རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།
2021.12.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 36

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་གཏོང་བའི་ངེས་བརྒྱུད་བགྲོད་ལམ་ཞིག་ཡིན། རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས”ཞེས་ནན་གྱིས་བསྟན་པ་དང་། “རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས”པའི་བླང་བྱ་གསལ་པོ་བཏོན་ལ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བ་ཡག་པོ་བསྒྲུབ་རྒྱུ་དང་། ཆོས་དད་མང་ཚོགས་སྒྲིག་འཛུགས་སྔར་ལས་ལེགས་པར་བྱེད་པ་དང་དེར་ཁྲིད་སྟོན་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་རེད།

རང་རྒྱལ་གྱི་ཆོས་ལུགས་ཁག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་སྔ་མོ་ནས་བཟུང་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་དང་། སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དངོས་དང་འཚམ་པའི་ཁྱད་ཆོས་ཡོད། ཆོས་ལུགས་ཁག་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་ཅན་དང་རང་ས་ཅན་གྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རང་འགུལ་ངང་སྤྱི་ཚོགས་དང་འཚམ་པར་བྱས་ནས། རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ལ་ཞབས་འདེགས། འཆམ་མཐུན་ཁོང་ཡངས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་རང་འགུལ་ངང་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། སྤྱི་པའི་སྒྲིག་ལམ་བཟང་པོ་བཅས་སྲུང་སྐྱོབ་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པའི་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། ཧུར་ཐག་གིས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་ཚད་རིམ་བཞིན་གཏིང་ཟབ་གཏོང་བ་བཅས་བྱ་དགོས། ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཆོས་ལུགས་དང་ཀྲུང་གོ་ཅན་དུ་འགྱུར་བའི་ཆོས་ལུགས་མངོན་འགྱུར་བྱུང་ན། ད་གཟོད་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་ཐུབ་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད།

ཆོས་ལུགས་དང་རང་ཉིད་སྡོད་སའི་སྤྱི་ཚོགས་དང་མཐུན་པོ་ཡོང་བ་བྱ་རྒྱུ་ནི་འཛམ་གླིང་གི་ཆོས་ལུགས་ཁག་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཡིན་ལ། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡང་ཡིན། རང་རྒྱལ་གྱི་ཆོས་ལུགས་དང་ཡང་ན་ཕྱི་ནས་མཆེད་པའི་ཆོས་ལུགས་གང་ཞིག་ཡིན་རུང་ཚང་མས་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་རྒྱུན་ཆད་མེད་པར་འཚམ་པར་བྱས་ནས་དུས་རབས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱ་དགོས་ཞིག་ལ། སྲོག་ཤིང་རིན་ཐང་ལྟ་བ་ནི་མི་རིགས་ཤིག་སྐྱོང་བའི་བསམ་པའི་འབྲེལ་ཐག་ཡིན་པ་དང་། རྒྱལ་ཁབ་ཅིག་གི་ཐུན་མོང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་ཡིན། རིག་གནས་མོས་མཐུན་ནི་རིམ་པ་ཆེས་ཟབ་པའི་མོས་མཐུན་ཡིན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་སོ་སོར་ཡར་སྐུལ་བྱེད་པ། ཆོས་ལུགས་སོ་སོས་བསྟན་དོན་དང་ཆོས་ཁྲིམས་སྔོག་འདོན་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་ཡར་ཐོན། དཔལ་ཡོན་སྐྱོན་བྲལ་བཅས་ལ་ཕན་པའི་ནང་དོན་ལ་རྒྱབ་སྐྱོར་བྱས་ནས། དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འཆད་འགྲེལ་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཁག་ལ་ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཟིལ་ཤུགས་བཅས་ལྡན་པ་བྱེད་དགོས། ཆོས་ལུགས་ཀྱི་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཡོངས་ཀྱི་ཁྲོད་དུ་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཡོད་པ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་འབྲེལ་བ་ཡོད་པ། རྒྱལ་ཁབ་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་འབྲེལ་བ་ཡོད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐད་རང་བཙན་རང་བདག་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་དང་། ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་དོ་དམ་བྱས་ཏེ་ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་འབད་འཐབ་དང་། ཆོས་ལུགས་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས་ན། རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་གཏིང་ཟབ་མོས་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བ་ཁྲིད་སྟོན་དུ་འཛིན་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རླབས་ཆེན་ཀྲུང་གོ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཟུང་བའི་མོས་མཐུན་ཇེ་དྲག་ཏུ་གཏོང་དགོས། ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་བ་དང་། ཁ་གཏད་རང་བཞིན་ལྡན་པར་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་བསྣན་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་དར་སྤེལ་བྱེད་པར་ཁྲིད་སྟོན་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འབྲེལ་ཡོད་བྱ་བར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྒྲུབ་དགོས། མཉམ་འབྲེལ་དྲ་བའི་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་དགོས། རང་རྒྱལ་གྱི་ཆོས་ལུགས་བདེ་ཐང་ངང་འཛིན་སྤེལ་བྱེད་པར་བར་ཆད་བཟོ་བའི་འབུར་ཐོན་གནད་དོན་དངོས་སུ་ཐག་གཅོད་དགོས།

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་མགོ་རྩོམ་ས་དང་རྐང་འཛུགས་ས་ནི་རྒྱ་ཆེའི་ཆོས་དད་མང་ཚོགས་དང་ཆོས་དད་མ་ཡིན་པའི་མང་ཚོགས་མཐུན་སྒྲིལ་ཡོང་བར་བྱ་རྒྱུ་དེ་རེད། ཆོས་དད་མང་ཚོགས་དང་ཆོས་དད་མ་ཡིན་པའི་མང་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་རྩ་བའི་ཁེ་ཕན་ནི་གཅིག་མཐུན་ཡིན་པ་དང་། ཚང་མ་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་ཡིན། བགྲོད་ལམ་གསར་པའི་ཐོག ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཆམ་མཐུན་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་དང་འཚམ་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ང་ཚོས་ཚད་མཐོན་པོའི་སྒོ་ནས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།