—ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
“སང་ལོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བརྟན་བརླིང་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དམངས་བདེ་འཁོད་ཀྱི་སྤྱི་ཚོགས་ཁོར་ཡུག སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་བཅས་སྲུང་འཛིན་བྱེད་དགོས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།“སང་ལོའི་དཔལ་འབྱོར་བྱ་བ་བརྟན་པོ་ཡོང་རྒྱུ་གཙོ་གནད་དུ་བཞག་ནས་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་དགོས།”
བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པའི་བྱེད་ཐབས་སྨྲ་བའང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་མཐོ་ཚད་དུ་ལངས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་ཆེན་པོ་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་བྱ་བའི་འཐབ་ཇུས་ཇུས་འགོད་དང་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བྱས་ནས། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་ཡོད་ལ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཕྱོད་སྔར་ལས་ཆེ་བ། སྔར་ལས་དྲང་སྙོམས་དང་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སླེབས་ཡོད། ད་ལོ་ནས་བཟུང་། ཏང་ཀྲུང་དབྱང་གིས་ལོ་ངོ་བརྒྱ་ཡི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་གནས་ཚུལ་ལ་བབ་བརླིང་ངང་ཁ་གཏད་འཇལ་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་གོམ་སྟབས་གསར་པ་སྤོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་ཞིག་བརྩམས་ཡོད། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། བརྟན་ཐོག་ཡར་བརྩོན་དང་བརྟན་པོའི་ངང་མདུན་སྐྱོད་བྱེད་པ་དང་། ང་ཚོའི་ཏང་གིས་ཁ་ཕྱོགས་འཛིན་པ་དང་སྤྱི་ཡོངས་འཆར་འགོད། སྲིད་ཇུས་གཏན་འཁེལ། བཅོས་སྒྱུར་ལ་སྐུལ་འདེད་བཅས་ཀྱི་ནུས་པ་དང་ངེས་ཤུགས་གང་ལེགས་ཀྱིས་མངོན་པར་བྱས་པ་དང་། ང་ཚོའི་ཏང་གིས་ཉམས་ཉེན་ཁྲོད་གོ་སྐབས་སྔོན་ལ་འཚོལ་བ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་མཁས་པའི་བློ་གྲོས་དང་བློ་སྟོབས་ལ་ལག་ལེན་ལས་བདེན་དཔང་བྱས་ཡོད།
བརྟན་པོ་ཡོང་རྒྱུ་གཙོ་གནད་དུ་བཞག་ནས་བརྟན་ཐོག་ཡར་འཕེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱ་དགོས། དཔལ་འབྱོར་བརྟན་པོ་ཡིན་ན་མི་སེམས་བརྟན་ལ་སྤྱི་ཡོངས་བརྟན་པོ་ཡིན། བརྟན་པོ་ནི་ནང་དོན་གཙོ་བོ་དང་བརྟན་པོ་ནི་ཁྱོན་ཡོངས་རེད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱ་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ་དང་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། “བརྟན་སྲུང་དྲུག”དང“འགན་ལེན་དྲུག”གི་བྱ་བ་མུ་མཐུད་དུ་ཡག་པོ་སྒྲུབ་པ། དམངས་ཚིས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་ཇེ་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་པ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་པོ་ཡོང་བར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བཅས་བྱེད་དགོས།
བརྟན་པོ་ཡོང་རྒྱུ་གཙོ་གནད་དུ་བཞག་ནས་བརྟན་ཐོག་ཡར་འཕེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སང་ལོའི་དཔལ་འབྱོར་བྱ་བའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དམ་འཛིན་ཡག་པོ་བྱ་དགོས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཐོག་ཕྱོགས་བདུན་གྱི་ཐད་ནས་བླང་བྱ་གསལ་པོ་བཏོན་ཡོད་པ་གཤམ་གསལ་ལྟར། སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་ཕན་ནུས་ལྡན་པར་བྱེད་པ་དང་། བྱེ་བྲག་སྲིད་ཇུས་ཀྱིས་ཁྲོམ་རའི་བྱེད་ནུས་གཙོ་བོ་རྒྱུན་མཐུད་ངང་སྐུལ་སློང་བྱེད་པ། གྲུབ་གཞིའི་སྲིད་ཇུས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ཤར་བགྲོད་ཐུབ་པར་བྱེད་པ། ཚན་རྩལ་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱེད་པ། བཅོས་སྒྱུར་སྒོ་འབྱེད་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ། ས་ཁོངས་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ། སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་ཚིས་མཐའ་ཚད་བརྟན་པོ་ཡོང་བ་བཅས་བྱེད་དགོས། ཕྱོགས་བདུན་པོའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དེ་བརྟན་པོ་ཡོང་རྒྱུ་གཙོ་བོར་བྱེད་པ་དང་བརྟན་ཐོག་ཡར་བརྩོན་གྱི་བླང་བྱ་ལག་བསྟར་བྱས་ནས། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྲིད་ཇུས་ཀྱི་མགོ་རྩོམ་ས་གསལ་སྟོན་བྱས་པ་དང་། དེ་ནི་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་གཙོ་བོ་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ལག་ལེན་ཁྲོད། སྲིད་ཇུས་ལེགས་སྒྲིག་དང་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་དུས་ཚོད་དང་ཕན་འབྲས་དམ་འཛིན་ཡག་པོ་བྱེད་པ་དང་། གསར་འཛུགས་རྙིང་གཏོར་དང་ཏན་ཏིག་བབ་བརླིང་། འཕར་སྣོན་བརྟན་འཇགས། གྲུབ་ཚུལ་ལེགས་སྒྲིག བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ། འཐབ་ཇུས་ཀྱི་བརྟན་ཤུགས་དང་བཟོད་སེམས་རྒྱུན་འཁྱོངས་བཅས་བྱས་ཚེ། ང་ཚོས་རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ཁྲོད་ནས་ཡར་རྒྱས་སུ་འགྲོ་བ་དང་ཡུན་རིང་ཇེ་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་རྒྱུན་མི་ཆད་པར་ཇེ་བརྟན་དུ་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་ཚད་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།
བརྟན་པོ་ཡོང་རྒྱུ་གཙོ་གནད་དུ་བཞག་ནས་བརྟན་ཐོག་ཡར་འཕེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁོག་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་འགན་འཁྲི་འཁུར་དགོས་པ་དང་། ཕྱོགས་གང་ཅིའི་ཐད་ནས་དཔལ་འབྱོར་བརྟན་པོ་ཡོང་བར་ཕན་པའི་སྲིད་ཇུས་ཧུར་ཐག་གིས་འདོན་དགོས་ཤིང་། སྲིད་ཇུས་ཐོག་ནས་ནུས་ཤུགས་བཏོན་ཏེ་འོས་འཚམ་ངང་མདུན་གྲལ་དུ་བསྐྱོད་དགོས། སྤྱི་ཁོག་གི་སྲིད་ཇུས་ཐད། ཧུར་ཐག་གིས་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་ཞིང་སྐྱོན་བྲལ་བའི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་དང་། ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། གནད་འཁེལ་དང་རྒྱུན་མཐུད་ཡོང་བ་དོ་སྣང་སྔར་ལས་ལྷག་པར་བྱ་དགོས། བརྟན་ཞིང་སྐྱོན་བྲལ་བའི་དངུལ་ལོར་སྲིད་ཇུས་གང་ལ་གང་འཚམ་དང་འོས་མཐུན་ཡོང་བ། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱ་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་ཡག་པོ་བྱས་ནས་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས། བྱེ་བྲག་སྲིད་ཇུས་ཐད་ཁྲོམ་རའི་བྱེད་པོའི་ནུས་པ་ཆེ་རུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ། གན་རྒྱའི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲུབ་ཆའི་སྲིད་ཇུས་ཐད་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཁང་པ་ནི་སྡོད་སའི་གནས་ཤིག་ཡིན་པ་ལས་ཚོང་བརྟེན་མིན་པ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཁང་བདག་ཁོངས་འཁོར་རྒྱུག་བཟང་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚན་རྩལ་སྲིད་ཇུས་ཐད་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་གསར་སྐྲུན་བྱེད་པོའི་གནས་བབ་ལ་ཤུགས་སྣོན་པ། ཚན་རྩལ་གསར་སྐྲུན་གྱི་ནུས་པ་འཐུས་ཚང་དང་ཇེ་ལེགས་སུ་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཐད་ནས། རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་བྱེད་གནས་དམ་འཛིན་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཚད་རྒྱ་ཆེར་གཏོང་དགོས། ས་ཁོངས་སྲིད་ཇུས་ཐད་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱས་ནས། གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་སྲིད་ཇུས་ཐད། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱུན་སྡོད་བྱེད་ས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐབས་བསྟུན་ལས་ཞུགས་ངལ་རྩོལ་ལས་མི་བཀོལ་སྤྱོད་དང་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གཞི་རྩའི་རྒན་གསོའི་ཉེན་ཚབ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ། བུ་བཙའི་སྲིད་ཇུས་གསར་པ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
བརྟན་ཐོག་ཡར་འཕེལ་ཡོང་བར་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱིའི་དགོངས་གཞི་ཡིན། སྐྱོད་ལམ་གསར་པའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བརྟན་པོ་ཡོང་རྒྱུ་གཙོ་གནད་དུ་བཞག་ནས་བརྟན་ཐོག་ཡར་འཕེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ཆ་རྐྱེན་དང་ནུས་པ། ཡིད་ཆེས་བཅས་ཡོད་པས། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོས་རྦ་རླབས་གཤགས་ནས་བརྟན་པོའི་ངང་མདུན་སྐྱོད་བྱེད་ཐུབ་ངེས་རེད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།