—ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
“‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’མགོ་ཡག་པོ་ཞིག་བརྩམས་བྱུང་།” ཟླ12པའི་ཚེས8ནས་ཚེས10ཉིན་བར་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་ལོ་གཅིག་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས2021ལོའི་དཔལ་འབྱོར་བྱ་བར་ཕྱོགས་བསྡོམས་གཏིང་ཟབ་གནང་བ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ལ། 2022ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གལ་ཆེན་བཅས་བྱས་ཏེ་ང་ཚོས་སང་ལོའི་དཔལ་འབྱོར་བྱ་བ་ལེགས་པར་བསྒྲུབ་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་ལོ་ཞིག་ཀྱང་ཡིན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དངོས་སུ་ཁྱབ་བསྒྲགས་བྱས་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱས་ཏེ་འཐབ་ལམ་གསར་བ་བཏོད་པ་རེད། ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ་དང་། ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ལ། ལོ་བརྒྱ་ལྷག་རིང་ཏང་གི་ལོ་རྒྱུས་སྟེང་གི་ལོ་རྒྱུས་གྲོས་ཆོད་གསུམ་པ་སྟེ། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་དང་། དེ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཡིན། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་པ་གཏོད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ལོ་གཅིག་གི་རིང་ལ། འཛམ་གླིང་སྟེང་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་པྲོག་གསར་གློ་ཚད་རིམས་ནད་དེ་གོ་ལ་ཧྲིལ་པོར་ཁྱབ་པའི་ཤུགས་རྐྱེན་འོག ཕྱི་རོལ་གྱི་ཁོར་ཡུག་སྔར་ལས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ་དང་། རྒྱལ་ནང་གི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། ལོ་ངོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་བབ་བརླིང་ངང་ཁ་གཏད་འཇལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གང་མགྱོགས་སྒོས་འཛུགས་པ། སྤྱི་ཁོག་སྲིད་ཇུས་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཤུགས་སྣོན་པ། ནུས་ཤུགས་ཡོད་དགུས་བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་ལ་སྟོབས་ཤུགས་གང་ཡོད་བཏོན་ནས་ལེགས་འགྲུབ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་རེད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་ཞིག་འཛུགས་པར་ཕྱོགས་གལ་ཆེན་ཞིག་གི་ཐད་ནས་མཚོན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པར་གོམ་སྟབས་གསར་པ་སྤོས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་འཛམ་གླིང་གི་སྣེ་ཁྲིད་གནས་བབ་བཟུང་ཡོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་ལེགས་པ་དང་སྦས་ཤུགས་ཆེ་བ། སྒུལ་ཤུགས་ཟབ་པ་བཅས་ཀྱི་ཁྱད་ཆོས་རྒྱུན་མཐུད་སྒོས་མངོན་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལྡན་པའི་ཚན་རྩལ་སྟོབས་ཤུགས་རྒྱ་སྐྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་། གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་ཐོན་པ། ཚན་རྩལ་གསར་གཏོད་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། འགག་རྩ་དང་སྲོག་ཤིང་དུ་གྱུར་པའི་ལག་རྩལ་ཐད་མཆོང་སྐྱོད་གསར་པ་བྱུང་། ཐོན་ལས་འབྲེལ་ཐག་གི་མཉེན་ཤུགས་ཆེ་རུ་ཕྱིན་པ་དང་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་རུ་ཕྱིན་པ། གྲུབ་ཆ་མུ་མཐུད་ཇེ་ལེགས་སུ་ཕྱིན་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་མཚོན་བྱེད་དུ་བྱས་པའི་སྒུལ་ནུས་གསར་པའི་འཕེལ་རྒྱས་སྟོབས་ཆེར་ཕྱིན་ཡོད། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་མཁོ་སྤྲོད་འོས་འཚམ་བཀོད་སྒྲིག་དང་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ལ་ཚོད་འཛིན་བཟོ་བའི་འགག་གནད་ནུས་ཤུགས་ཡོད་རྒུས་སྒྲོལ་ཐུབ་པ་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་མཉམ་ལས་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་པ་གཏོད་དགོས། དམངས་ཚིས་འགན་སྲུང་ལ་འགན་ལེན་ནུས་ལྡན་བྱུང་བ་དང་ལས་ཞུགས་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་རྩ་བའི་ཆ་ནས་གཅིག་མཚུངས་བྱུང་བ། ལོ་ཧྲིལ་པོའི་འབྲུ་རིགས་ལོ་བདུན་ལ་བསྟུད་མར་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་རྒྱུན་འཁྱོངས་ཐུབ་ནས“ལོ་བཅོ་བརྒྱད་ལ་བསྟུད་མར་ཐོན་འཕར་བྱུང་བའི”རྣམ་པ་མངོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། ལྗང་མདོག་ཐཱན་ཉུང་གི་རྣམ་པ་བསྒྱུར་བའི་གོམ་སྟབས་བརྟན་པོར་གྱུར་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་འབྲས་གསར་པ་ཐོབ་ཡོད།
དཀའ་ཚེགས་ཆེ་ན་དཔའ་བློ་མངོན། དཀའ་སྤྱད་བྱས་ན་གྲུབ་འབྲས་མངོན། གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བའི་འབྲས་བུ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་སེམས་མཐུན་ལས་སྒྲུབ་དང་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད། ལག་ལེན་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་ལམ་སྣེ་འཁྲིད་མཁན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ་བྱས་ཚེ། ང་ཚོས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བའི་སྟེང་དུས་རབས་ཀྱི་འོད་སྟོང་གསར་པ་བསྐྲུན་པ་དང་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གསར་པ་བསྐྲུན་ཐུབ་ངེས་རེད།
སང་ལོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱ་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་འཛུགས་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། “བརྟན་སྲུང་དྲུག”དང“འགན་ལེན་དྲུག”གི་བྱ་བ་མུ་མཐུད་དུ་ཡག་པོ་སྒྲུབ་པ། དམངས་ཚིས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་གྱི་ཆེ་ས་བརྟན་པོ་ཡོང་རྒྱུར་ཤུགས་རྒྱག་པ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླིང་ཡོང་བ་བཅས་བྱས་ཚེ། ང་ཚོས་བརྟན་བརླིང་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་ཁབ་བདེ་འགོད་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བྱེད་ཐུབ་ངེས་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།