རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།
2021.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ནུས་ཤུགས་ཡོད་དགུས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། འདས་ཟིན་པའི་དཀའ་སྡུག་དང་འོད་སྟོང་མི་བརྗེད་པ་དང་། ད་ལྟའི་ལས་འགན་དང་འགན་འཁྲི་འཁུར་ཕོད་པ། འབྱུང་འགྱུར་གྱི་ཕུགས་འདུན་རླབས་ཆེན་སྟོང་ཟད་དུ་མི་གཏོང་བ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པ། དཀའ་སྤྱད་སྡུག་རུས་ཀྱིས་ལས་དོན་སྒྲུབ་པ་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་པའི་འབོད་སྐུལ་བཏང་ཡོད། ང་ཚོས་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་མ་ཟད། དེའི་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་སྲུང་སྐྱོབ་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱ་དགོས།

“བདེན་དོན་རྒྱུན་འཁྱོངས་དང་ཕུགས་བསམ་བརྟན་སྲུང་བྱེད་པའི”ཁྲོད་དད་མོས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་རིང་། ང་ཚོས་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་བཏང་ནས། ཐོག་མཐའ་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ཁྲིད་སྟོན་དུ་བྱེད་པ་དང་། ཕུགས་བསམ་བརྟན་སྲུང་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་ལམ་བུའི་སྟེང་སྟོབས་ཤུགས་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་པའི་གོམ་སྟབས་གཏན་ནས་མཚམས་འཇོག་མི་རུང་། ང་ཚོས་ཏང་གི་ཐུན་མོང་མ་ཡིན་པའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུའི་སྟེང་དུ་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་མོས་སྟོབས་ཤུགས་ཚོར་ཤེས་བྱ་དགོས་ལ། ཀྲུང་གོ་ཅན་དུ་འགྱུར་བའི་མར་ཁེ་སི་རིང་ལུགས་གཅིག་རྒྱུན་གཅིག་འཛིན་དང་བབ་བསྟུན་མདུན་སྐྱོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྤུས་ཚད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། དད་སེམས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། བསམ་བློའི་རྨང་གཞི་ཁ་གསབ་བྱེད་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ལུགས་སྲོལ་གཟབ་ནན་དུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་ཡོད་ཚད་མཐའ་གཅིག་ཏུ་གཙང་སེལ་བྱེད་པ། ཏང་གི་གཟུགས་གཞི་བདེ་ཐང་ལ་གནོད་སྐྱོན་གཏོང་བའི་ནད་དུག་མཐའ་དག་གཙང་སེལ་བཅས་བྱས་ནས། ཏང་གི་ངོ་བོ་མི་འགྱུར་བ་དང་མདོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཁག་ཐེག་བྱེད་དགོས་ལ། ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས།

“ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་འཁུར་ཕོད་པའི”ཁྲོད་ནས་ལེགས་སྐྱེས་འབུལ་ནུས་བསྡུ་ལེན་བྱེད་དགོས། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་རིང་། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ“ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱེད་པ”དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་བ་དང་། གནས་བབ་དང་ལས་འགན་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་འབད་འཐབ་ཀྱི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ཡང་དག་པའི་ཁ་ཕྱོགས་དེད་ནས་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རང་རྟོགས་དང་རང་འགུལ་གྱི་སྒོ་ནས་དུས་རབས་ཀྱིས་ང་ཚོར་སྤྲད་པའི་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་པ་དང་ལས་ལ་དགའ་ཞིང་བརྩོན་པ། ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པ། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། རྩ་འཛུགས་ལ་སེམས་ཁྲལ་བྱེད་དུ་མི་འཇུག་པ་དང་མང་ཚོགས་ལ་སེམས་ཁྲལ་བྱེད་དུ་འཇུག་མི་རུང་། འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་རྒྱུར་དགའ་བ། དངོས་སྒྲུབ་དངོས་གཉེར། ཡག་ཐོག་ཡག་བརྩེགས་བཅས་བྱས་ཏེ། རྩ་འཛུགས་དང་མི་དམངས་ཀྱིས་ང་ཚོར་སྤྲད་པའི་དཀའ་ཉེན་དང་ལས་འགན་ལྕི་མོ་ཡོད་ཚད་ཕྲག་ཏུ་ཁུར་ནས་དཀའ་བ་སྔོན་ལ་སྤྱད་དེ་མི་ཚེའི་བྱས་རྗེས་ཧུར་ཐག་འཇོག་དགོས།

“ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི”ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱ་དགོས། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་ཨང་དང་པོ་ཡིན། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བླ་ན་མེད་པའི་བརྩེ་སེམས་ཀྱི་མཚོན་ཚུལ་ཞིག་རེད། ཏང་གཤིས་དང་མི་དམངས་ཀྱི་རང་བཞིན་ནི་ཐོག་མ་ཉིད་ནས་གཅིག་མཐུན་དང་གཅིག་གྱུར་ཡིན། ཏང་ལ་བློ་དཀར་སེམས་དཀར་བྱེད་པར་ངེས་པར་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འགོ་ཁྲིད་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱེད་དགོས།  ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པར་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ། ནུས་ཤུགས་ཡོད་དགུས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱ་དགོས།

“རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པའི”ཁྲོད་ནས་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱ་དགོས། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་རིང་། ཀྲུང་གོའི་གུང་ཁྲན་ཏང་མི་གྲངས་མེད་ཀྱིས་རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པའི་སྙིང་སྟོབས་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་དུས་སྐབས་སོ་སོར་ཁྱབ་པར་བྱས་ནས་ཏང་གི་བསམ་པའི་གཞི་རྒྱུ་ཞིག་གྲུབ་པར་བྱས་ཡོད། ང་ཚོས་རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པའི་སྙིང་སྟོབས་ཀྱི་སྐུལ་སློང་འོག མུ་མཐུད་དུ་འགན་འཁྲི་འཁུར་བ་དང་སྟོབས་ཤུགས་གང་ཡོད་བཏོན་ནས། གསར་བརྗེའི་སྔོན་རབས་པ་དང་སྔོན་གཤེགས་དཔའ་བོ། དཔེ་མཚོན་དཔེ་བཟང་སོགས་གུང་ཁྲན་ཏང་མི་གྲངས་མེད་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་གཅིག་རྗེས་གཉིས་མཐུད་དང་། རང་སྲོག་བློས་གཏོང་བར་མི་སྐྲག་པ། ཞུམ་མེད་འཐབ་རྩོད་བཅས་བྱེད་པའི་སྟོབས་ཤུགས་ཆེན་པོ་བསྡུ་ལེན་གཏིང་ཟབ་བྱས་ཏེ། དངོས་སྒྲུབ་ཀྱིས་དཀའ་ངལ་སེལ་བ་དང་འབད་འཐད་ཀྱིས་སྟོབས་ཤུགས་བསྐྱེད་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ལང་ཚོ་གཏོང་ཟད་དུ་མི་གཏོང་བར་སེང་གེས་སྣེ་ཁྲིད་ཀྱི་ངར་སྟོབས་དང་། ཁུག་རྟས་ཚང་བསྐྲུན་པའི་སྙིང་རུས། གྲོག་མས་ཟས་འཚོལ་བའི་སེམས་ཤུགས། གླང་རྒན་རི་མགོར་འགོ་བའི་སྤོབས་སེམས་བཅས་ཀྱིས་ཕུ་ཐུང་ཡར་ལ་བརྫེས་ཏེ་ངར་ཤུགས་སྒྲིམས་དགོས་པ་དང་། དངོས་སྒྲུབ་ཀྱིས་གདོང་ལེན་བརྩོན་ལེན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་རྒྱུན་མི་ཆད་པར་བསྐྲུན་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།