དུས་རབས་གསར་བའི་རྒྱང་སྐྱོད་གསར་བའི་ལམ་བུའི་སྟེང་སྔར་ལས་རླབས་ཆེན་གྱི་རྒྱལ་ཁ་དང་གཟི་བརྗིད་འཐོབ་པར་བྱེད་དགོས།
2021.11.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།

ཉིན་ཤས་རིང་བསྟུད་མར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་ཡིས་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་དང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་བྱས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།  སྔར་ལས་ལྷག་པའི་སྒོ་ནས་“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ“སྲུང་སྐྱོང་གཉིས་”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་ནན་ཏན་གྱིས་གཅིག་གྱུར་ཡོང་བར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་མྱུར་དུ་བསླངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱེ་བྲག་གི་བྱེད་ཐབས་དང་དོན་དངོས་ཀྱི་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ལམ་དུ་སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་འཐོབ་པར་བྱེད་དགོས།

ཟི་ལིང་གྲོང་ཁྱེར་ཏང་ཨུ་ཡིས་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ་དང་།  ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་བར་བྱས་ནས། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ།རྩ་བའི་རིག་པ་རྟོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་བྱེད་པ་དང་།རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་སེམས་ལ་ཟུག་པ་དང་དོན་དངོས་དང་མཐུན་པར་སྐུལ་འདེད་གཏོང་དགོས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་དམིགས་ཚད་གཏན་འཁེལ། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བརྟན་པོར་བཟུང་ནས།ང་ཚོས་སྒྲུབ་བཞིན་པའི་ལས་དོན་ལ་དམིགས་པ།དྲིན་ཚོར་ཡར་བརྩོན་དང་འབད་འཐབ་ཚད་བརྒལ་བཅས་ཀྱི་རྣམ་པའི་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་། དུས་རབས་གསར་པ་བྱས་རྗེས་འཇོག་པ་བཅས་བྱས་ཏེ། དེང་རབས་ཀྱི་མཛེས་སྡུག་ལྡན་པའི་ཟི་ལིང་ཆེན་མོ་འཛུགས་སྐྲུན་བྱེད་པའི་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཚོགས་པར་བསུ་བ་བྱེད་དགོས།

མཚོ་ཤར་གྲོང་ཁྱེར་ཏང་ཨུ་ཡིས་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ་དང་གྲོས་ཚོགས་སྟེང་འཕེལ་རྒྱས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ།“དཔལ་འབྱོར་གྱི་རྣམ་པ་རིགས་བཞི”སྐྱེད་སྲིང་བྱེད་པ།“ས་ཁུལ་བཞིའི་འཛུགས་སྐྲུན”ནང་ཧུར་ཐག་གིས་ཞུགས་པ།བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ། དམངས་འཚོའི་བདེ་སྐྱིད་ནན་ཏན་སྒོས་ཆེ་རུ་གཏོང་བ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ།དམངས་འཚོའི་བྱ་བ་དངོས་མུ་མཐུད་དུ་ཡག་པོར་བསྒྲུབ་པ།དབུལ་མཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་ནས་ཐོབ་པར་དཀའ་བའི་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས“མཚོ་ཤར་གྱི་གསར་པ་ལྔ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས།  གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། ཇི་མ་ཇི་བཞིན་བསླབ་པ་དང་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་དངོས་ལ་བསྒྱུར་ཏེ། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་གཏོང་བའི་དཔལ་འབྱོར་མ་ལག་ཧུར་ཐག་གིས་འཛུགས་པ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས།མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་སློབ་གསོ།སྤྱི་ཚོགས་འགན་བཅོལ།སྨན་བཅོས།སྡོད་ཁང་།རྒན་གསོ་སོགས་ཀྱི་གནད་དོན་དངོས་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ།དམངས་ཚིས་བདེ་སྐྱིད་མུ་མཐུད་ཆེ་རུ་གཏོང་བ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མཚོ་ནུབ་ཏུ་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་མཚོ་ནུབ་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་བ་བྱེད་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་ཏང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་“ལོ་བརྒྱའི་ལམ་བུ་སེམས་ལ་བརྟན་པོར་ངེས་པ་དང་བྱས་རྗེས་གསར་པ་འཇོག་པ། ཚོགས་ཆེན་ཉི་ཤུ་པར་བསུ་བ་བྱེད་པ”བཅས་ཀྱི་མཐོ་ཚད་ནས་བཀོད་སྒྲིག་ཞིབ་ཕྲ་བྱས། གྲོས་ཚོགས་ནས་བསྟན་དོན། སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ནས་མཚོན་པར་བྱེད་པ་དང་། “ཆེས་ཆེ་བ་གསུམ་”གྱི་ཞིང་ཆེན་གྱི་གནས་ཚུལ་དང་“བདེ་འཇགས་གསུམ་”གྱི་འཐབ་ཇུས་ཀྱི་གནས་ཁེལ་སྔར་ལས་གཏིང་ཟབ་པར་ཁོང་དུ་ཆུད་པར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་ལ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་བྱེད་པ་དང་།“ཐོན་ལས་ཆེན་པོ་བཞི”སྣེ་ཁྲིད་དུ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྱབ་ཆེའི་སྤྱི་མཐུན་གཞོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་འཇོག་པ་དང་འགན་འཁྲི་འཁུར་ཐུབ་པ་བཅས་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པར་བསྟན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།  གྲོས་ཚོགས་སྟེང་སྤྱི་ཚོགས་ལས་རིགས་སོ་སོ་དང་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ་སློབ་སྦྱོང་དྲིལ་བསྒྲགས་དང་སློབ་གསོ་གསོ་སྦྱོང་བྱ་བ་སྤེལ་བ་དང་། ཁུལ་གྱི་ཚན་ཁག་ཆེན་པོ་བཞི་ཡི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འབྲེལ་གཏུག་ས་ཚིགས་ལས་ཁུངས་སུ་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔའི་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ལོ་སྟོད་དུ་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དང་ཞིབ་བསྡུར་གྱིས་ལོ་ཧྲིལ་པོའི་བྱ་བར་ཕྱིར་མིག་ཐེངས་གཅིག་བལྟས་ཏེ། ཆད་ལུས་ཞིབ་བཤེར་དང་ཁ་གསབ་བྱས་ནས་ལེགས་ཆ་སྲ་བརྟན་དུ་གཏོང་བ་དང་ཞན་ཆ་ཁ་གསབ་བྱེད་པ། ལོ་འཁོར་གྱི་དམིགས་འབེན་ལས་འགན་དུས་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་དམ་པོར་བཟུང་ནས། མུ་མཐུད་དུ་ནན་ཏན་གྱིས་འགན་འཁྲི་འཁུར་བ་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱི་ཕྱོགས་ནས་ནང་དུ་མཆེད་པར་སྔོན་འགོག་དང་ནང་ཁུལ་ནས་བསྐྱར་ལོག་འབྱུང་བ་སྔོན་འགོག་བྱེད་པའི་བྱ་བའི་དྲ་བ་མཐའ་གཅིག་ཏུ་འཛུགས་དགོས། སྔ་མོ་ནས་སང་ལོའི་བྱ་བར་ཇུས་འགོད་བྱས་ཏེ་སྲིད་ཇུས་དང་རྣམ་གྲངས། བྱེད་ཐབས་སོགས་གྲ་སྒྲིག་བྱེད་པར་ཤུགས་སྣོན་བརྒྱབ་ནས། སང་ལོའི་བྱ་བ་མགོ་ཡག་པོ་འཛུགས་ཐུབ་པར་ཁག་ཐེག་བྱེད་དགོས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས་སྔ་རྗེས་སུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཚོགས་ཆུང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་བསྟན་དོན།ཚང་འཛོམས་གྲོས་ཚོགས་ནི་རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་གལ་ཆེའི་དུས་སྐབས་དང“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་གནད་འགག་གི་དུས་སུ་ཚོགས་པའི་དུས་རབས་ཀྱི་དབྱེ་མཚམས་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། ཏང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་ལེན་དགོས། ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་“སྣེ་ཁྲིད”ཀྱི་དཔེ་སྟོན་ཡག་པོ་བྱས་ནས་ཆེད་མངགས་དུས་ཚོད་བཀོད་སྒྲིག་བྱས་ཏེ།གཅིག་སྡུད་ཐོག་སློབ་སྦྱོང་དང་གྲོས་བསྡུར་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་བྱེད་པ།བསམ་གཞིག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་སྣེ་ཁྲིད་ནས་སྔོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས། “དམ་འཛིན”གྱི་འགན་འཁྲི་ལག་བསྟར་བྱས་ནས་ཁག་བགོས་དོ་དམ་སྡེ་ཚན་དང་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་ལག་བསྟར་ལ་དམ་འཛིན་ནན་ཏན་གྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཡུས་ཧྲུའུ་རུ་དོན་འཁྱོལ་ཡོང་བ་བྱེད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས་རྒྱུན་ཨུའི་རྒྱ་སྐྱེད་གྲོས་ཚོགས་བསྡུས།  གྲོས་ཚོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་“མཐོ་གསར་གྱི་ས་ཆ་བརྒྱད་”དང་“ས་ཆ་བཞི་”འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། མགོ་ལོག་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞི་”ཡི་སྤྱིའི་བསམ་གཞིགས་ལག་བསྟར་དོན་འཁྱོལ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ལྗང་མདོག་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དམངས་ཚིས་ལེགས་བཅོས་ལས་གཞིར་སྐུལ་འདེད་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་སྤྱི་འདོམས་དང་དམ་འཛིན་ཡག་པོ་བྱས་ཏེ། རྨ་སྟོད་ཀྱི“ལྔ་བའི་ཚེས་གཉིས”ཉིན་ཀྱི་ས་ཡོམ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་སྡོད་ཁང་མཇུག་བསྡོམས་རྩིས་རྒྱག་དང་གཙོ་གནད་ལས་གཞིའི་དུས་མགོའི་བྱ་བ་ནན་ཏན་ངང་ལེགས་པོར་བསྒྲུབས་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཕྱོགས་སྟོན་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་སྟེ། ཁུལ་ཡོངས་ཀྱི་བྱ་བ་སོ་སོར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས།  རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་།“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་ཚུལ་གཙོ་གནད་དུ་འཛིན་རྒྱུར་ཟུང་འབྲེལ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཟུང་འབྲེལ་བྱས་ནས། ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། མིག་སྔའི་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་བསམ་གཞིགས་གཏིང་ཟབ་བགྱིས་ཏེ་ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་དོན་འཁྱོལ་བྱེད་པར་སྟོབས་ཤུགས་གང་ཡོད་བཏོན་ནས་མཁྲེགས་གཏོར་བྱེད་པ་དང་།  སང་ལོའི་བྱ་བར་དམིགས་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དེ་བྱ་བའི་བསམ་བློའི་འདུ་ཤེས་དང་བྱ་བའི་བསམ་ཕྱོགས།བྱེ་བྲག་གི་བྱ་སྤྱོད་བཅས་སུ་བསྒྱུར་ནས། རི་ཆུ་རྨ་ལྷོའི་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྤུས་ཚད་མཐོན་པོས་“ཁུལ་གསུམ་འཛུགས་སྐྲུན”ལ་སྐུལ་འདེད་བཏང་སྟེ།ཐུན་མོང་ཕྱུག་འགྱུར་གྱི་རྨ་ལྷོའི་དཔེ་མཚོན་བསྐྲུན་ཆེད་འབད་འཐབ་བྱས་ནས་རྒྱུགས་སྤྲོད་ཀྱི་ལམ་བུའི་སྟེང་རྒྱུགས་འབྲས་བཟང་བོ་ཞིག་སྤྲོད་དགོས་པའི་བླང་བྱ་བཏོན།

                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།