རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ངོས་འཛིན་དང་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས།
2021.12.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།

“འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་སྐབས་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་བྱུང་ཞིང་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གསར་པ་གལ་ཆེན་མང་པོར་འཕྲད་ཡོད་པས་ངོས་འཛིན་དང་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས།” ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཐོག་ཐུན་མོང་དུ་ཕྱུག་པོར་འགྱུར་བའི་འཐབ་ཇུས་ཀྱི་དམིགས་འབེན་དང་ལག་ལེན་གྱི་ཐབས་ལམ་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་པ་དང་མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་པ། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་སྲུང་དང་ཉེན་ཁ་གལ་ཆེན་ལ་ངོས་འཛིན་དང་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་ངོས་འཛིན་དང་ཡང་དག་པར་ཁོང་དུ་ཆུད་པར་བྱ་དགོས་ལུགས་བཅས་ནན་བཤད་བྱས་ཡོད།

འཕེལ་རྒྱས་ཀྱི་བརྒྱུད་རིམ་མངོན་འགྱུར་བྱེད་པར་རྩ་བའི་ཆ་ནས་བརྗོད་ན་གནད་དོན་རྒྱུན་ཆད་མེད་པར་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཁྲོད་ཀྱི་ཉམས་མྱོང་གལ་ཆེན་ཞིག་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་པར་རྒྱུན་འཁྱོངས་དང་གནད་དོན་དངོས་ཐག་གཅོད་བྱེད་རྒྱུ་དེ་བྱ་བའི་རྣམ་པ་གསར་གཏོད་བྱེད་པའི་ཚད་བརྒལ་བྱེད་སར་བརྩི་རྒྱུ་དེ་རེད། ངེས་པར་དུ་མཐོང་དགོས་པ་ཞིག་ལ།དུས་རབས་ཀྱི་རིམས་ནད་གནས་ཚུལ་གྱི་འཇབ་རྒོལ་འོག ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་བྱུང་བ་དང་།ཕྱིའི་ཁོར་ཡུག་སྔར་ལས་རྙོག་འཛིང་དང་ཛ་དྲག་ཆེ་བ་དང་གཏན་འཁེལ་བྱེད་མི་ཐུབ་པ་དང་།འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་རྗེས། ཐག་གཅོད་བྱ་དགོས་པའི་གནད་དོན་སྔར་ལས་སྣ་མང་དང་སྔར་ལས་རྙོག་འཛིང་ཆེ་རུ་འགྲོ་སྲིད། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཐོག་གསལ་པོར་བཏོན་པའི་ཕྱོགས་ལྔའི་ཐད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན།རྒྱང་ལྟ་རང་བཞིན་བཅས་དང་འབྲེལ་བའི་གནད་དོན་དང་འབྲེལ་བ་ཡོད་ཅིང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་འཕེལ་རྒྱས་གཏོང་བར་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གསར་པ་གལ་ཆེན་མང་པོ་ལྷགས་ཡོད་པ་གཏིང་ཟབ་པའི་སྒོ་ནས་གསལ་པོར་མཚོན་ཡོད། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་འཕྱུགས་མེད།ཁྱོན་ཡོངས་ནས་ལག་བསྟར་བཅས་བྱེད་པ་དང་།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་གསར་གཏོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པ་བཅས་ཀྱི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན།

དུས་རབས་ཀྱི་མཐོ་ཚད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ཤེས་རྟོགས་དང་ཞིབ་འཇུག་བྱ་རྒྱུ་ནི་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་རེད། ངེས་པར་དུ་མཐོང་དགོས་པ་ཞིག་ལ།ཐུན་མོང་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ཞིང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་རྒྱུན་ཆད་མེད་པར་གསར་སྐྲུན་དང་གསོག་འཇོག་བྱ་དགོས་ལ་མཐའ་གཉིས་སུ་གྱེས་པར་ཡང་སྔོན་འགོག་བྱ་དགོས། ཐུན་མོང་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་མངོན་འགྱུར་བྱ་དགོས་ན།ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་སྒོས་འབད་བརྩོན་བྱེད་པར་བརྟེན་ནས་“སྤྲི་གོར”ལེགས་པོར་ལས་པ་དང་། དེ་ནས་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་ལ་བརྟེན་ནས་“ སྤྲི་གོར”བགོ་བྱ་ཡག་པོ་བྱ་དགོས། འདི་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས་གོམ་པ་བརྟན་པོའི་ངང་དམིགས་འབེན་འདིའི་ཕྱོགས་སུ་བསྐྱོད་དགོས། འདིས་ང་ཚོར་ཐུན་མོང་དུ་ཕྱུག་པོར་འགྱུར་བའི་འཐབ་ཇུས་ཀྱི་དམིགས་འབེན་དང་ལག་ལེན་གྱི་ཐབས་ལམ་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱ་དགོས་པའི་བླང་བྱ་བཏོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ནི་རླབས་ཆེན་གྱི་གསར་གཏོད་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ཁྲོད་དུ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མ་རྩ་ཡོད་ངེས་པས།ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་པ་དང་།དུས་མཚུངས་སུ་དེའི་དགེ་མཚན་མེད་པའི་ནུས་པར་ཚོད་འཛིན་ནུས་ལྡན་ཡང་བྱ་དགོས་པ་ངེས་པར་དུ་མཐོང་དགོས། མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བ་བཀག་འགོག་བྱེད་པ་ནི་མ་རྩ་མི་དགོས་པ་མ་ཡིན་པར་མ་རྩ་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་དགོས། འདིས་ང་ཚོས་མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པར་བྱ་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོ་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ན།དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱ་རྒྱུ་ནི་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས། འཐབ་ཇུས་ཀྱི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་མཁོ་སྤྲོད་བདེ་འཇགས་འགན་ལེན་བྱས་ཚེ་གཞི་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱེད་ཐུབ། འདིས་ང་ཚོར་དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱེད་པར་ཡང་དག་པའི་ངོས་འཛིན་དང་ཁོང་དུ་ཆུད་པར་བྱ་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། བཅོས་བསྒྱུར་གོང་སྤེལ་བརྟན་ལྷིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི་བ་དང་། ང་ཚོའི་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་སློང་སྔར་ལས་མང་པ་ངེས་པར་དུ་ཤེས་པར་བྱ་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་དང་མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཉེས་འབྱུང་འདུ་ཤེས་ཆེ་རུ་གཏོང་བ།སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་གང་ཐུབ་བཅས་བྱས་ན།ད་གཟོད་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་ཐུབ། འདིས་ང་ཚོར་ཉེན་ཁ་ཚབས་ཆེན་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཁྲོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་རྒྱ་ཆེ་ཞིང་གཏིང་ཟབ་པས་ལས་སླ་མོར་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན་པ་ངེས་པར་དུ་ཤེས་དགོས། བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་གཏོང་དགོས་མོད།འོན་ཀྱང་འཐབ་ཐེངས་གཅིག་གིས་རྣམ་པར་རྒྱལ་བ་ཡོང་མི་སྲིད། འདིས་ང་ཚོར་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་ཡང་དག་པའི་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གནད་དོན་ཤེས་རྟོགས་དང་གནད་དོན་ལ་ཁ་གཏད་འཇལ་རྒྱུ་དེ་མཐར་གཏུགས་ནས་བཤད་ན་གནད་དོན་ཐག་གཅོད་བྱ་རྒྱུའི་ཆེད་དུ་རེད། ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་འཐབ་ཇུས་ཀྱི་དམིགས་འབེན་དང་ལག་ལེན་གྱི་ཐབས་ལམ་ངོས་འཛིན་དང་ཁོང་དུ་ཆུད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་སྔོན་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།བགོ་བཤའི་ནུས་པ་འདོན་སྤེལ་བྱེད་པ།གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ།སྤྱི་པའི་ཞབས་ཞུའི་སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་པར་མ་རྩར་“དམར་ལྗང་གློག”བཀོད་སྒྲིག་བྱས་ཏེ་ཁྲིམས་ལྟར་མ་རྩར་ལྟ་སྐུལ་དོ་དམ་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།མ་རྩ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།བློ་བརྟན་འགྱུར་མེད་ངང་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ།སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཡོ་འགུལ་སྤུ་ཙམ་མེད་པར་སྐུལ་ལྕག་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་སྔོན་ལ་གྲོན་ཆུང་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱལ་ནང་གི་ཐོན་ཁུངས་ཐོན་སྐྱེད་འགན་ལེན་ནུས་པ་ཆེ་རུ་བཏང་སྟེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་གྱི་གནས་སུ་བཞག་ནས། ཀྲུང་གོ་བའི་ལྟོ་ཕོར་དུས་ནམ་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་འགན་ལེན་བྱེད་དགོས། ཉེན་ཁ་ཆེ་རིགས་ལ་ངོས་འཛིན་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། མུ་མཐུད་དུ་ཁྱོན་ཡོངས་བརྟན་ལྷིང་དང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར།རིགས་དབྱེ་དང་སྲིད་ཇུས་ལག་བསྟར།གནད་ཁེལ་བཤིག་དཀྲོལ་བཅས་ཀྱི་བྱེད་ཕྱོགས་ལྟར། ཉེན་ཁ་ཐག་གཅོད་བྱེད་པའི་བྱ་བ་དམ་འཛིན་ཡག་པོ་བྱས་ནས་དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ས་གནས་དང་དངུལ་རྩར་ལྟ་སྐུལ་དོ་དམ་དང་། ལས་རིགས་ཀྱི་གཙོ་གཉེར་སོགས་ཕྱོགས་ཁག་གི་འགན་འཁྲི་ཏན་ཏིག་གིས་བསྒྲུབ་པ་དང་། ཁེ་ལས་ཀྱི་རང་སྐྱོབ་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ།དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་སེལ་རྒྱུའི་སྲིད་ཇུས་ལ་ཞིབ་འཇུག་དང་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཁྲོད་ཀྱི་འཆམ་མཐུན་ལ་ངོས་འཛིན་ཡང་དག་བྱས་ནས། རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་དང་གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པ།འཁོར་ལོ་གཉིས་ཀྱིས་སྐུལ་འདེད་གཏོང་བ། ཕྱི་ནང་ཤར་བགྲོད་དང་ཉེན་ཁ་སྔོན་འགོག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  རྡོ་སོལ་གཙོས་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་ཏེ། རྡོ་སོལ་དང་ནུས་ཁུངས་གསར་པ་བཟང་འགྱུར་སྡེབ་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་ཆ་རྐྱེན་བསྐྲུན་ནས་ནུས་ཁུངས་ཟད་གྲོན“ཚོད་འཛིན་གཉིས་”ནས་ཐཱན་འབུད་བསྡོམས་འབོར་དང་དྲག་ཚད་“ཚོད་འཛིན་གཉིས་”སུ་འགྱུར་ཐབས་གང་མགྱོགས་བྱེད་པ་དང་། བཙོག་སེལ་ཐཱན་ཉུང་གི་བསྔགས་སྐུལ་ཚོད་འཛིན་ལམ་སྲོལ་གང་མགྱོགས་ཀྱིས་ཆགས་པར་བྱས་ཏེ། ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་ནུས་ཁུངས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ། ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་དགོས།

ལོ་བརྒྱ་རིང་གི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ང་ཚོའི་ཏང་གིས་བསམ་བློ་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར། རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་པས། གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལ་རྒྱལ་ཁ་རླབས་ཆེན་ཐོབ་པ་དང་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་ནི་རང་རེའི་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ།  གཟིགས་རྒྱང་རིང་ལ་ཕྲ་མཐོང་ཆེ་ཤེས་བཅས་ཀྱིས་གནད་དོན་དངོས་ཐག་གཅོད་བྱེད་པ་ལ་འཐབ་ཇུས་ཀྱི་གནད་དོན་ཐག་གཅོད་དང་གནས་བབ་ལ་བརྡར་ཤ་ཡང་དག་གཅོད་པ་དང་ཁོང་དུ་ཆུད་པ། དོན་དངོས་དང་མཐུན་པའི་དམིགས་འབེན་ལས་འགན་དང་། སྲིད་ཇུས་དང་ཐབས་ཇུས་གཏན་འབེབས་བཅས་བྱས་པ་ལས་བྱུང་བ་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ངོས་འཛིན་ཡང་དག་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཕྱོགས་སྟོན་རྒྱུན་འཁྱོངས་ཀྱིས་རྨང་གཞི་སྲ་བརྟན་དང་ལེགས་ཆ་དར་སྤེལ། ཞན་ཆ་གསབ་པ་བཅས་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་རྒྱུན་ཆད་མེད་པར་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་དུ་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་པ་དང་།  ཀྲུང་གོའི་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་དེས་རླབས་ཆེན་གཤག་ནས་རྒྱང་དུ་བསྐྱོད་ཐུབ།

                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།