ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས།
2021.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

--ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དངོས་འབེབ་བྱ་རྒྱུའི་སྐོར་གླེང་བ།

ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཀའ་ངལ་གདོང་གིས་བསུ་བ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་ནི་ང་ཚོ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་འགག་རྩ་རེད།

“ང་ཚོས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་དགོས་ལ་ཡིད་ཆེས་བརྟན་པོའང་ཡོད་དགོས། རང་རྒྱལ་གྱི་དཔལ་འབྱོར་མཉེན་ཤུགས་ཆེ་བས་དུས་ཡུན་རིང་པོའི་ནང་ལེགས་ཕྱོགས་སུ་སྐྱོད་པའི་གཞི་རྩའི་རྣམ་པ་འགྱུར་མི་སྲིད”ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག“གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པའི་དུས་མཚུངས་སུ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ཆུང་དུ་འགྲོ་བ་དང་། མཁོ་སྤྲོད་ལ་རྡེག་ཤུགས་ཐེབས་པ། སྔོན་དཔག་གཉོད་ཆུང་དུ་གྱུར་བའི་གནོན་ཤུགས་ཆེན་པོ་གསུམ་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས།

དུས་རབས་ཀྱི་རིམས་ནད་བྱུང་བའི་ཤུགས་རྐྱེན་འོག ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་སོང་བ་དང་། ཕྱིའི་ཁོར་ཡུག་གི་ཁ་ཕྱོགས་རྙོག་འཛིང་ཛ་དྲག་ཆེ་བ་དང་གཏན་ཁེལ་མེད་པས།”“རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་པ་དང་། དཔལ་འབྱོར་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། ཚན་རྩལ་གསར་སྐྲུན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་རང་འགུལ་གྱིས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ལ་དམིགས་ཏེ། ཆུ་ཚད་མཐོན་པོའི་སྒོ་འབྱེད་ལ་བརྟེན་ནས་གཏིང་རིམ་གྱི་གསར་བརྗེ་ལ་ཡར་སྐུལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”པར་བསྟན།

མདུན་སྐྱོད་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་སློང་ལ་ཇི་ལྟར་ཁ་གཏོད་ན། དེ་ཙམ་གྱིས་ཁྱོན་ཡོངས་དང་། རྩོད་སྒྲུབ། མིག་རྒྱང་རིང་བོས་རང་རྒྱལ་གྱི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་། དེ་ལས་ཀྱང་ཡིད་ཆེས་ཇེ་དྲག་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་པ་ལག་ལེན་ལས་ང་ཚོར་ཤེས་སུ་བཅུག རང་རྒྱལ་གྱིས་བསྟུད་མར་ལོ་ངོ་མང་པོའི་རིང་ལ་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་གཉིས་པ་དང་། འཛད་སྤྱོད་ཚོང་ར་ཆེན་པོ་གཉིས་པ། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་། དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོ། ཕྱི་དངུལ་གསོག་འཇོག་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོའི་གོ་གནས་བརྟན་སྲུང་བྱས་པ་དང་། 2020ལོར་ཕྱི་རྒྱལ་གྱི་མ་དངུལ་ནང་དུ་ཡོང་བ་ཆེས་མང་པོའི་རྒྱལ་ཁབ་ཨང་དང་པོར་གྱུར། རང་རྒྱལ་ལ་གོ་ལ་ཧྲིལ་པོའི་ཆེས་ཆ་ཚང་དང་། གཞི་ཁྱོན་ཆེས་ཆེ་བའི་བཟོ་ལས་མ་ལག ཐོན་སྐྱེད་ནུས་ཤུགས་སྟོབས་དང་ལྡན་པ། ཆ་ཚང་སྒྲིག་ཆས་ནུས་པ་འཐུས་ཚང་བཅས་ཡོད་པ་དང་། སྒོར་མོ་དུང་ཕྱུར་གཅིག་ལྷག་གི་ཁྲོམ་རའི་གཙོ་གཞི་དང་མཐོ་རིམ་སློབ་གསོ་ཐོབ་མྱོང་བའམ་ཡང་ན་ཆེད་ལས་རྩལ་ནུས་སྣ་ཚོགས་ལྡན་པའི་ཤེས་ལྡན་པ་དུང་ཕྱུར་གཅིག་དང་བྱེ་བ་བདུན་ལྷག་ཡོད་ཅིང་། ད་དུང་མི་གྲངས་དུང་ཕྱུར་བཞི་ལྷག་ནང་དུ་ཚུད་པའི་ཡོང་སྒོ་འབྲིང་བའི་ཚོགས་པ་འདུས་པའི་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱིས་གྲུབ་པའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ནང་མཁོ་ཁྲོམ་ར་ཡང་ཡོད་པས་རྣམ་པ་གསར་བའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་མྱུར་མོར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་གནས་པས་དངུལ་གཏོང་དགོས་མཁོའི་སྦས་ཤུགས་ཆེན་པོ་ལྡན་པ་རེད། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པས། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་བོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ནས་བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ལག་ལེན་གྱི་ཐོག་ནས་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་བྱུང་རུང་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་། ཡུན་རིང་ལེགས་ཕྱོགས་སུ་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་མེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ལ་སྦས་ཤུགས་ཆེན་པོ་ཡོད་པ་དང་། མཉེན་གཤིས་ཆེ་ཞིང་། གསོན་ཤུགས་དྲག་ལ། བར་མཐོངས་ཡངས་པ་དང་། སྲིད་ཇུས་མང་བའི་གཞི་རྩའི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་མེད་ཅིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་ཕྱོགས་མང་པོའི་ལེགས་ཆ་ལྡན་པ་དང་ཆ་རྐྱེན་འགྱུར་མེད། དུས་དང་གནས་བབ་ང་ཚོའི་ཕྱོགས་སུ་ཡོད་པ་དེ་ནི་ང་ཚོར་ངེས་ཤུགས་དང་གདེང་ཚོད་ཡོད་པ་ཡིན་ལ། ང་ཚོར་ཆོད་སེམས་དང་ཡིད་ཆེས་ཡོད་པ་ཞིག་ཀྱང་ཡིན། སྐྱོད་ལམ་གསར་བའི་སྟེང་། ང་ཚོར་ཆོད་སེམས་དྲག་པོ་དང་། བློ་སྟོབས་བརྟན་པོ། རྒྱལ་ཤུགས་བརྟན་པོ་ཡོད་པའི་སྒོ་ནས་འགྲན་སློང་ལ་ཁ་གཏད་གཅོག་དགོས་པ་དང་། གདེང་ཚོད་དང་། ནུས་པ། བློ་གྲོས་ལྡན་པའི་སྒོ་ནས་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་དགོས།

གྲུབ་འབྲས་ནི་ཐོབ་སླ་བ་ཞིག་མིན་པ་དང་། ཉམས་མྱོང་ཧ་ཅང་རྩ་ཆེན་ཡིན། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ལག་ལེན་ཁྲོད་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་ལས་གསོག་འཇོག་བྱས་ཡོད་པས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་དེར་ཕྱོགས་བསྡོམས་གནད་ལ་འཁེལ་བ་ཞིག་བྱས་ཡོད་དེ། ངེས་པར་དུ་ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། འགྲན་སློང་ཆེན་པོར་བབ་བརླིང་ངང་ཁ་གཏད་འཇལ་བ། གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་པ་བཅས་བྱ་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱི་བླང་བྱ་ཡིན་པས། ཏང་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་དངོས་འབེབ་ལག་བསྟར་བྱེད་དགོས་པ་དང་། དཔལ་འབྱོར་གྱི་སྤུས་ཚད་བརྟན་པོའི་ངང་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་གྱིས་འཕར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ངེས་པར་དུ་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་ཀྱིས་སྲིད་ཇུས་ལེགས་སྒྲིག་དང་གསར་བརྗེ་ལ་སྐུལ་འདེད་གཏོང་བར་དུས་ཚོད་དང་ཚད་གཞི། ཕན་འབྲས་ལ་དམ་འཛིན་ཡག་པོ་བྱས་ནས་སྔོན་བཙུགས་རྗེས་དོར་དང་ཏན་ཏན་ཏིག་ཏིག་ངང་ལས་ཀ་བྱེད་དགོས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། “ངེས་པར་དུ་བྱ་དགོས་པ་བཞི”ཡིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོའི་ཁ་ལོ་བསྒྱུར་ཏེ་རྦ་རླབས་གཤགས་ནས་མདུན་དུ་སྐྱོད་བྱེད་པའི་ཁྱད་དུ་འཕགས་པའི་བློ་གྲོས་གང་ལེགས་ཀྱིས་མངོན་པ་དང་། ཏང་ཀྲུང་དབྱང་གིས་མདུན་སྐྱོད་བགྲོད་ལམ་སྟེང་གི་ཉེན་ཁ་དང་འགྲན་སློང་ལ་འཚབ་འཚུབ་མེད་པར་ཁ་གཏད་གཅོག་པའི་ནུས་པ་མངོན་པ་དེ་ནི་ང་ཚོས་དཔལ་འབྱོར་བྱ་བའི་ཤེས་རྟོགས་སྨྲ་བ་དང་བྱེད་ཐབས་སྨྲ་བ་གལ་ཆེན་བཟང་བོར་སྒྲུབ་པ་ཡིན་ལ། དེ་ཡིས་ང་ཚོར་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དང་འཐབ་ཇུས་ཀྱི་ངེས་ཤུགས་ཇེ་དྲག་ཏུ་བཏང་།

ཉེན་ཁའི་འགོག་ཟོན་སྣ་ཚོགས་འགོག་པ་དང་སེལ་བར་ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་རྡེག་ཤུགས་དང་འགྲན་སློང་ལ་ཧུར་ཐག་གིས་ཁ་གཏད་འཇལ་དགོས་པ་དང་། དེའི་འགག་རྩ་ནི་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུར་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་ལ་བརྟེན་ནས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག་པ། ཁྱོན་ཡོངས་ནས་དངོས་འབེབ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གྲུབ་པར་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཚན་རིག་དང་བསྟུན་པ། རང་འགུལ་གྱིས་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ། ཉེན་ཁའི་ཁྲོད་སྔོན་ལ་གོ་སྐབས་ཐོབ་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་བ་གཏོད་དེ། སྔར་ལས་སྤུས་ཚད་མཐོ་བ་དང་། ཕན་འབྲས་ཆེ་བ། འདྲ་མཉམ་ཡིན་པ། རྒྱུན་མཐུད་ཡིན་པ། བདེ་འཇགས་ཡིན་པའི་འཕེལ་རྒྱས་ཤིག་མངོན་འགྱུར་བྱེད་པར་འབད་བརྩོན་བྱས། མ་འོངས་པར་ཁ་ཕྱོགས་ན་ཏང་གི་འགོ་ཁྲིད་སྟོབས་ལྡན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་མངོན་གསལ་ལྡན་པ་ཡོད་པས། བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གསོག་འཇོག་བྱས་པའི་དངོས་པོའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཡོད་པ་དང་། གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་ཁྱད་སྟོབས་དང་ནང་མཁོའི་སྦས་ཤུགས་ཡོད་ཅིང་། མི་ཤུགས་ཀྱི་མ་རྩ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཧ་ཅང་ཆེན་པོ་ཡོད་པས། ང་ཚོ་ཡིད་ཆེས་བརྟན་པོ་དང་བློ་གཅིག་སེམས་གཅིག་བྱས་ནས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་ན། ཉེན་ཁ་ཆེན་པོར་འགོག་རྒོལ་བྱེད་པའི་ཁྲོད་དུ་གོ་སྐབས་ཆེན་པོ་བསྐྲུན་ནས་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་ལངས་ཐུབ་ངེས་རེད།

ཀྲུང་གོའི་དཔལ་འབྱོར་ནི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་བར། རླུང་འཚུབ་དྲག་ཆར་བགྲངས་ལས་འདས་པ་བརྒྱུད་ཀྱང་རྒྱ་མཚོ་སྔར་བཞིན་གནས་ཡོད། བརྒྱུད་ཡོང་བའི་དཀའ་སྡུག་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ་ང་ཚོ་དཀའ་ངལ་ཁྱད་བསད་ཁྲོད་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་དང་འགྲན་སློང་ཁྲོད་རང་ཉིད་ལས་བརྒལ་བ་ཡིན། ཀྲུང་གོར་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་རི་ངོས་ཀྱག་ཀྱོག་གི་ལམ་བུ་བརྒལ་བའི་ནུས་པ་ལྡན་པས། ཀྲུང་གོའི་མདུན་སྐྱོད་ཀྱི་གོམ་སྟབས་བརྟན་པོ་འགོག་ཐུབ་མཁན་གཅིག་ཀྱང་མེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས་ཡིད་ཆེས་བརྟན་པོ་དང་། འབད་འབུངས་ཡར་བརྩོན། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་དུས་རབས་གསར་པའི་སྐྱོད་ལམ་གསར་བའི་སྟེང་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།