དར་ཆ་དམར་པོ་དམངས་ཀྱི་སེམས་སུ་བསྐྱོད།
2021.12.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཞོགས་པའི་ཉི་རྩེ་ད་དུང་ས་ལ་བརྒྱབ་མི་འདུག་ནའང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པའམ་དར་དམར་སྒྲོག་འགྲེལ་ཚོགས་པའི་འཆད་ཁྲིད་དགེ་རྒན་བཀྲ་ཤིས་དོན་འགྲུབ་སོགས་གནའ་མཁར་རོང་བོ་ནས་ལམ་ལ་ཆས་ཏེ་སྤྱི་ལེ་བདུན་ཅུའི་ལམ་ཐག་ཡོད་པའི་བློན་ཆོས་ཡུལ་ཚོའི་ཕྱོགས་སུ་བསྐྱོད་སོང་།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་མགོ་བརྩམས་པ་ནས་བཟུང་། དར་དམར་སྒྲོག་འགྲེལ་ཚོགས་པ་ཐུན་རིན་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོར་སོང་ནས་མང་ཚོགས་ཀྱི་ཁ་སྐད་དང་བསྟུན་པ་དང་དོན་དངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་གསུང་སྐད་སྙན་མོ་རེབ་གོང་གསེར་མོ་ལྗོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་ནས་རོང་འབྲོག་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས།

བློན་ཆོས་ཡུལ་ཚོ་ནི་ཐུན་རིན་གྲོང་ཁྱེར་ཏང་ཨུའི་དར་དམར་སྒྲོག་འགྲེལ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་ཡུལ་ཀྱི་ས་ཚིགས་བརྒྱད་པ་རེད། དེའི་རྗེས་སུ་ཁོ་ཚོ་ད་དུང་ཐུན་རིན་གྲོང་ཁྱེར་ནས་ལམ་ཐག་ཆེས་རིང་བའི་མདོ་བ་གྲོང་རྡལ་སོགས་ཡུལ་ཚོ་དང་གྲོང་རྡལ་གསུམ་གྱི་སྡེ་བ་སོ་སོ་དང་སློབ་གྲྭ   དགོན་པ་སོགས་སུ་སོང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་དགོས། ཁོ་ཚོའི་ཕྲག་སྟེང་དུ་བབ་པའི་ལས་འགན་ལྗིད་མོ་དེར་བཀྲ་ཤིས་དོན་འགྲུབ་དང་ཁོའི་གྲོགས་པོ་ཚོའི་སེམས་སུ་གདེང་ཚོད་དང་སྤོབས་པས་ཁེངས་འདུག

ཡུལ་ཚོ་དང་གྲོང་རྡལ་རེ་རེར་ཁོ་ཚོའི་ཐུན་མོང་མ་ཡིན་པའི་ཐོན་སྐྱེད་འཚོ་བའི་བྱེད་སྟངས་དང་དམངས་སྲོལ་གོམས་གཤིས་ཡོད་པས་ང་ཚོས་སྒྲོག་འགྲེལ་བྱེད་པའི་སྐབས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་རུ་ཁག་བཅས་ཀྱི་བྱ་བ་ཆེ་ཆུང་ཚང་མ་གཅིག་ཏུ་སྦྲེལ་ནས་སྒྲོག་འགྲེལ་བྱས་པ་དང་། དེ་ལྟར་བྱས་ན་སྒྲོག་འགྲེལ་གྱི་ཕན་འབྲས་སྔར་ལས་ལེགས་ཤིང་མི་དམངས་མང་ཚོགས་ཀྱིས་ཀྱང་གོ་བ་གསལ་བོར་ལེན་ཐུབ་ཅེས་བཀྲ་ཤིས་དོན་འགྲུབ་ཀྱིས་བཤད།

ཐེངས་འདིའི་སྒྲོག་འགྲེལ་བྱེད་ཡུལ་བློན་ཆོས་ཡུལ་ཚོ་བློན་ཆོས་སྡེ་བ་ནི་ཁྱིམ་ཚང་དྲུག་བརྒྱ་སུམ་ཅུ་དང་མི་གྲངས་སྟོང་གཉིས་དང་བརྒྱད་བརྒྱ་བཞི་བཅུས་གྲུབ་པའི་སྡེ་བ་ཆེན་པོ་ཞིག་རེད། སྔོན་ཆད་སྡེ་བ་དེ་རི་མཐོ་ཞིང་ལམ་ཐག་རིང་ལ་འགྲིམ་འགྲུལ་སྟབས་བདེ་མིན། ཡིན་ནའང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་མགོ་བརྩམས་པ་ནས་བཟུང་ཆུ་དང་གློག  ལམ་དང་དྲ་རྒྱ། སྤྱོད་ཁང་སོགས་རྨང་གཞིའི་སྒྲིག་ཆས་རེ་རེ་བཞིན་འཛུགས་སྐྲུན་བྱས་པར་མ་ཟད། ད་དུང་སྤྱི་ཕན་རང་བཞིན་གྱི་ལས་རྐང་ལ་དང་རྩལ་ནུས་གསོ་སྦྱོང་སོགས་དམངས་ཕན་ལས་གཞིར་བརྟེན་ནས་སྡེ་བའི་ནང་གི་ངལ་རྩོལ་པ་རེ་རེར་ལས་ཀ་ཡོད་པ་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཕན་པའི་རྩལ་ནུས་སྣ་རེ་ཁོང་དུ་ཆུད་པར་བྱས་ཡོད། གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ད་ལྟའི་འཚོ་བའི་འགྱུར་ལྡོག་གི་མདུན་དུ་མི་རེ་རེ་ཡིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བཞིན་ཡོད་པ་རེད།

བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་དུ་རང་རྒྱལ་གྱི་ཕྱོགས་སོ་སོའི་ཐད་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། ཡིན་ནའང་རྒྱལ་ཁབ་ཀྱིས་སྔར་བཞིན་དུ་ང་ཚོ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དོན་གཉེར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་ནུས་པ་བླ་ལྷག་འདོན་བཞིན་ཡོད།  བློན་ཆོས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་དུ་བཀྲ་ཤིས་དོན་འགྲུབ་ཀྱིས《ཏང་གི་ལོ་བརྒྱའི་རིང་གི་འབད་འཐབ་ཀྱི་གྲུབ་འགྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ཀྱི་གཏིང་ཟབ་པའི་ནང་དོན་རྒྱས་བཤད་བྱེད་བཞིན། ལོ་ངོ་འདི་དག་གི་རིང་ཁོ་ཚོའི་ས་གནས་སུ་བྱུང་བའི་འགྱུར་ལྡོག་ཆེན་པོ་དག་གླེང་ནས་ཉེ་འཁོར་དུ་སྒྲོག་འགྲེལ་ལ་ཉན་བཞིན་པའི་སྡེ་མི་རྣམས་དང་མཉམ་དུ་ཏང་གི་བཀའ་དྲིན་དྲན་བཞིན་འདུག

ད་ལྟའི་བདེ་སྐྱིད་ནི་སྔོན་རབས་པ་ཁྲི་སྟོང་མང་པོའི་ཁྲག་དང་རྔུལ་ཆུ་ལས་བྱུང་བ་ལས་རང་དགར་གྲུབ་པ་ཞིག་མ་རེད་ཅེས་པའི་བཀྲ་ཤིས་དོན་འགྲུབ་ཀྱི་སྐད་ཆ་དེར་ཁོའི་མཐའ་འཁོར་ན་སྒྲོག་བཤད་ལ་ཉན་བཞིན་པའི་སྡེ་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་འདུག

དབུལ་ཐར་མཁྲེགས་གཏོར་བྱས་པ་བརྒྱུད་ནས་ད་ལྟ་བདེ་ཞིང་ཁོད་ཡངས་པའི་ཨར་འདམ་གྱི་ལམ་དེ་རི་ལམ་ཀྱག་ཀྱོག་བརྒྱུད་ནས་བློན་ཆོས་སྡེ་བའི་ནང་དུ་འཐེན་ཡོད་པ་དང་རང་འབབ་ཆུ་ཡང་ཁྱིམ་ཚང་རེ་རེར་འཐེན་ཡོད་པར་མ་ཟད། སྡེ་བའི་ནང་དུ་སློབ་གྲྭ་དང་འཕྲོད་བསྟེན་ཁང་། རིག་གནས་ཐང་ཆེན་སོགས་ཀྱང་གསར་དུ་ལས་ཡོད་ཅིང་། སྡེ་མི་རྣམས་ཀྱི་འབྲུ་མཛོད་འབྲུ་ཡིས་བལྟམས་ཤིང་ཕྱུགས་ར་ཕྱུགས་ཀྱིས་བཀང་ཡོད་ལ། ད་དུང་ཁྱིམ་ཚང་རེ་རེར་རླངས་འཁོར་ཆུང་བ་རེ་རེ་ཡང་ཡོད་པ་རེད།

རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་རང་བཞིན་གྱིས་དབུལ་པོའི་གནད་དོན་ཐག་གཅོད་བྱས་ཏེ། ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་སུ་ངོ་མཚར་བའི་ལེའུ་གསར་པ་ཞིག་བྲིས་ཡོད། ད་ལྟ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དེ་ལས་འགན་གསར་བ་ཞིག་ཡིན་པས་ང་ཚོ་མི་རེ་རེ་ལས་འགན་དེའི་ཁྲོད་དུ་ཞུགས་མཁན་དང་བདེན་དཔང་མཁན་དུ་འགྱུར་བར་བྱེད་དགོས། བཀྲ་ཤིས་དོན་འགྲུབ་ཀྱི་སྒྲོག་འགྲེལ་དེ་ལྟར་རེ་ཞིག་མཇུག་བསྡུ་ལ་ཉེ་དུས། བློན་ཆོས་སྡེ་བའི་སྡེ་མི་ཀུན་འགྲུབ་རྒྱལ་གྱིས་འདི་ལྟར་བཤད་བྱུང་། ད་ལྟ་ང་ཚོ་སྡེ་བས་ཏག་ཏག་བློན་ཆོས་ཆུ་ཁོལ་གྱི་ཐོན་ལས་ལས་གཞི་གཉེར་མགོ་བརྩམས་ཡོད་པ་དང་། སང་ལོ་ད་དུང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཞིག་ཀྱང་འཛུགས་གྲབས་ཡོད་པས་ཐོན་སྐྱེད་འཚོ་བའི་གནས་ཚུལ་དེ་དག་དང་འབྲེལ་བའི་སྲིད་ཇུས་སྐོར་ནས་སློབ་སྟོན་ཞིག་བྱས་ན་ཇི་འདྲ་རེད་དམ་ཞེས་དྲིས་བྱུང་། དོན་དུ་ཀུན་འགྲུབ་རྒྱལ་གྱིས་དྲིས་པའི་གནས་ཚུལ་དེའི་སྐོར་ལ་བཀྲ་ཤིས་དོན་འགྲུབ་ཀྱིས་སྔ་མོ་ནས་རྒྱུས་ལོན་བྱས་ཡོད་དེ།  བློན་ཆོས་སྡེ་བར་མ་ཡོང་བའི་སྔོན་དུ་བཀྲ་ཤིས་དོན་འགྲུབ་ཀྱིས་གྲོང་ཁྱེར་གྱི་གྲོང་གསེབ་དར་སྤེལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བློན་ཆོས་སྡེ་བའི་ཆུ་ཁོལ་ལས་གཞིའི་ཐད་སྒོར་མོ་བྱེ་བ་གཅིག་ད་ལྟ་དངོས་སུ་མར་བཏང་ཡོད་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའི་ལས་གཞི་དེ་ཡང་ད་ལྟ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་པས་སང་ལོའི་དཔྱིད་མགོར་ལས་མགོ་རྩོམ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

བདེ་སྐྱིད་ཀྱི་ཉི་མ་ད་དུང་རྗེས་སུ་ཡོད། རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྐོར་ནས་གལ་ཏེ་ང་ཚོ་མི་རེ་རེ་ལ་ཡིད་ཆེས་དང་སེམས་ཤུགས་ལྡན་ཚེ་དམངས་ཕན་སྲིད་ཇུས་ཀྱིས་སྡེ་བ་རེ་རེ་དང་མི་རེ་རེ་གཅིག་ཀྱང་ཆད་དུ་འཇུག་མི་སྲིད།  ཐེངས་འདིར་ཆུ་ཁོལ་ལས་གཞི་དང་སྐྱེ་ཁམས་ཕྱུགས་ལས་ཁང་གཉིས་འཛུགས་སྐྲུན་བྱེད་པ་དང་འདྲ་བར་མ་འོངས་པར་ང་ཚོ་མི་རེ་རེ་ཡིས་ཁེ་ཕན་ལོངས་སུ་སྤྱོད་ཐུབ། བཀྲ་ཤིས་དོན་འགྲུབ་ཀྱིས་དེ་ལྟར་སྒྲོག་འགྲེལ་བྱས་ཚར་རྗེས་སྡེ་བའི་ཨུ་ཡོན་ལྷན་ཁང་གི་སྒོར་འབུད་གྲབས་བྱེད་སྐབས། བློན་ཆོས་སྡེ་བའི་རྒན་པོ་ཐུབ་བྷེ་ཡིས་སྔ་མོ་ནས་སྒོ་འགྲམ་དུ་ཁོ་ལ་སྒུག་ནས་འདུག

བཀྲ་ཤིས་དོན་འགྲུབ་སྒོར་ཡོང་བཞིན་པ་མཐོང་དུས་རྒན་པོ་ཐུབ་བྷེ་ཁོའི་སྔོན་དུ་བུད་ནས་ལག་འཇུ་བྱས། དེ་དང་མཉམ་དུ་རང་གི་གནས་ཚུལ་སྐོར་ཞིག་བརྗོད་བྱུང་སྟེ། ལོ་ངོ་གསུམ་གྱི་ཡར་སྔོན་དུ་ཁོའི་བུ་མོ་ཀུན་མཚོ་སྐྱིད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་དབྱར་རྩྭ་དགུན་འབུ་བརྐོ་དུས་གློག་གིས་བརྒྱབ་པས་དབང་བོ་སྐྱོན་ཅན་དུ་གྱུར་ཏེ་ངལ་རྩོལ་གྱི་ནུས་པ་ཤོར། དེའི་རྗེས་སུ་ཐུན་རིན་གྲོང་ཁྱེར་གྱིས་ཁོའི་བུ་མོར་ཁ་གསབ་གཉིས་ཀྱི་རོགས་སྐྱོར་བྱེད་བཞིན་ཡོད། དེ་རིང་རྒན་པོ་ཐུབ་བྷེ་ཡིས་ཡང་བསྐྱར་རང་གི་བུ་མོ་མ་མཐའི་འཚོ་བའི་འགན་སྲུང་གི་གྲས་སུ་འཇོག་དགོས་པ་དང་དེ་ལྟར་བྱས་ན་བུ་མོའི་རྗེས་ཕྱོགས་ཀྱི་འཚོ་བར་འགན་སྲུང་བྱེད་ཐུབ་པའི་སྐོར་ནས་རེ་ཞུ་བྱས་བྱུང་།

སྐབས་དེར་གནས་ཚུལ་དེ་འདྲ་ཞིག་ལ་སེམས་ཁྲལ་བྱེད་བཞིན་པའི་རྒན་པོ་ཐུབ་བྷེ་ཡི་རྣམ་པ་དེ་མཐོང་དུས། བཀྲ་ཤིས་དོན་འགྲུབ་ཀྱིས་སྔ་གཞུག་ཏུ་གྲོང་ཁྱེར་དབང་བོན་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དམངས་སྲིད་ཅུའུ་ཡི་འགན་ཁུར་མི་སྣར་ཁ་པར་བཏང་སྟེ་གནས་ཚུལ་དེའི་སྐོར་གསལ་བོར་དྲིས་ཤིང་། དེ་དང་བསྟུན་ནས་བཀྲ་ཤིས་དོན་འགྲུབ་ཀྱིས་རྒན་པོ་ཐུབ་བྷེ་ལ་དོན་དག་དེ་བསྒྲུབ་ན་འགྲོ་ལུགས་ཇི་ལྟར་བསྒྲུབ་དགོས་ཚུལ་སྐོར་ནས་ཞིབ་ཅིང་ཕྲ་བའི་སྒོ་ནས་བཤད་པས་རྒན་པོའི་སེམས་ཁམས་ཀྱང་ཅུང་བདེ་ལ་བབས་སོང་།

                                                                                  ཡིག་སྒྱུར་བ། གཡང་འབུམ་རྒྱལ།