--མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་གྲོས་སྡུར་ལེགས་པོ་བྱས།
ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་ལངས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ མདུན་སྐྱོད་བྱེད་དགོས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས2021ལོའི་དཔལ་འབྱོར་བྱ་བར་ཕྱོགས་བསྡོམས་གཏིང་ཟབ་བྱས་བ་དང་། མིག་སྔའི་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། 2022ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་། དམིགས་འབེན་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་འགན་བཅས་གསལ་བོར་བཏོན་པ་དང་ཆབས་ཅིག མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་པ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པར་མ་ཟད། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། དངོས་སྒྲུབ་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ཡོད། གཞི་རིམ་ལས་བྱེད་པས་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་སྔོན་བསུ་བྱེད་དགོས་ཟེར།
བརྟན་པོ་ཡོང་བར་བྱ་རྒྱུ་ཨང་དང་པོར་བཞག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས“བརྟན་པོ”ཞེས་པར་བརྟེན་ནས་སང་ལོའི་དཔལ་འབྱོར་བྱ་བའི་ནང་དོན་གཙོ་བོ་གཏན་འཁེལ་བྱས་ཏེ། སྤྱི་ཁོག་དང་། བྱེ་བྲག གྲུབ་གཞི། ཚན་རྩལ། བཅོས་སྒྱུར་སྒོ་འབྱེད། ས་ཁོངས། སྤྱི་ཚོགས་སོགས་ཕྱོགས་བདུན་གྱི་ཐད་ནས་བཀོད་སྒྲིག་ཞིབ་རྒྱས་བྱས་ཡོད།
ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་འཕེལ་རྒྱས་བཅོས་སྒྱུར་དང་བཟོ་ལས་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧིག་ཀྲུང་ཧོས་ཀྱིས་བཤད་རྒྱུར། གྲོས་ཚོགས་ནས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱི་བླང་བྱ་ཡིན་པས། ཏང་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ལག་བསྟར་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་བརྟན་པོའི་ངང་མཐོར་འདེགས་དང་གྲངས་ཀ་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། ང་ཚོས་བྱ་བ་དངོས་ཀྱི་ཁྲོད་གྲོས་ཚོགས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རང་འགུལ་ངང་གནས་བབ་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ནས། ཚོང་འགུགས་དངུལ་འདྲེན་གྱི་བསམ་ཕྱོགས་ཧུར་ཐག་གིས་ལེགས་སྒྲིག་བྱེད་པ་དང་། ཚོང་འགུགས་དངུལ་འདྲེན་གྱི་རྣམ་པ་གསར་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། གནད་སྨིན་ཚོང་འགུགས་མངོན་འགྱུར་དང་རྣམ་གྲངས་དོན་འཁྱོལ་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་བ་སྣོན་དགོས་ཟེར།
སང་ལོའི་དཔལ་འབྱོར་ལས་དོན་བརྟན་བརླིང་ཡོང་བ་ཨང་དང་པོར་བཞག་ནས་བརྟན་ཐོག་ཡར་འཕེལ་ཡོང་བར་བྱེད་དགོས། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་འཕེལ་རྒྱས་དང་བཅོས་སྒྱུར་ཅུས་ཀྱི་ཅུས་ཀྲང་ཀུའོ་ཐེན་ཕིན་གྱིས་བཤད་རྒྱུར། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག འགན་འཁྲི་གཙོ་བོར་དམིགས་ཏེ། དཀའ་སྤྱད་སྡུག་རུས་ཀྱིས་ལས་དོན་སྒྲུབ་པ་དང་། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་ཀའི་ལག་ལེན་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་དམ་འཛིན་ལེགས་པོ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། “ས་ཁུལ་བཞི་འཛུགས་སྐྲུན”དང“གསར་བ་ལྔའི་མཚོ་ཤར”འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པ། སྐྱེ་ཁམས་འཕེལ་རྒྱས་སྔོན་འགྲོ་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ལས་གཞི་གལ་ཆེན་འཛུགས་སྐྲུན་དང་། ཤེས་རིག་གྲོང་ཁྱེར་དོ་དམ། གྲོང་གསེབ་དར་སྤེལ་གཏོང་བའི་ཐོན་ལས་འཕེལ་རྒྱས། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཞིང་ལས་ཐོན་རྫས་ཕྱིར་གཏོང་དཔེ་སྟོན་མཐོ་ས། ཚོང་གཉེར་ཁོར་ཡུག་ལེགས་བཅོས་སོགས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་ནས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཟེར།
མཚོ་ནུབ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་གྲགས་ཀྱིས་ཡིད་ཆེས་ཆེན་པོས་བཤད་རྒྱུར། ང་ཚོས་སྒུལ་ནུས་གསར་པ་གཅིག་སྡུད་བྱེད་པ་དང་། གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། ཐཱན་གཉིས་ཀྱི་གཡུལ་ས་གཙོ་བོར་མུ་མཐུད་དུ་ཤུགས་སྣོན་བྱས་ནས། མཚོ་ནུབ་ཀྱི་སྐྱེ་ཁམས་ཁྱད་སྟོབས་དང་ཐོན་ཁུངས་ཁྱད་སྟོབས་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་དཔལ་འབྱོར་ཁྱད་སྟོབས་སུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།
སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་ཚིས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་། སྡོད་ཁང་། རྒན་གསོ། བུ་བཙའ་སོགས་དམངས་ཚིས་གནད་དོན་ལ་དམིགས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་ཆ་འཕྲིན་གལ་ཆེན་རབ་དང་རིམ་པ་བཏོན་ཡོད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྒྱ་མཚོ་ཡིས་བཤད་རྒྱུར། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱེད་དགོས་ཞེས་བསྟན་ཡོད། 2019ལོའི་ཟླ12ཚེས28ཉིན་ང་ཚོའི་ཡུལ་ཚོར་གློག་དྲ་ཆེན་པོ་སྦྲེལ་མཐུད་བྱས་ནས། ཡུལ་ཚོ་ཡོངས་ཀྱི་སྡེ་བ4ཡི་ཁྱིམ་ཚང911ལ་འོད་སྣང་སྦྱིན་ཡོད། གྲུབ་འབྲས་འདི་ནི་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་ལས་བྱུང་བ་རེད། ལོ་གཉིས་ཀྱི་རིང་གཡང་ལུང་ཡུལ་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་། དྲ་ཐོག་ཚོང་དོན་དང་སྐམ་ལུག་གི་ཤ་ལས་སྣོན་སོགས་ཐོན་ལས་གསར་པ་འཕེལ་རྒྱས་བྱུང་ནས། གྲོང་གསེབ་དར་སྤེལ་ལས་དོན་བདེ་བླག་ངང་སྤེལ་བར་སྐུལ་འདེད་ཆེན་པོ་ཐོབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་དུ་གློག་གི་ལེགས་ཆར་བརྟེན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། སྡེ་བའི་མཉམ་ལས་ཁང་དུ་དྲ་ཐོག་ཚོང་དོན་ལས་སྟེགས་ཁྱབ་སྤེལ་བྱས་ཏེ། ཕྱུགས་ལས་ཐོན་རྫས་ཞིང་ཆེན་ཕྱི་ནང་དུ་ཕྱིར་འཚོང་བྱ་རྒྱུ་ཡིན་ཟེར།
རྗེས་ཕྱོགས་ང་ཚོས་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ། སེམས་ཤུགས་གཅིག་སྒྲིལ་གྱིས་འགན་ལེན་དྲུག་དང་བརྟན་སྲུང་དྲུག་ལ་སྐུལ་འདེད་གཏོང་བ་དམ་འཛིན་བྱེད་པ། དཔལ་འབྱོར་འཁོར་སྐྱོད་སྔར་ལས་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། དམངས་ཚིས་མཐའ་ཚད་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་རྣམ་པ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱ་རྒྱུ་ཡིན།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དཔྱི་ས་ཡུལ་ཚོའི་ཡུལ་གཙོ་གཞོན་པ་པད་མ་རྡོ་རྗེས་བཤད་རྒྱུར། ད་ལོའི་ཚུན་ལ། དཔྱི་ས་ཡུལ་ཚོ་ཡིས་ནོར་ནག་ཐོན་ལས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་རྒྱུ་ནོར་མཉམ་གཉེར་དང་། མ་རྩ་མཉམ་འབྲེལ། ཐོན་ཁུངས་བསྡུ་སྒྲིལ་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་དང་། དར་དམར་དང་། མཆོང་སྐྱོད་། མཐུན་སྒྲིལ་བཅས་སྡེ་བ་གསུམ་གྱི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཚོ་རིམ་པའི་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་ཐོག་མ་བཙུགས་པར་མ་ཟད། སྡེ་བ་རིམ་པའི་འཕེལ་རྒྱས་ཐུན་མོང་ཚོགས་པ་བཙུགས་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་བ་དང་ཐབས་ལམ་གསར་བ་གསར་བསྐྲུན་བྱས་ཡོད་ཟེར།
ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནས་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི“གསར་པ་གཉིས”ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཡ་ཧྥིན་གྱིས་བཤད་རྒྱུར། ཏང་གི་ལས་དོན་སྒྲུབ་མཁན་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཏང་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཆེད་ལས་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་། དཔལ་འབྱོར་དང་ཚན་རྩལ་ལས་དོན་གྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱེད་པར་ཤུགས་སྣོན་བྱེད་པ། ཁྱད་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློར་གོ་བ་ཟབ་མོ་བླངས་ཏེ། བརྟན་ཐོག་ཡར་འཕེལ་དང་མདུན་སྐྱོད་ལ་བརྟེན་ནས་བརྟན་བརླིང་ཡོང་མཁས་པོ་བྱེད་པ་དང་། ཉམས་ཉེན་ཁྲོད་ནས་གོ་སྐབས་སྔོན་ལ་འཛིན་པ་དང་འགྱུར་ལྡོག་ཁྲོད་ནས་རྣམ་པ་གསར་པ་བསྐྲུན་མཁས་པོ་བྱས་ནས། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཟེར།
གྲོས་ཚོགས་ནས་ང་ཚོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་འཐབ་ཇུས་ཀྱི་དཔེ་རིས་རིས་སུ་བཀོད་ཡོད་པས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་བ་དང་ཁྱད་སྟོབས་གསར་བར་སྔར་ལས་མཐོང་ཆེན་བྱེད་དགོས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཞི་གྲངས་ཆེ་མོའི་ཐོན་ལས་གླིང་ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱིའི་ལས་འཛིན་པ་ཀྲང་ཞའོ་ཁྲིན་གྱིས་བཤད་རྒྱུར། མ་འོངས་པར་ས་གནས་སྲིད་གཞུང་དང་མཉམ་འབྲེལ་སྒོས་མཚོ་ལྷོ་ཁུལ་འདི་མདོ་དབུས་མཐོ་སྒང་གི་གཞི་གྲངས་ཆེ་མོའི་ཐོན་ལས་ཀྱི་ས་ཁོངས་ལྟེ་གནས་ཤིག་ཏུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཧའེ་ཧྥིན་གྱིས་བཤད་རྒྱུར། ཡུས་ཧྲུའུ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྡེ་ཁག་ཞིག་ཡིན་པའི་ཆ་ནས། ང་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཁག་ལ་དམ་པོར་དམིགས་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། ལས་གཞི་འཛུགས་སྐྲུན། བརྟན་སྲུང་དྲུག་དང་འགན་ལེན་དྲུག་སོགས་ཀྱི་ལས་འགན་གལ་ཆེན་གཅིག་གྱུར་གྱིས་འཆར་འགོད་དང་དོན་འཁྱོལ་བྱེད་པ་དང་། བརྟན་པོའི་ངང་འཕར་བ་དང་། བཅོས་སྒྱུར་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་ཚིས་ལ་ཕན་པ། ཉེན་ཁ་འགོག་པ་བཅས་བྱས་ཏེ། བྱ་བའི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡུས་ཧྲུའུ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།