ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གསར་པ་མངོན་པར་བྱས་ནས་ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་བ་འཕྲོ་བར་བྱེད་དགོས།
2021.12.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

--སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་རྩོམ་རིག་སྒྱུ་རྩལ་བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན།

དེང་རབས་ཀྲུང་གོའི་རི་ཆུ་མཛེས་སྡུག་ལྡན་ཞིང་མི་དམངས་བློ་སྤོབས་ཆེ་ལ། མདུན་ལྗོངས་རྒྱ་ཆེན་པོ་ཡོད། དུས་རབས་ཀྱིས་རང་རྒྱལ་གྱི་རྩོམ་རིག་སྒྱུ་རྩལ་གྱི་དར་རྒྱས་དང་འཕེལ་རྒྱས་ཐད་སྔ་ན་མེད་པའི་གར་སྟེགས་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་དར་རྒྱས་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་བྱེད་མཁན་ལ་ལྡོག་མེད་ཀྱི་འགན་འཁྲི་ཕྲག་ཏུ་བབས་ཡོད་པས་རྩོལ་བ་བསྐྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས14ཉིན་གྱི་སྔ་དྲོར་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཚོགས་ཞུགས་འཐུས་མིའི་ཁྲོད་ཚུར་སྣང་དྲག་པོ་བྱུང། ཚོགས་ཞུགས་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་རྩོམ་རིག་སྒྱུ་རྩལ་བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཡོད་པས། རིག་གནས་ཀྱི་རང་རྟོགས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་ཀྱི་ཡིད་ཆེས་རྒྱུན་མི་ཆད་པར་ཇེ་བརྟན་དུ་བཏང་ནས་རྩོམ་རིག་སྒྱུ་རྩལ་གྱི་སྤུས་དག་བརྩམས་ཆོས་སྔར་ལས་མང་པོས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གསར་པ་མངོན་པར་བྱས་ཏེ་ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་པ་འཕྲོ་རུ་འཇུག་དགོས་པར་བསྟན།

སེམས་པ་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་དང་འབྲེལ་དགོས།

ཟིལ་རླབས་དགུང་དུ་འཕྱུར་བའི་བརྗིད་ཆགས་མཛེས་སྡུག་གི་རི་མོ་ཞིག་འབྲི་དགོས།

“རིག་གནས་ནི་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་། རྩོམ་རིག་སྒྱུ་རྩལ་ནི་དུས་རབས་ཀྱི་དུང་བརྡ་ཡིན།”ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་སྐབས་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། འཇིམ་བརྐོ་པ་མཁས་ཅན་ཝུའུ་ཝེ་ཧྲན་སེམས་འགུལ་ཆེན་པོ་ཐེབས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྟོང་འཕྲོ་བཞིན་ཡོད་པ་དང་། དེ་ཡིས་རྩོམ་རིག་སྒྱུ་རྩལ་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད་པས། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱི་འབད་བརྩོན་ཁ་ཕྱོགས་སྔར་ལས་ཇེ་བརྟན་དུ་བཏང་ཡོད།” ཝུའུ་ཝེ་ཧྲན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེ་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་ཚ་ཚ་འུར་འུར་གྱི་དངོས་ཡོད་འཚོ་བའི་ཁྲོད་འཆར་རྟོགས་འཚོལ་ཞིབ་དང་། ཀྲུང་ཧྭའི་མི་རིགས་ཀྱི་རིག་གནས་གསོག་འཇོག་ཁྲོད་ཐོན་ཁུངས་འཚོལ་བ། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱེད་རྒྱུ་ཡིན་ཟེར།

རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱིས་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ནས་རྩོམ་རིག་སྒྱུ་རྩལ་གསར་གཏོད་བྱ་རྒྱུ་དེ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་དང་མི་དམངས་ཀྱི་འབད་འཐབ་སྐྱོད་ལམ་སྟེང་འབྲི་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕན་ལུའུ་ཧྲིན་ལ་ཚོར་སྣང་ཟབ་མོ་སྐྱེས་སུ་བཅུག ཁོས་བཤད་རྒྱུར། སྐྱོད་ལམ་གསར་བའི་ཐོག་སྐྱོད་པར་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་མཐོ་ཚད་ནས་དམངས་ཁྲོད་ཀྱི་རྩོམ་རིག་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་དོན་སྙིང་ལ་ངོས་འཛིན་བྱས་ཏེ། ཡོངས་ཁྱབ་ཞིབ་བཤེར་ཞིབ་འཇུག་བྱ་བ་བཟང་པོར་སྒྲུབ་པ་དང་། ལག་ལེན་ཁྲོད་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་པ་དེས་རིག་གནས་རྒྱུན་འཛིན་དང་ལོ་རྒྱུས་མི་རབས་ནས་མི་རབས་བར་བརྒྱུད་དུ་བཅུག་པ་དང་། དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་གསར་གཏོད་ནུས་པ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

དུས་མཚམས་ཤིག་གི་རིང་ལ། བརྗོད་དོན་གཙོ་བོར་དམིགས་ནས་རྩོམ་རིག་གསར་རྩོམ་བྱས་པ་དང་། ཧྲན་ཏུང་གི་རྩོམ་པ་པོ་ལི་ཡན་ལིན་གྱིས་དངོས་བྲིས་རྩོམ་རིག་རིང་གྲས《ཡན་ཨན་གྱི་རྒྱུགས་ལེན》དང་《ཡུས་མིན་གྱི་བརྗིད་ཆེའི་གླུ་དབྱངས》སོགས་ཀྱི་བརྩམས་ཆོས་སྤེལ་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་གི“ཕྱོགས་ཡོངས་ནས་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་མངོན་དུ་འཇུག་དགོས”ཞེས་པར་མྱོང་ཚོར་ཟབ་མོ་བྱུང་།

ལི་ཡན་ལིན་གྱིས་བཤད་རྒྱུར། རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་རླབས་ཆེན་གྱི་དུས་རབས་གསར་པ་འགན་འཁྲི་གསར་པར་འཕྲད་ཡོད། ངས་མ་འོངས་པའི་བྱ་བའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལག་བསྟར་བྱས་ནས་རླབས་ཆེན་གྱི་དུས་རབས་དང་། ལྷག་བསམ་ཟོལ་མེད་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་ཉམས་སུ་མྱོང་བ། སེམས་ཞིབ་མོས་མི་གཤིས་ཀྱི་མཛེས་པ་བཟུང་སྟེ། གསོན་ཉམས་ལྡན་པའི་ཡི་གེའི་ལམ་ནས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་རྩོམ་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ནས་འཛད་ཐབས་མེད་པའི་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་རྩོམ་རྒྱུ་ཡིན།

མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་སྒྲུབ་པ། མི་དམངས་ལ་དབང་བ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩ་བའི་ལངས་ཕྱོགས་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་གོང་འཕེལ་འགྲོ་བའི་སྒུལ་ཤུགས་ཀྱང་ཡིན་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅིས‘མི་དམངས་ནི་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་ཡིན’ཞེས་གསུངས་བྱུང་བས། ང་ལ་མི་དམངས་ཀྱི་ཁྲོད་བླངས་མི་ཚར་བའི་གསར་རྩོམ་གྱི་ཁུངས་ཡོད་པའི་མྱོང་ཚོར་ངོ་མ་ཐོབ་བྱུང་། ང་ཚོས་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ཁྲོད་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་འཁྱོངས་ཀྱིས་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཡིད་ཚིམ་མི་ཚིམ་དེ་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་མཐོ་ཤོས་སུ་བརྩིས་ནས་རྩོམ་རིག་སྒྱུ་རྩལ་གྱི་མེ་ཏོག་ལྡུམ་ར་དེ་ནམ་ཡང་མི་དམངས་ཀྱི་ཆེད་དུ་བཞད་ཐུབ་པར་བྱེད་དགོས”ཞེས་སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་རི་མོ་བ་གྲགས་ཅན་ལིས་པིན་གྱིས་དེ་ལྟར་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་‘འཚོ་བ་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ནི་འཚོ་བ་ཡིན’ཞེས་གསུངས་པ་དང་། གཞི་རིམ་གྱི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས་ང་ལ་མྱོང་ཚོར་ཟབ་མོ་བྱུང་།” ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་མིའམ་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲིན་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཀྲང་ཞའོ་ཅུན་གྱིས་བཤད་རྒྱུར། རྗེས་ཕྱོགས་ཀྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་རྩོམ་རིག་སྒྱུ་རྩལ་དང་བླངས་ཞབས་ཞུའི་བྱ་བའི་ཁྲོད། ང་ཚོས་རྩོམ་རིག་སྒྱུ་རྩལ་ཆེད་མཁས་པའི་མཐུན་ཚོགས་རྣམས་དེའི་ཁྲོད་ཞུགས་པ་དང་། ས་གནས་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་སྔོག་འདོན་བྱས་ཏེ། མང་ཚོགས་ལ་མཁོ་བའི་རྩོམ་རིག་སྒྱུ་རྩལ་གྱི་སྤུས་དག་བརྩམས་ཆོས་ཁྱིམ་ཚང་གི་སྒོ་ཁར་བསྐྱལ་ནས་ནམ་ཡང་ཚར་རྒྱུ་མེད་པའི་གཞི་རིམ་རྩོམ་རིག་སྒྱུ་རྩལ་གྱི་གར་སྟེགས་ཤིག་བསྐྲུན་རྒྱུ་ཡིན་ཟེར།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱིས་འཚོ་བར་ཟབ་ཞུགས་དང་། བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ་བྱེད་པའི་སྲོལ་རྒྱུན་བཟང་པོ་དང་དར་སྲོལ་བཟང་པོ་བསྐྱར་དུ་འཚོལ་ཞིབ་བྱེད་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་གསར་རྩོམ་བྱེད་མཁན་ཇེ་མང་དང་། དུས་ཡུན་རིང་བོར་གཞི་རིམ་དུ་རྐང་ཚུགས་ཐུབ་མཁན་ཇེ་མང་དུ་འགྲོ་བ། འཚོ་བའི་ཁྲོད་ཡང་ཡང་ཟབ་ཞུགས་བྱེད་མཁན་ཇེ་མང་དུ་ཕྱིན་ཏེ། མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་། མི་དམངས་ཀྱི་ཁྲོད་དུ་སྤེལ་བ། མང་ཚོགས་དང་ཉེ་བར་བཅར་བ། སྤེལ་ཐུབ་པ། ཉར་ཚགས་བྱེད་རིན་ཡོད་པའི་བརྩམས་ཆོས་སྤུས་དག་སྐོར་ཞིག་བྱུང་།

དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོ་དང་དབུལ་ཐར་གྱི་ཡུལ་མི་སྤུན་ཟླར་འཚམས་འདྲི་བྱས། ཧུའུ་ནན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཨུ་ཡོན་ཅི་ཧུང་ཅན་གྱིས་གོམ་པས་ས་གཞི་ཚད་ལ་འཇལ་ནས་དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་བྱ་གཞག་ཐོ་འགོད་བྱས། ཁོང་གིས་བརྩམས་པའི《ཞིང་སྡེའི་རྒྱལ་ཁབ་ཀྱི་ཇུས་ཆེན》ལ་སྐབས་བདུན་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཡང་ཐོབ་མྱོང་།

ཅི་ཧུང་ཅན་གྱིས་བཤད་རྒྱུར། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པ་དང་། ང་ཚོ་སྔར་ལས་ཀྱང་གྲོང་གསེབ་དར་སྤེལ་གྱི་བྱ་བའི་ནང་ཞུགས་ཏེ་ཀྲུང་གོའི་ས་གཞི་ཆེན་མོ་ཀུན་ཏུ་སྐྱོད་དགོས་པ་དང་། འབད་འཐབ་བྱེད་མཁན་གྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཟིན་ཐོར་བཀོད་དེ། འབད་འཐབ་བྱེད་མཁན་གྱི་སྙིང་སྟོབས་མངོན་པར་བྱེད་དགོས་པ་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གོང་འཕེལ་གྱི་ཞབས་རྗེས་དང་། མི་དམངས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་ཞབས་རྗེས་བསྐྲུན་དགོས་ཟེར།

གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་འཆད་དགོས།

“རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱིས་སྔར་ཡོད་ཀྱི་རྣམ་པའི་སྟེང་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ནས་དུས་རབས་ཀྱི་རྗེས་ཆོད་པའི་སྤུས་དག་བརྩམས་ཆོས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་བསམ་ཕྱོགས་གསར་པ་གཏོད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ལ་རེ་བ་ནན་མོ་བཏོན་ཡོད།

ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་པའི་ཁོངས་མི་ཡིན་པའི་པེ་ཅིན་དབྱང་ཧྭ་དུས་རབས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་བ་ཝང་ཁི་རན་གྱིས་བཤད་རྒྱུར། ཟློས་གར་ཁྱབ་ཁོངས་ཀྱི“སྔར་ཡོད་ཀྱི་རྣམ་པ་སྲུང་བ”ནི་ལྟད་མོ་བར་དྲོད་ཁོལ་སྦྱིན་པ་དང་དུས་རབས་ལ་ཡིད་ཆེས་དང་དད་སེམས་ལྡན་པའི་རིན་ཐང་གི་རྨང་གཞི་བརྟན་སྲུང་བྱེད་པ་དེ་ཡིན་ལ། “གསར་སྐྲུན”ནི་གར་སྟེགས་ཀྱི་མཛེས་པའི་རིག་པ་དང་། མཚོན་ཚུལ་གྱི་རྣམ་པ། ལག་རྩལ་གྱི་རྩལ་ནུས་གསར་པ་བཅས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ་ཞིག་རེད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་ངེས་པར་བྱས་ནས་སྔར་ཡོད་ཀྱི་རྣམ་པ་སྲུང་བའི་གསར་སྐྲུན་ཁྲོད་སྒྱུ་རྩལ་གྱི་ཆེས་མཐོ་སར་བསྙེགས་པ་དང་། སྒྱུ་རྩལ་གྱི་ཡུལ་ཁམས་གསར་བ་དོན་གཉེར་བྱས་ཏེ། ཀྲུང་གོའི་གཏམ་བརྗོད་ཟློས་གར་གྱི་སྒྱུ་རྩལ་འཕེལ་རྒྱས་ཐད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་དཔལ་ཡོན་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཡིན་ལ། དེང་རབས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་རྨང་གཞི་ཡིན་པ་དང་། རྩོམ་རིག་སྒྱུ་རྩལ་གསར་སྐྲུན་གྱི་གཏེར་མཛོད་ཀྱང་ཡིན།

ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་མཉམ་འདྲེས་གསར་སྐྲུན་འཕེལ་རྒྱས་ཀྱི་འཚོལ་ཞིབ་བརྒྱུད་དེ། པེ་ཅིན་པར་ལེན་པའི་མཐུན་ཚོགས་ཀྱི་ལས་འཛིན་ནམ་ན་གཞོན་འགུལ་རིས་འཁྲབ་ཁྲིད་པ་ཀྲང་ཁྲུང་ཅིན་གྱིས《སྟོན་འབྲས》དང་།《སྟོན་ཚུགས་པ》《སྒོ་ལྷ》《ཕུགས་འདུན་སྦྲུམ་པའི་དགུན་དུས་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས》སོགས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འགུལ་རིས་བརྩམས་ཆོས་སྔ་རྗེས་སུ་བཏོན་པ་རེད། དེའི་འཕྲོར་ངས་མུ་མཐུད་དུ8Kཆེས་གསལ་བའི་བརྙན་ལམ་ལག་རྩལ་བཀོལ་སྤྱོད་བྱེད་པར་ཞིབ་འཇུག་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བརྒྱུད་སྒྲོག་དང་དར་སྤེལ་གཏོང་རྒྱུ་ཡིན་པ་དང་། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་རྣམ་པར་བརྟེན་ནས་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་ཕྱོགས་སུ་བསྒྱུར་བ་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

དཔེ་རྙིང་མང་པོར་ལྟ་ཀློག་དང་། ཡུལ་དངོས་ནས་རྟེན་མཛོད་ཁང་དང་རིག་དངོས་གནའ་ཤུལ་ལ་རྟོག་ཞིབ་བྱས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་ཨུ་ཡོན་ནམ་དྲ་རྒྱའི་རྩོམ་པ་པོ་ཅང་ཧྲིན་ནན་གྱིས་ཀྱང་དེ་བཞིན་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་ཤེས་རིག་གི་སྦྲང་རྩི་ཉམས་སུ་མྱོང་ཐུབ་པ་བྱུང་། ཁོ་མོས་བཤད་རྒྱུར། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ཡིད་ལ་དམ་པོར་བཅངས་ནས་རྩོམ་རིག་གསར་རྩོམ་ཁྲོད་བསམ་གཞིག་གསར་པ་དང་ཁ་ཕྱོགས་གསར་པ་འཚོལ་ཞིབ་བྱས་ཏེ། དྲ་རྒྱའི་རྩོམ་རིག་ལ་སྔར་ལས་བཀྲག་མདངས་འཚེར་རུ་འཇུག་རྒྱུ་ཡིན་ཟེར།

ན་གཞོན་ནི་བྱ་གཞག་གི་མ་འོངས་པ་ཡིན། གཞོན་རབས་པར་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་ཚད་མེད་ལྡན་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་སྟོབས་ཆེར་སོང་ཚེ། ང་ཚོའི་རྩོམ་རིག་སྒྱུ་རྩལ་བྱ་གཞག་ལ་གཞི་ནས་འབྲི་ཆུའི་རླབས་འདེད་ལྟ་བུའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཐུབ”ཅེས་གསུངས་མྱོང་། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་རྩོམ་རིག་སྒྱུ་རྩལ་ཚོགས་པ་གསར་པ་དང་རྩོམ་རིག་སྒྱུ་རྩལ་རྩ་འཛུགས་གསར་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ལུང་ཧོས་ལེ་ཡིས་བཤད་རྒྱུར། ང་ཚོས་མ་འོངས་པའི་བྱ་བའི་ཁྲོད་མུ་མཐུད་དུ་རྩོམ་རིག་སྒྱུ་རྩལ་ཀྱི་ཚོགས་པ་གསར་བ་དང་རྩོམ་རིག་སྒྱུ་རྩལ་རྩ་འཛུགས་གསར་པའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ནས་ན་གཞོན་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་སྔར་ལས་མང་པོར་གར་སྟེགས་ཆེན་པོ་སྐྲུན་ནས་ཁོ་ཚོས་གསར་སྐྲུན་དང་གསར་གཏོད་ཁྲོད་དུས་རབས་གསར་པའི་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་འཆད་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།