གོང་མ་སྨད་མ་ཡུལ་ཚོའི“རྟ་ཐོག་ན་གཞོན”དང་བླངས་ཞབས་ཞུའི་རུ་ཁག
2021.12.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

གོང་མ་སྨད་མ་ཡུལ་ཚོའི“རྟ་ཐོག་ན་གཞོན”དང་བླངས་ཞབས་ཞུའི་རུ་ཁག

ཟླ11པའི་ཚེས27ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་མ་སྨད་མ་ཡུལ་ཚོ་རུ་ཚོན་མདངས་རྣམ་པར་བཀྲ་བའི་དར་དམར་རེ་རེ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་བསྐྱོད་བཞིན་ཡོད་པ་དང་། རྟ་མཆོག་རེ་རེར་ཤ་ཤེད་རྒྱས་ཤིང་། མི་རིགས་ཀྱི་གྱོན་ཆས་གྱོན་ཡོད་པའི་རྟ་པ་རྣམས་ལམ་ལ་ཆས་པར་གྲ་སྒྲིག་གང་ལེགས་བྱས་ཡོད།

ཉིན་དེར། གོང་མ་སྨད་མ་ཡུལ་ཚོའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང་“རྟ་ཐོག ན་གཞོན”དང་བླངས་ཞབས་ཞུའི་རུ་ཁག་གི་མི་རྣམས་གནས་དེར་འཛོམས་པ་དང་། རུ་ཁག་དེ་ནི་ཡུལ་ཚོ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲོད་རྒྱ་བོད་ཡིག་རིགས་གཉིས་ལ་བྱང་ཆ་ལྡན་པའི་ན་གཞོན་ཤེས་ཡོན་པས་གྲུབ་པ་དང་། ཚང་མ་ཐེངས་མང་པོར་གསོ་སྦྱོང་དང་སློབ་སྦྱོང་བྱས་རྗེས། ཡུལ་ཚོ་རང་གི་འབྲོག་པ་མང་ཚོགས་རྣམས་ལ་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་སྦྱོང་བྱེད་པའི་ཞབས་ཞུ་སྒྲུབ་པར་གྲ་སྒྲིག་བྱས།

ཉིན་གུང་ཐོན་ལ་ཉེ་དུས། སྣེ་ཁྲིད་མཁན་གྱི་རྟ་པ་དང་། གོང་མ་སྨད་མ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི། “རྟ་ཐོག་ན་གཞོན”དང་བླངས་ཞབས་ཞུའི་རུ་ཁག་གི་རུ་དཔོན་ངག་དབང་གིས་སྐད་གསེང་མཐོན་པོས“ཚང་མ་འགྲོ”ཞེས་སྐད་བརྒྱབ།

སྐད་སྒྲ་དེ་ཐོས་རྗེས། རྟ་པ་ཚོ་བྱ་འཕུར་བཞིན་རྒྱུགས་བྱུང་ལ། རུ་དཔུང་དེ་ལམ་ཐག་རིང་མོར་རྩྭ་ས་དང་ཆུ་བོ་བརྒལ་བ་དང་།   མིའི་འབོད་སྐད་དང་རྟའི་འཚེར་སྐད་གཉིས་དགུན་ལྗོངས་ཀྱི་རྩྭ་ཐང་ན་ལྷང་ལྷང་དུ་གྲགས་བཞིན་འདུག

བདེ་ཐང་ཁུལ་དུ་སླེབས་རྗེས། ཐག་ཉེ་སྡེ་བའི་ལས་བྱེད་མང་ཚོགས་རྣམས་ཚ་ཚ་འུར་འུར་གྱིས་གནས་དེར་འཛོམས་ཏེ། མི་རེ་རེས་ཡུལ་ཚོ་ཏང་ཨུའི་སྲིད་གཞུང་རང་གིས་བསྒྲིགས་པའི་རྒྱ་བོད་སྐད་གཉིས་ཀྱི་དྲིལ་སྒྲོག་ལག་དེབ་རེ་བླངས་ནས་ཚང་མ་རྩྭ་ཐང་དུ་སྒོར་སྒོར་བྱས་ཏེ་དགའ་སྤྲོའི་ངང་ལག་དེབ་ཕར་སློག་ཚུར་སློག་བྱེད་བཞིན་སྒྲོག་འགྲེལ་མགོ་བརྩམས་པར་སྒུག་འདུག

“ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་ཟླ11པའི་ཚེས8ཉིན་ནས་ཚེས11ཉིན་བར་པེ་ཅིན་དུ་ཚོགས་པ་དང་། གྲོས་ཚོགས་ནས《ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་འབྲེལ་ཡོད་གྲོས་ཆོད》ལ་གྲོས་འཆམ་བྱུང་།”ངག་དབང་གིས་གཟབ་ནན་གྱིས་མགོ་རྩོམ་པའི་སྐད་ཆ་བཤད་པ་དང་སྦྲགས་ནས་མི་ཚོགས་ཀྱི་འུར་ཟིང་དེ་སྐད་ཅིག་ཉིད་ལ་ལྷིང་འཇགས་སུ་གྱུར།

“དགོས་མཁོ”གསུམ་ནས“གཏན་འཁེལ”གཉིས་དང་། དེ་ནས“ལོ་རྒྱུས་ཀྱི་དོན་སྙིང་”ལྔ་དང་།“རྒྱུན་འཁྱོངས”བཅུ། “གཞི་རྩའི་གནད་དོན”གཅིག་བཅས་སེམས་ལ་དམ་པོར་བཟུང་དགོས་པ་སོགས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྲོད་ཀྱི་ཉིང་བཅུད་ཁ་ཤས་ངག་དབང་གིས་ཡུལ་དངོས་ཀྱི་ལས་བྱེད་མང་ཚོགས་རྣམས་ལ་ཞིབ་མོར་འགྲེལ་བཤད་བྱས། ངག་དབང་གིས་སེམས་རྩེ་གཅིག་གིས་འགྲེལ་བཤད་བྱས་པ་དང་། མང་ཚོགས་རྣམས་ཀྱིས་རྣ་བ་གཏད་དེ་ཉན་བཞིན་འདུག སྒྲོག་འགྲེལ་མཇུག་སྒྲིག་སྐབས། གོང་མ་སྨད་མ་ཡུལ་ཚོ་སོག་ཆེན་སྡེ་བའི་མང་ཚོགས་ས་ཀ་ཡིས《བདེ་སྐྱིད་ཀྱི་དབྱངས་རྟ》ཞེས་པའི་གླུ་དབྱངས་ཤིག་ལེན་རྒྱུའི་རེ་བ་བཏོན།

“ཏང་གི་བཀའ་དྲིན་ལ་བརྟེན་ནས། ང་ཚོ་འབྲོག་པ་རྣམས་ལ་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བ་ཡོད་པར་གྱུར། དེ་བས་ངས་རང་གི་གླུ་སྐད་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གླུ་རུ་བླངས་པ་ཡིན”ཞེས་ས་ཀ་ཡིས་དེ་ལྟར་བཤད། བོད་རིགས་ཕོ་རྒོད་དེའི་ཡིད་དབང་འཕྲོག་པའི་གླུ་སྐད་ཀྱིས་ཡུལ་དངོས་སུ་དགའ་བའི་འབོད་སྐད་དང་ཐལ་མོ་རྡེབ་སྒྲས་ཁེངས། དགའ་སྤྲོའི་དགོད་སྒྲའི་ཁྲོད། “རྟ་ཐོག་ན་གཞོན”དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཚོ་རྟར་ཞོན་ནས་མུ་མཐུད་དུ་སྒྲོག་འགྲེལ་ས་ཚིགས་རྗེས་མ་རུ་ཕྱིན།

དེའི་རྗེས་སུ། ཞབས་ཞུའི་རུ་ཁག་གོང་མ་སྨད་མ་ཡུལ་ཚོ་བྲག་ཤར་སྡེ་བར་སླེབས། འབྲོག་པ་ཨ་ཁུ་ཐུབ་བསོད་དང་ཆུང་མ་གཉིས་ཀྱིས་སྔ་མོ་ནས་ར་སྐོར་གྱི་སྒོ་ཁ་ནས་སྒུག་འདུག

“ཁྱེད་ཚོ་རྟར་ཞོན་ནས་ཡོང་བཞིན་པ་མཐོང་བ་ན། ང་ཚོར་ཏང་གི་འཕྲིན་བཟང་བརྒྱུད་སྒྲོག་བྱེད་དུ་ཡོང་བཞིན་པ་ཤེས་སོང་”ཞེས་ཨ་ཁུ་ཐུབ་བསོད་ཡིས་དགའ་སྤྲོའི་ངང་ནས་དེ་ལྟར་བཤད་པ་དང་། མྱུར་མོར“རྟ་ཐོག་ན་གཞོན”ཚོ་ཁོ་ཚང་གི་གྲལ་དག་པའི་ཁྱིམ་དུ་བསུས། “རྟ་ཐོག་ན་གཞོན”དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་གཡང་པོ་ནི་བྲག་ཤར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡང་རེད། ཁོས་དྲིལ་སྒྲོག་ལག་དེབ་ཞིག་བླངས་ནས་མྱུར་མོར་ཁྱིམ་ཚང་དེའི་བཟའ་མི་བདུན་པོར་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་ལ་ཉན་རྗེས། ཨ་ཁུ་ཐུབ་བསོད་ཀྱིས་བཤད་རྒྱུར། ཏང་གི་རྗེས་སུ་འབྲངས་པའི་རྐྱེན་གྱིས་ང་ཚོ་འབྲོག་པའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་དང་། ད་ལྟ་ཧྲུའུ་ཅི་ཡིས་དེ་ལྟར་བཤད་པས། ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གོང་འཕེལ་ལ་སྔར་ལས་ཡིད་ཆེས་བརྟན་པོ་ཡོད་པར་གྱུར་བ་དང་། རྗེས་ཕྱོགས་ད་དུང་མུ་མཐུད་དུ་ཏང་གི་རྗེས་སུ་འབྲངས་ནས་འགྲོ་རྒྱུ་ཡིན་ཟེར།

ད་ལྟ། གོང་མ་སྨད་མ་ཡུལ་ཚོས“རྟ་ཐོག”གི་སྒྲོག་འགྲེལ་བྱ་བ་དེ་རྒྱུན་འཁྱོངས་བྱས་ནས་ལོ་ངོ་གཅིག་ལྷག་འགོར་བ་དང་། “རྟ་ཐོག”གི་སྒྲོག་འགྲེལ་རྣམ་པ་དེ་ལ་ས་དེའི་འབྲོག་པ་མང་ཚོགས་རྣམས་ལྟ་འདོད་ཅིང་ཉན་སྤྲོ་བ་ཞིག་ཏུ་གྱུར་ཡོད།

ངག་དབང་གིས་བཤད་རྒྱུར། འབྲོག་ཁུལ་གྱི་མང་ཚོགས་རྣམས་སྡོད་གནས་ཐར་ཐོར་ཡིན་པ་དང་རི་ལམ་ཀྱག་ཀྱོག་དང་བགྲོད་དཀའ་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། ལོ་ངོ་མང་པོའི་རིང་ལ། འབྲོག་ཁུལ་གྱི་ལས་བྱེད་པ་རྣམས་རྟར་ཞོན་ནས་གཞི་རིམ་དུ་བྱ་བ་སྒྲུབ་པར་འགྲོ་བའི་སྲོལ་ཞིག་ཡོད། ཁོ་ཚོ་ལམ་ཐག་རིང་བར་མི་སྐྲག་པ་དང་། ཁ་ཆར་བུ་ཡུག་ལ་མི་འཛེམ་པར་རྟར་ཞོན་ནས་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱས་པ་དང་། འགྲོ་ཐེངས་གཅིག་ལ་ཉིན་བཞི་ལྔ་དགོས་པ་རེད། ད་ལྟ་ང་ཚོས་བྱ་བ་དེ་རྒྱུན་འཁྱོངས་བྱེད་པ་ནི་ཁོ་ཚོའི་ལུས་སྟེང་གི་དཀའ་ངལ་ལ་མི་འཛེམ་པའི་སྙིང་སྟོབས་དང་ནན་ནན་ཏིག་ཏིག་གིས་བྱ་བ་སྒྲུབ་པའི་སྤྱོད་ཚུལ་གྱི་རྒྱུན་བསྐྱངས་པ་ཡིན་ཟེར།

དུས་རབས་གསར་བའི་དཔལ་ཡོན་ལག་ལེན་གྱི་དང་བླངས་པའི་ཞབས་ཞུའི་བྱ་བར་སྐུལ་འདེད་བྱས་པ་དང་བསྟུན་ནས། “རྟ་ཐོག”ཞབས་ཞུའི་རུ་ཁག་དེ་རིམ་བཞིན་མགོ་ལོག་རྩྭ་ཐང་གི་སྒྲོག་འགྲེལ་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དཀའ་སྡུག་གི་བཀག་འགོག་གང་ཞིག་ལ་འཕྲད་ཀྱང་། ཁོ་ཚོ་ཡངས་པའི་རྩྭ་ཐང་དང་། ཀྱ་ཀྱུའི་ཆུ་རྒྱུན། ཀྱག་ཀྱག་གི་རི་ལམ་སོགས་བརྒྱུད་དེ། ཏང་གི་གསུང་སྐད་སྙན་མོ་དང་སྲིད་ཇུས་བཟང་པོ་དེ་འབྲོག་ཁྱིམ་རེ་རེར་བསྒྲགས།

བར་མེད་དུ་གྲགས་བཞིན་པའི་རྟའི་རྨིག་སྒྲས་གཉིད་དུ་ཡུར་བའི་དགུན་ཁའི་རི་ལམ་དེ་གཉིད་ལས་བསླངས་པ་དང་། གོང་མ་སྨད་མ་ཡུལ་ཚོའི“རྟ་ཐོག་ན་གཞོན”ཚོ་མུ་མཐུད་དུ་མདུན་དུ་བསྐྱོད་དེ། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གསུང་སྐད་དེ་རྩྭ་ཐང་གི་གཞི་རུ་གནས་བཅས་པའི་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་བསྒྲགས་པར་གྲ་སྒྲིག་བྱས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།