ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས།
2021.12.09 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་འཐུས་སྒོ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རང་ཚུགས་དང་། རང་བརྟེན། རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཏང་གི་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན་པ་རེད། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པའི་འགོ་རྩོམ་ས་དང་རྐང་འཛུགས་ས་ནི་རྒྱ་ཆེའི་ཆོས་དད་མང་ཚོགས་དང་ཆོས་དད་མ་ཡིན་པའི་མང་ཚོགས་རྣམས་ཚད་གཞི་ངེས་ཅན་ཞིག་གི་སྟེང་ནས་མཐུན་སྒྲིལ་ཐུབ་པར་བྱ་རྒྱུ་དེ་རེད། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པར། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལས་དོན་ཡག་པོར་སྒྲུབ་དགོས། དད་ལྡན་མང་ཚོགས་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ།  ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོབ། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསྟུན་པ་དང་དེར་ཞབས་འདེགས་ཞུ་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཧུར་ཐག་གིས་ལག་བསྟར་དང་། ཀྲུང་ཧྭའི་རིག་གནས་དར་སྤེལ་བཏང་སྟེ་ཆོས་ལུགས་ཀྱི་དོན་སྙིང་དེ་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་ཡོང་བར་འབད་བརྩོན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་དོ་དམ་བྱེད་པ་རང་རྟོགས་སྒོས་དང་ལེན་བྱེད་དགོས་པ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པར།  “ཁྲིད་སྟོན”གྱི་རྣམ་འགྱུར་ཐོག་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་པའི་བརྒྱུད་རིམ་ནི་མཐུན་རྐྱེན་སྐུལ་སློང་དང་འགལ་རྐྱེན་བཀག་འགོག་བྱེད་པའི་བརྒྱུད་རིམ་ཞིག་ཡིན་དགོས། ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་རྩོད་སྒྲུབ་སྒོ་ནས་ལྟ་སྟངས་འཛིན་པ་དང་། བབ་བསྟུན་སྣེ་ཁྲིད་དང་དགེ་སྤེལ་སྐྱོན་སྤངས་བྱས་ཏེ། ཆོས་ལུགས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱེད་དགོས། “ཁྲིད་སྟོན”ཐད་བསམ་གཞིག་གཏིང་ཟབ་དང་། མཐའ་གསལ་མཐིལ་རྟོགས། གནད་ལ་འཁེལ་བ་བཅས་བྱས་ཏེ“ཁྲིད་སྟོན”ལ་ཐབས་བཟང་ཡོད་པ་དང་། “ཁྲིད་སྟོན”ལ་ནུས་ཤུགས་ལྡན་པ། “ཁྲིད་སྟོན”ལ་ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། ནུས་ལྡན་གྱི་འགོ་ཁྲིད་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཏང་ཨུས་འགོ་ཁྲིད་དང་། སྲིད་གཞུང་གིས་དོ་དམ། སྤྱི་ཚོགས་ཀྱིས་མཐུན་སྦྱོར། ཆོས་ལུགས་ཀྱིས་རང་གཅུན་བཅས་བྱེད་པའི་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་རྣམ་པ་ཞིག་བསྐྲུན་པར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་ལ་རག་ལས་པའི་འབྲེལ་བ་གལ་ཆེན་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ནས་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས།

ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པར། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བར་ཡོངས་ཁྱབ་ངང་སྤྱོད་པའི་བྱེད་སྟངས་ཤིག་ཡིན་ལ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཀྱང་རེད། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། ཆོས་ལུགས་བྱེད་སྒོ་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཁྱབ་ཁོངས་སུ་སྤེལ་བ་ལས། སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་གཏོང་མི་རུང་བ་དང་། སྤྱི་པའི་སྒྲིག་ལམ་དང་སྲོལ་རྒྱུན་བཟང་པོ་ལས་འགལ་མི་རུང་བ། སློབ་གསོ་དང་། ཁྲིམས་འཛིན། སྲིད་འཛིན་འགན་ནུས། སྤྱི་ཚོགས་འཚོ་བ་བཅས་ལ་ཐེ་ཇུས་བྱེད་མི་རུང་།

ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པར། “དཔུང་ཁག་གསུམ”གསོ་སྐྱོང་ཡག་པོ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བྱང་ཆུབ་པ་དང་། ཆོས་ལུགས་ལས་དོན་ལ་གསལ་ཆ་ཆེ་བ། དད་ལྡན་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཁོ་ཚོར་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། ཆོས་ལུགས་ཀྱི་ཤེས་བྱ་བཅས་སློབ་སྦྱོང་གཏིང་ཟབ་བྱེད་དུ་བཅུག་ནས། ཁྲིད་སྟོན་གྱི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཤེས་རྒྱ་ཆེ་བ།  ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཁོ་ཚོའི་འཇོན་ནུས་འདོན་སྤེལ་ཡག་པོ་བྱེད་དགོས།  བསམ་བློའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས། སློབ་སྲོལ་བཟང་བ་དང་གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས།

ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པར། ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཁྱོན་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་། སྣེ་ཁྲིད་དེ་ཁྲིམས་སྲུང་སྒྲིག་བཀུར། ཆོས་ལུགས་ཀྱི་བློ་སྦྱོང་ཇེ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དམངས་གཙོའི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།