གནས་སྤར་འབྲོག་དམངས་ཀྱི་འཚོ་བར་བདེ་སྐྱིད་ལྡན་པར་གྱུར།
2021.12.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

ད་ལོ་ལོ་ན་སོ་གཉིས་ཡིན་པའི་ངག་དབང་བསྟན་འཛིན་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཆེས་ཆེ་བའི་གནས་སྤར་སྡོད་ཁུལ་ཆེ་ཤོས་ཏེ་འབྲོག་པའི་རེ་བའི་ཁྱིམ་གཞིས་སུ་ཡོད།   ཁོའི་བྱིས་པ་བཞི་ཡི་ཁྲོད་དུ་བྱིས་པ་གཉིས་རྫོང་མཁར་དུ་སློབ་གྲྭར་འགྲོ་བཞིན་ཡོད་ལ་བྱིས་པ་གཞན་གཉིས་ནི་ཁྱིམ་དུ་ཁོའི་ཆུང་མས་སྙོར་སྐྱོང་བྱེད་བཞིན་ཡོད། ཁོ་རང་ཉིད་ཀྱིས་སྐྱེ་ཁམས་བདག་སྐྱོང་པའི་བྱ་བ་གཉེར་པ་ལས་གཞན་དངོས་སྐྱེལ་རླངས་འཁོར་ཆུང་ངུ་ཞིག་ཉོས་ཏེ་རྫོང་མཁར་གྱི་མཚན་མོའི་ཁྲོམ་ར་རུ་ཚོང་རྫས་བཤམས་ཚོང་བྱེད་བཞིན་ཡོད་པས་ངག་དབང་བསྟན་འཛིན་རང་ཉིད་ཀྱི་འཚོ་བར་བློ་ཡུལ་ཚིམས་ནས་བསྡད་ཡོད།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་རྫ་སྟོད་རྫོང་གིས་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་བདུན་བརྒྱ་དང་བཅུ་གཅིག་གི་མི་གྲངས་སྟོང་གསུམ་དང་བརྒྱ་དང་སོ་དགུ་ལ་ཡིག་ཚགས་དང་བྱང་བུ་བཟོས་ནས་སྡོད་ཁུལ་གཉིས་སུ་ཕྱེས་ཏེ་གཅིག་བསྡུས་བཀོད་སྒྲིག་བྱས། དེའི་ནང་འབྲོག་པའི་བདེ་སྐྱིད་གཞིས་ཁྱིམ་དུ་ཁྱིམ་ཚང་ཉིས་བརྒྱ་བདུན་ཅུ་བཀོད་སྒྲིག་བྱས་ཡོད་ཅིང་། འབྲོག་པའི་རེ་བའི་གཞིས་ཁྱིམ་དུ་ཁྱིམ་ཚང་བཞི་བརྒྱ་ཞེ་གཅིག་བཀོད་སྒྲིག་བྱས་ཡོད། ཁང་པ་གསར་པར་གནས་སྤར་བ་དེས་ཡུལ་དེའི་འབྲོག་པ་རྣམས་ལ་འཚོ་བའི་རེ་བ་དང་བདེ་སྐྱིད་བསྩལ།

གནས་མ་སྤར་བའི་སྔོན་དུ་ངག་དབང་བསྟན་འཛིན་ཚང་ཡང་རྫ་སྟོད་རྫོང་གི་རི་མཐོ་ལུང་ཟབ་ཏུ་གནས་བཅས་ཡོད་པ་དང་། ས་གནས་དེ་དཔངས་མཐོ་བའི་རི་ཚོགས་ཀྱིས་ཡོངས་སུ་བསྐོར་འདུག་ལ་ངག་དབང་བསྟན་འཛིན་ཚང་ལོ་གཅིག་གི་དུས་ཚིགས་བཞི་བོར་སྦྲ་ནང་དུ་བསྡད་དེ་ཕྱུགས་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། དགུན་ཁ་ཐོན་ཐེངས་རེ་ལ་གྲང་ངར་ཤིན་ཏུ་ཆེ་བས་ཉིན་མཚན་རེ་རེ་འཁྱོལ་དཀའ་བའི་གནས་སུ་གྱུར་ཡོད།

འཚོ་བའི་ཆ་རྐྱེན་ཞན་པའི་འོག་ཏུ། ཁོ་ཚང་གི་ལོ་གཅིག་གི་ཡོང་སྒོ་དེ་སྒོར་མོ་ཁྲི་གཉིས་ལ་མ་གཏོགས་མི་འབུད་པ་དང་། བཟའ་བཏུང་གི་འགྲོ་སོང་སྐོར་ནས་གྲོན་ཆུང་བྱས་ཏེ་ཁང་པ་གསར་པ་ཞིག་ལས་པར་གྲ་སྒྲིག་བྱས་མོད། ཡིན་ནའང་རེ་འདུན་དེ་དུས་ཡུན་རིང་བོར་མངོན་འགྱུར་བྱེད་མ་ཐུབ། དེའི་ཁར་ངག་དབང་བསྟན་འཛིན་ཁོ་རང་ལ་མཚོན་ན་ཡོང་སྒོ་བཙལ་བྱེད་ཀྱི་ལག་ཤེས་སོགས་ཀྱང་ཅི་ཡང་མེད་པས་ཐ་ན་རྫོང་མཁར་དུ་སོང་ནས་ཞོར་ལས་ཙམ་གཉེར་བའི་སྤོབས་པའང་ཡེ་ནས་མེད།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བར། ངག་དབང་བསྟན་འཛིན་ཚང་གནས་སྤར་ནས་རྫ་སྟོད་རྫོང་དུ་སོང་བས་དུས་དེ་ནས་བཟུང་འཚོ་བ་གསར་བ་རོལ་མགོ་བརྩམས། ཡུལ་གཞན་དུ་གནས་སྤར་བའི་སྡོད་ཁུལ་དུ་སྒྲིག་ཆས་སྣ་ཚོགས་ཆ་ཚང་བ་ཡོད་དེ། ཁྲུས་བྱེད་ས་དང་བདེ་སྲུང་ཁང་། ལུས་སྦྱོང་ལྟེ་གནས། སྡེ་ལས་ཞབས་ཞུ། རང་འདེམ་ཚོང་ར་སོགས་གཞི་གཅིག་ཏུ་འབྲེལ་བས་ངག་དབང་བསྟན་འཛིན་ཀྱི་སེམས་སུ་ཆེས་ཐོག་མར་གྲོང་ཁྱེར་གྱི་འཚོ་བ་ཕྱོགས་གང་ཅིའི་ཐད་ནས་སྟབས་བདེ་ཡིན་པའི་སྣང་བ་ཤར། དེ་བས་ངག་དབང་བསྟན་འཛིན་གྱིས་ཀུ་རེ་རྩེས་ནས་བཤད་རྒྱུར། ད་ལྟ་རི་མགོར་དབྱར་རྩྭ་དགུན་འབུ་འཐུ་རུ་སོང་ན་ཆེས་དྲན་པ་ནི་གསང་སྤྱོད་ཁང་རེད་ཟེར།

བདེ་སྡོད་ནི་འབད་བརྩོན་གྱི་རྨང་གཞི་ཡིན་པ་དང་བདེ་སྡོད་ཡོད་པས་ལས་བརྩོན་དེ་ཡང་གནད་དོན་ཆེན་པོ་ཞིག་རེད།

འབྲོག་པ་རྣམས་ལ་མཚོན་ན་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ལས་འཚོ་ཐབས་ཀྱི་ལག་རྩལ་གཞན་མེད་པས། ཁོ་ཚོ་གནས་སྤོར་ཐུབ་པ་དང་སྡོད་གནས་གཏན་འཇགས་འབྱུང་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་ཀྱི་ཆེད་དུ་རྫ་སྟོད་རྫོང་ཏང་ཨུ་དང་སྲིད་གཞུང་གིས་རྫ་སྟོད་རྫོང་གི་ཡུལ་གཞན་དུ་རོགས་སྐྱོར་གནས་སྤོར་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་འཆར་འགོད་ཅེས་པ་གཏན་ལ་ཕབ་པར་མ་ཟད། ཁྱིམ་ཚང་རེ་རེར་དབུལ་ཐར་བྱེད་པའི་ཇུས་གཞི་གཏན་ལ་ཕབ་པས་མང་ཚོགས་གནས་སྤོར་དང་དབུལ་ཐར་བྱེད་པ་དང་བདེ་སྡོད་ལས་བརྩོན་གྱི་འདུན་མ་མངོན་འགྱུར་བྱུང་།

དཀའ་ཐུབ་ཡང་ངག་དབང་བསྟན་འཛིན་དང་འདྲ་བར་འཚོ་གནས་བྱེད་པའི་ཁོར་ཡུག་གི་ཆ་རྐྱེན་ཞན་པའི་ཁར་ལག་ཤེས་སོགས་གཞན་ཅི་ཡང་མེད་པས་འཚོ་བའི་ཐད་རེ་བ་ཆེན་པོ་མེད་པ་ཞིག་རེད། ཁོ་ཚང་ཡང་ངག་དབང་བསྟན་འཛིན་ཚང་དང་འདྲ་བར་རྫོང་མཁར་དུ་གནས་སྤར་ནས་ཡོང་རྗེས་སུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རོགས་རམ་འོག ད་ལྟ་ཁོས་འབྲོག་པའི་རེ་བའི་ཁྱིམ་གཞིས་སྡོད་ཁུལ་དུ་བདེ་སྲུང་མི་སྣའི་འགན་འཁུར་ཡོད་པས་ཟླ་གཅིག་ལ་སྒོར་མོ་སྟོང་གཅིག་དང་ཉིས་བརྒྱ་ཡི་ཟླ་ཕོགས་ཡོད་པས་འཚོ་བར་སྔར་ལས་འགྱུར་ལྡོག་བྱུང་ཡོད།

ཉིས་སྟོང་ཉི་ཤུ་ལོར་དཀའ་ཐུབ་ཀྱི་ཆུང་མས་རྫོང་གི་ལྔ་གསུམ་ཐིག་གི་དངུལ་བུན་ཆུང་བར་བརྟེན་ནས་སྡོད་ཁུལ་གྱི་སྒོ་ཁ་རུ་གོ་རེ་འཚོང་ས་ཞིག་ཕྱེས་པ་དང་། མོས་ལས་པའི་གོ་རེ་ཧ་ཅང་ཞིམ་པས་སྡོད་ཁུལ་དེ་རུ་མིང་དུ་གྲགས་ཡོད། ཁོ་བཟའ་མི་གཉིས་ཀྱི་ཡོང་སྒོ་དེ་བསྣན་ཚེ་ལོ་གཅིག་ལ་སྒོར་མོ་ཁྲི་ལྔ་ཙམ་ཡོད་པས་ད་ལྟ་གཞི་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་ཀྱི་ཡོད། དཀའ་ཐུབ་ཀྱིས་བཤད་པ་ནང་བཞིན། ད་ལྟ་མ་མཐར་ཡང་ཁང་པ་གླས་ནས་འདུག་མི་དགོས་པར་གཞི་ནས་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པའི་མི་ཞིག་ཏུ་གྱུར་ཡོད་ཟེར་བ་ནང་བཞིན་རེད།

ད་ལྟ། དབུལ་སྐྱོར་གནས་སྤོར་གྱི་སྡོད་ཁུལ་གཉིས་སུ་སྡོམ་པས་སྡོད་དམངས་ཉིས་བརྒྱ་ཙམ་ཞིག་རོགས་སྐྱོར་སྡེ་ལས་ཀྱི་ཀུང་ཟིའི་ནང་དུ་ལས་ཞུགས་བྱས་ཡོད་པ་དང་། སྲིད་གཞུང་གི་སྤྱི་ཕན་རང་བཞིན་ལས་གནས་ཀྱིས་འབྲོག་ཁྱིམ་སུམ་བརྒྱ་ལྷག་གི་ཡོང་སྒོའི་གནས་ཚུལ་ལེགས་བཅོས་བྱས་པས་བདེ་སྡོད་ལས་བརྩོན་བྱ་བ་མངོན་འགྱུར་བྱས།

སྔར་ལས་ལྷག་པའི་སྒོ་ནས་ཡུལ་གཞན་གནས་སྤོར་སྡོད་དམངས་ཀྱི་འཚོ་བའི་ཆ་རྐྱེན་དེ་ཕྱོགས་ཡོངས་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་ཆེད་དུ། རྫ་སྟོད་རྫོང་གིས་གསོ་སྦྱོང་དང་ཐོན་སྐྱེད། འཛད་སྤྱོད་བཅས་གཞི་གཅིག་ཅན་གྱི་རྫོང་རིམ་པའི་འབྲོག་པའི་རིག་གནས་ལག་རྩལ་གསོ་སྦྱོང་བྱེད་པའི་རྟེན་གཞི་ཞིག་བཙུགས་ཡོད་པ་དང་། དེ་རུ་འབྲོག་པ་རྣམས་ལ་རིག་གནས་གསོ་སྦྱོང་དང་ལག་རྩལ་གསོ་སྦྱོང་། དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན། ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་པ་སོགས་ཀྱི་གསོ་སྦྱོང་བྱེད་རྒྱུ་ཡིན་པས། འབྲོག་པ་རྣམས་རིན་མེད་དང་རང་མོས་ལྟར་གསོ་སྦྱོང་དེ་དག་གི་ཁྲོད་དུ་ཞུགས་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་རྩལ་ནུས་སྣ་ཚོགས་ཤིག་སྦྱང་ཆོག

རྫ་སྟོད་རྫོང་ཞིང་སྡེ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འཇིགས་མེད་ཕུན་ཚོགས་ཀྱིས་བཤད་རྒྱུར། ང་ཚོས་འབྲོག་དམངས་ཀྱི་དགའ་ཕྱོགས་ལྟར་གསོ་སྦྱོང་བྱ་འགུལ་སྤེལ་རྒྱུ་ཡིན་པས་འབྲོག་པ་རྣམས་ཀྱིས་རང་གི་དགའ་མོས་ལྟར་དུ་གསོ་སྦྱོང་གི་ནང་དོན་གདམ་གསེས་བྱས་ཆོག  ཁོ་ཚོར་འཚོ་གཞེས་ཀྱི་ཆེད་དུ་འཚོ་གཞེས་བྱེད་ཀྱི་མེད་པར་རང་ཉིད་ཀྱི་དཀའ་སྤྱད་དང་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བརྩོན་ལེན་བྱེད་བཞིན་པའི་ངེས་ཤེས་འདྲོངས་པར་བྱས་ནས། སེམས་དང་བསམ་པའི་སྟེང་ནས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བའི་ངོ་བོ་རྟོགས་པར་བྱེད་དགོས་ཟེར།

གསོ་སྦྱོང་རྟེན་གཞི་ཡོད་པར་མ་ཟད་རྫ་སྟོད་རྫོང་གིས་ད་དུང་སྐྱེལ་འདྲེན་ལྟེ་གནས་ཀྱི་ལས་གཞི་དང་དབྱར་རྩྭ་དགུན་འབུའི་དབུལ་སྐྱོར་ཐོན་ལས་ཚོང་ལས་ཕྱོགས་བསྡུས་ཅན་དང་། དབུལ་སྐྱོར་གསོལ་མགྲོན་ཁང་།  རླངས་འཁོར་ཞིག་གསོ་བྱེད་ས། སྔོ་ཚལ་འདེབས་སའི་རྟེན་གཞི་སོགས་དབུལ་སྐྱོར་ཐོན་ལས་ཆེན་མོ་བཅུ་བཙུགས་ཡོད་པ་དང་། དེར་སྡོམ་པས་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་དྲུག་འབུམ་བརྒྱད་ཁྲི་དགུ་སྟོང་བརྒྱད་དང་བདུན་བརྒྱ་བཏང་སྟེ། སྲིད་གཞུང་གར་སྟེགས་དང་ཁེ་ལས་འཁྲབ་སྟོན་པ། མང་ཚོགས་ཡོང་སྒོ་ཐོབ་མཁན་བཅས་ཡིན་པའི་འཁོར་སྐྱོད་ཀྱི་རྣམ་པ་གྲུབ་པར་བྱས་ཏེ། ལས་ཞུགས་དང་ལས་སྐྲུན་གྱི་གོ་སྐབས་འདོན་སྤྲོད་བྱས་ཏེ། དོན་དངོས་ཀྱི་སྟེང་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་དཀའ་གནད་རྩ་བའི་ཆ་ནས་ཐག་གིས་བཅད་ཡོད།

སྔོན་ཆད་དང་བསྡུར་ན་འཚོ་བའི་རྣམ་པར་འགྱུར་ལྡོག་དེ་འདྲ་ཆེན་པོ་བྱུང་ཡོད་པས། ངག་དབང་བསྟན་འཛིན་གྱི་སེམས་སུ་འགོག་ཐབས་བྲལ་བའི་དགའ་སྤྲོ་ཞིག་གིས་ཁེངས་དེ་བཤད་རྒྱུར། ངས་སློབ་སྦྱོང་བྱེད་འདོད་པ་མང་པོ་ཞིག་ཡོད། དེ་དག་གི་ཁྲོད་དུ་ཆེས་བསླབ་འདོད་པ་ནི་ཚོང་ལས་གཉེར་སྟངས་སྐོར་རེད། རེ་བ་ཡིན་ན་རྗེས་ཕྱོགས་སུ་ལས་གཞི་དེ་དག་གི་ཁྲོད་དུ་རང་ཉིད་དང་འཚམ་པའི་ལས་རིགས་ཤིག་རྙེད་པར་སྨོན། དེ་ལྟར་ཡིན་ཚེ་ངས་རྩལ་ནུས་སྣ་ཚོགས་ཤིག་སྦྱང་ནས་ལས་ཞུགས་གསར་སྐྲུན་བྱས་ཏེ། མ་འོངས་པར་རང་གི་བྱིས་པར་སློབ་གསོ་ཡག་པོ་ཞིག་མྱང་དུ་འཇུག་རྒྱུ་ཡིན་ཟེར།

                                                                                                 ཡིག་སྒྱུར་བ། གཡང་འབུམ་རྒྱལ།