས་གཙང་གི་རང་བཞིན་ནམ་ཡང་མི་ཉམས་པར་བྱེད་པ་དང་།ཇི་ལྟར་བྱས་ནས་ནམ་ཡང་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པར་བྱེད་པ།ཇི་ལྟར་བྱས་ནས་ཡུན་རིང་སྲིད་འཛིན་མངོན་འགྱུར་ཡོང་བ་བྱེད་པ་བཅས་ནི་ང་ཚོས་ངེས་པར་དུ་ལན་འདེབས་དགོས་པ་དང་ཐག་གཅོད་ཡག་པོ་བྱེད་དགོས་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་དེ་ཡག་པོ་ཞིག་ཡོང་བར་རང་རེའི་ཏང་གིས་ངེས་པར་དུ་རང་ངོས་གསར་བརྗེ་བྱེད་ཕོད་པ་བྱས་ནས་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། དགོས་མཁོ་ཆེ་སར་ཁ་གཏོད་ཐུབ་པ་དང་སྤོབས་པ་ཆེན་པོས་ཐག་གཅོད་བྱེད་ཐུབ་པ་བཅས་བྱས་ཚེ། ད་གཟོད་རང་སྟེང་ནས་སྲ་བརྟན་དུ་འགྱུར་ཐུབ་པས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་རྐང་འཛིན་པར་འགྱུར་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འགྱུར་ཐུབ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་ཏེ། ནམ་ཡང་བློ་རྩ་བརྟན་པོས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཏང་ཡོངས་ཀྱིས་“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་“རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ལེགས་པོར་སྒྲུབ་ནས།  ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་རྟོགས་ནུས།ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས་རང་རྟོགས་ངང་བསམ་བློ་དང་ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་།རང་རྟོགས་ངང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པ།ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《ཏང་གི་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་ནན་བཤད་བྱས་པ་ལྟར། ང་ཚོས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་མཐའ་དག་རྒྱུན་ཆད་མེད་པར་གཙང་སེལ་དང་ཏང་གི་བདེ་ཐང་ལ་བསླད་སྐྱོན་གཏོང་བའི་ནད་དུག་མཐའ་དག་རྒྱུན་ཆད་མེད་པར་གཙང་སེལ་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་མདོག་མི་འགྱུར་བ།བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཏང་ནི་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་སྲུང་བྱེད་དགོས།

“མི་ལས་རྒྱལ་ན་སྟོབས་ཤུགས་ཆེ།རང་ལས་རྒྱལ་ན་རྒྱལ་བ་ཡིན།” ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ནི་རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་སྣེ་ཁྲིད་བྱེད་པའི་རྩ་བའི་འགན་ལེན་ཞིག་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་ཆེན་ལ་ཁྲིད་སྟོན་བྱས་ནས་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལས་དོན་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ།མང་ཚོགས་ཀྱི་རྩ་འཛུགས་ནུས་པ།སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་ཡོངས་ཀྱི་དྲང་ནུས་ཆེན་པོར་བརྟེན་ནས་སྤྱི་ཚོགས་ཧྲིལ་པོར་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ན་རང་རེའི་ཏང་ལ་ནམ་ཡང་གསོན་ཤུགས་ཆེན་པོ་དང་འཐབ་ནུས་ཆེན་པོ་ལྡན་པས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས་རླབས་ཆེན་གྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ཐོབ་ཐུབ་པ་རེད།

                                  ཡིག་སྒྱུར་བ། གཡང་འབུམ་རྒྱལ།