ཡུལ་སྐོར་རིག་གནས་ཀྱིས་རེབ་གོང་གི་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་གསར་པ་རྒྱས།
2021.12.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

 ཉེ་ལམ། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ30ཡིས་ཆོད་པའི་བཙན་མོ་ཡུལ་ཚོར་སོང་བ་ན། ཡུལ་དེའི་མིང་དུ་གྲགས་པའི་མཛེས་ལྗོངས་ཁུལ་ཕྱེ་ལེབ་ཐང་སྔ་མོ་ནས་སེར་ལམ་ལམ་དུ་གྱུར་ཡོད།  ཡུལ་དེའི་ལྷོ་ཕྱོགས་འཕྲེད་དུ་བཅད་པའི་དམེ་ཤུལ་རི་བོའི་སྟེང་གི་ཐང་ཤིང་དང་ཤུག་སྡོང་སྔར་བཞིན་སྔོ་ལྗང་ལྗང་དུ་གནས།

ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཨན་གྱི་གཞུང་སྒྲུབ་ཁང་དུ་སོང་བ་ན། ཁོ་དང་ཡུལ་གཙོ་ཏིང་འཛིན་རིན་ཆེན་གཉིས་སྒེའུ་ཁུང་ཁར་ལངས་ཡོད་ལ། གསར་འགོད་པར་རྒྱང་རིང་གི་དམེ་ཤུལ་རི་འདབས་ན་ལས་བཞིན་པའི་འགྲུལ་ཁང་ཆུང་ཆུང་དེ་བསྟན་ནས། ཁོ་ཚོས་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་མཛེས་སྡུག་གི་འཆར་འགོད་ལ་ཇི་ལྟར་སྐུལ་འདེད་བྱས་པའི་སྐོར་མཚམས་སྦྱོར་བྱས་བྱུང་།

རོང་འབྲོག་གཉིས་ཀྱི་བར་མཚམས་སུ་གནས་པའི་བཙན་མོ་ཡུལ་ཚོ་དེ་དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་འདྲེས་ཡོད་ལ། ཡུལ་ཁོངས་དེ་ན་བཙན་མོ་ཆུ་མཛོད་དང་ཕྱེ་ལེབ་ཐང་། བྲག་རི་སོགས་ཕུན་སུམ་ཚོགས་པའི་རི་ཆུ་ཐོན་ཁུངས་དང་རྫོང་མཐུག་པའི་དམངས་སྲོལ་རིག་གནས་ཡོད་པས། བཙན་མོ་སྡེ་བ“རྒྱལ་ཡོངས་ཀྱི་མཛེས་སྡུག་གཞིས་ཆགས་ཀྱི་དཔེ་སྟོན་སྡེ་བ”རུ་བདམས་མྱོང་། ལོ་རེའི་དབྱར་ཁ་དང་དཔྱིད་ཀར་མཐའ་འཁོར་གྱི་ཡུལ་སྐོར་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཡུལ་དེར་ཡོང་ནས། སྡེ་མི་རྣམས་ཀྱིས་གྲོང་གསེབ་ཡུལ་སྐོར་གྱི་བྲོ་བ་མྱོང་ཅི་ཐུབ་བྱེད་ཀྱིན་ཡོད།

“བཙན་མོ་སྡེ་བར་རྩྭ་ས་ཆུང་ལ་ཞིང་ས་ཉུང་བས་གྲོང་གསེབ་དར་སྤེལ་གཏོང་དགོས་ན་ཞིང་ཕྱུགས་ལས་ཁོ་ནར་བརྟེན་ན་དཀའ་ཁག་ཧ་ཅང་ཆེ།”ཞེས་ཝང་ཅུན་ཨན་གྱིས་དེ་ལྟར་བཤད།   ད་ལོར་སྡེ་བའི་ནང་གི་བསམ་འཆར་སྡུད་ལེན་བྱས་ཏེ་དགེ་སྤེལ་སྐྱོན་སྤང་གི་ཚུལ་དུ་མུ་མཐུད་དུ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་དུ་ཞུགས་རྒྱུ་ཐག་བཅད། ཐག་གཅོད་འདི་ལ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཁས་ལེན་ཐོབ་ཅིང་འབྲེལ་ཡོད་སྡེ་ཁག་གིས་མ་དངུལ་གྱི་རམ་འདེགས་བྱས་ཡོད།

ད་ལོར། ཐུན་རིན་གྲོང་ཁྱེར་གྲོང་གསེབ་དར་སྤེལ་ཅུས་ཀྱིས་བཙན་མོ་སྡེ་བར་མ་དངུལ་སྒོར་ས་ཡ་བདུན་བཏང་སྟེ། གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་བཅོས་བསྒྱུར་དང་རིམ་པ་སྤར་བའི་ཕྱོགས་སུ་བཏང་། ཕྱོགས་མང་པོ་ནས་རྟོག་ཞིབ་བྱས་པ་བརྒྱུད་བཙན་མོ་ཡུལ་ཚོས་ཆེས་མཐའ་མཇུག་གི་བྱེད་ཐབས་གཏན་འབེབས་བྱས།

“བཙན་མོ་ཡུལ་ཚོར་མཛེས་སྡུག་གི་རང་བྱུང་ཡུལ་ལྗོངས་ཡོད་པར་མ་ཟད་གྲོག་རོང་དུ་སྡོད་པའི་སྡེ་བར་དམངས་སྲོལ་བྱ་འགུལ་མང་བ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་མང་བ། མི་ཆོས་རིག་གནས་ཀྱི་ལྟད་མོ་མང་བ། ལོ་གསར་སྐབས་ཀྱི་ལྷ་རྩེད་དང་དམངས་ཁྲོད་ཟློས་གར། དམངས་གླུ། ལ་གཞས་སོགས་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་རྫོང་ཧ་ཅང་མཐུག་པས། དེ་དག་ནི་བཙན་མོ་གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ཆོས་ཆེན་པོ་ཞིག་རེད།”ཅེས་ཏིང་འཛིན་རིན་ཆེན་གྱིས་སྒེའུ་ཁུང་ནས་རྒྱང་རིང་ན་ཚ་ཚ་འུར་འུར་གྱིས་ལས་བཞིན་པའི་ལས་ཡུལ་དེ་སྟོན་བཞིན་དེ་ལྟར་བཤད་བྱུང་། སྔོན་ཆད་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ལེན་བྱེད་སའི་རྨང་གཞིའི་སྟེང་། ཁོ་ཚོས་ཤིང་སྐས་བགྲོད་ལམ་ལས་པ་དང་། ཤིང་ལམ་དེ་འཛུགས་སྐྲུན་བྱེད་བཞིན་པའི་གྲོང་གསེབ་འགྲུལ་ཁང་དང་མཐུད་བཞིན་ཡོད། གྲོང་གསེབ་འགྲུལ་ཁང་ཡོད་སར་འགྲུལ་ཁང་ཁང་མིག6དང་།  བཟའ་བཏུང་དང་གླུ་དབྱངས་ལེན་ས། དྲ་གྲགས་ལྗོངས་ཁུལ་སོགས་ཀྱི་ཡུལ་སྐོར་སྒྲིག་བཀོད་ཕྱོགས་གཅིག་ཏུ་འདུས་ཡོད་ལ། ལས་ནས་གྲུབ་རྗེས་ཐེངས་གཅིག་ལ་ཧ་ལམ་མི200ཤོང་ཐུབ་པ་རེད།

ཝང་ཅུན་ཨན་གྱིས་བཙན་མོ་ཡུལ་ཚོའི་གྲོང་གསེབ་ཡུལ་སྐོར་གྱི་ཚོང་གཉེར་བྱེད་སྟངས་སྤྱི་སྡོམ་བྱས་ནས་བཤད་རྒྱུར། སྲིད་གཞུང་གིས་གཙོ་ཁྲིད་དང་ཀུང་སིས་ཚོང་གཉེར་བྱས་ཏེ། མང་ཚོགས་ལ་ཕན་འདོགས་རྒྱུ་དེ་ཡིན། གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་འདོན་བཞིན་པའི་ཐུན་རིན་གྲོང་ཁྱེར་ལ་བལྟས་ན། བྱེད་སྟངས་དེ་གྲོང་གསེབ་ཡུལ་སྐོར་ལ་ཡོད་པར་མ་ཟད། ད་རུང་རེབ་གོང་སྒྱུ་རྩལ་ཐོན་ལས་ཀྱི་འཕེལ་རྒྱས་སྟེང་སྔར་བས་གསལ་པོར་མངོན་ཡོད།

ཐུན་རིན་ནི་རེབ་གོང་སྒྱུ་རྩལ་གྱི་ཕ་ས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གནའ་མཁར་གྲགས་ཅན་ཁོ་ན་ཡིན་པར་མ་ཟད།  རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཆོག་མཆན་བཀོད་པའི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཀྱང་ཡིན། སྐབས་ཐོག་ཏུ་རྒྱལ་ཁབ་རིམ་པའི་བཟོ་རྩལ་སློབ་དཔོན6དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ11། ཞིང་ཆེན་རིམ་པའི་བཟོ་རྩལ་སློབ་དཔོན16།  ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ88བཅས་ཡོད།

དབུལ་སྐྱོར་མཁྲེགས་གཏོར་གྱི་སྐབས་སུ། ཐོན་ལས་འདེམ་དཀའ་བར་དམིགས་ནས། ཐུན་རིན་གྲོང་ཁྱེར་གྱིས་རེབ་གོང་རིག་གནས་ཀྱི་ཐོན་ཁུངས་ལེགས་པོར་བརྟེན་ཏེ། “ཡུལ་སྐོར་དབུལ་སྐྱོར”གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་དང་། རིག་གནས་དབུལ་སྐྱོར་ཐོན་ལས་རྟེན་གཞི4བཙུགས་ཤིང་། དེའི་མངའ་འོག་ཏུ་དབུལ་སྐྱོར་འཁོར་ཁང20བཙུགས། དུས་མཚུངས་སུ། རིག་གནས་ཁེ་ལས་ཆེ་ཆུང195གསོ་སྐྱོང་བྱས་པ་དང་རིག་གནས་ཐོན་ལས་གཉེར་མཁན་ཁྲི2ལས་བརྒལ། སྣེ་ཁྲིད་དང་གསོ་སྐྱོང་བྱས་ཏེ་མི2000ལྷག་ལས་ཞུགས་ཐུབ་པར་བྱས་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི2ཡན་ལ་སླེབས་ཡོད།

“དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། གྲོང་གསེབ་དར་སྤེལ་ལ་བསྟུད་མར་སྐུལ་འདེད་བྱས་པའི་ཚུན་དུ། ཐུན་རིན་གྲོང་ཁྱེར་གྱིས་རིག་གནས་ཀྱི་ཐོན་ལས་ལེགས་ཆ་མུ་མཐུད་དུ་སྔོག་འདོན་གང་ལེགས་བྱས་པ་དང་། རིག་གནས་ཐོན་ལས་དེ་གཙོ་ཁྲིད་ཐོན་ལས་ཀྱི་གྲས་སུ་བརྩིས་ཏེ།  སྔོན་ཆད་ཀྱི་དབུལ་སྐྱོར་འཁོར་ཁང20ཡི་རྨང་གཞིའི་སྟེང་དུ། ཡང་བསྐྱར་དབུལ་སྐྱོར་འཁོར་ཁང4བསྣན་ནས། མི་སྔར་ལས་མང་པོ་ཞིག་ལ་སྣེ་ཁྲིད་དེ་ལས་ཞུགས་བྱས་ཡོད”ཅེས་ཐུན་རིན་གྲོང་ཁྱེར་གྲོང་གསེབ་དར་སྤེལ་ཅུས་ཀྱི་ཅུས་ཀྲང་ཐེན་ཀྲི་ཀའོ་ཡིས་དེ་ལྟར་བཤད། སྔར་ཡོད་ཀྱི་རྨང་གཞིའི་སྟེང་དུ། ཐུན་རིན་གྲོང་ཁྱེར་གྱིས་གྲོང་གསེབ་དར་སྤེལ་གྱི་གོ་སྐབས་ལ་བརྟེན་ནས། འོས་འཚམ་གྱིས་མ་རྩ་བཀོད་སྒྲིག་བྱས་ཤིང་། ཐོན་ལས་གཞི་ཁྱོན་རྒྱ་བསྐྱེད་པར་སྒུལ་ཤུགས་གསར་པ་བསྣན།

སེང་གེ་གཤོང་སྡེ་བ་ན་ཡོད་པའི་རེབ་གོང་སངས་རྒྱས་སྒྱུ་རྩལ་གླིང་དུ་ཐོན་དུས། གསར་འགོད་པས་སྒྱུ་རྩལ་གླིང་གི་ཐོག་ཁང་འགྲམ་གྱི་ཁང་པ་དེའི་བཟོ་འགོད་གཙོ་བོ་ལས་ཚར་ཡོད་པ་དང་། སྒྱུ་རྩལ་གླིང་གི་འགན་འཁུར་པ་སངས་རྒྱས་རྒྱལ་གྱིས་བཟོ་འགོད་ལས་ཡུལ་དུ་བཟོ་པ་རྣམས་དང་མཉམ་དུ་རྩི་བྱུགས་མཛེས་བཟོ་ལ་བྲེལ་བཞིན་ཡོད་པ་མཐོང་།

སངས་རྒྱས་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། སྒྱུ་རྩལ་གླིང་གི་གཞི་ཁྱོན་རྒྱ་བསྐྱེད་ཐུབ་པ་ནི་སྲིད་གཞུང་གིས་རོགས་སྐྱོར་ཆེན་པོ་བྱས་པ་དང་འབྲལ་ཐབས་མེད་ལ། ཐོག་ཁང་འདི་ལས་ནས་གྲུབ་རྗེས། ང་ཚོས་གསོ་སྦྱོང་གི་འགན་འཁྲི་སྔར་ལས་མང་པོ་འཁུར་ཐུབ་པ་དང་། ལས་ཞུགས་ཀྱི་ལས་རྐང་སྔར་ལས་མང་པོ་འདོན་སྤྲོད་བྱེད་ཐུབ་ཟེར།

“ལག་རྩལ་ཞིག་ཡོད་ན་ཁྱིམ་ཚང་གང་པོ་ཕྱུག་པོར་བསྒྱུར་ཐུབ”ཅེས་སངས་རྒྱས་རྒྱལ་གྱིས་དེ་ལྟར་བཤད། ལོ་རེར་ཐེངས་རེར་ལག་རྩལ་གསོ་སྦྱོང་བྱས་པ་དེ་ནི་ན་གཞོན་མང་པོ་ཞིག་ལ་མཚོན་ན་ཧ་ཅང་འཕྲད་དཀའ་བའི་གོ་སྐབས་ཤིག་རེད། གསོ་སྦྱོང་ཚོགས་ཐེངས་རེར་ཁོ་དང་སྒྱུ་རྩལ་གླིང་གི་མཛེས་རྩལ་སློབ་དཔོན་རྣམས་ཀྱིས་ནུས་པ་གང་ཡོད་བཏོན་ནས་སློབ་མ་རྣམས་ལ་ལག་རྩལ་ཁྲིད་པ་ཡིན། དེར་མ་ཟད་སློབ་མ་ཚོར་འཚོ་བའི་ཐད་ལའང་སྟབས་བདེ་བཟོས་པ་ཡིན།

ད་ལོའི་ཟླ5པ་ནས་ཟླ7པའི་བར། ཞིང་ཆེན་རིམ་པའི་དབུལ་སྐྱོར་འཁོར་ཁང་ཡིན་པའི་རེབ་གོང་སངས་རྒྱས་སྒྱུ་རྩལ་གླིང་གིས་དུས་ཡུན་ཟླ3གྱི་གསོ་སྦྱོང་ལས་འགན་ཡོངས་འགྲུབ་བྱས། དེའི་སྐབས་སུ། སྲིད་གཞུང་གིས་ཁ་གསབ་བྱིན་པའི་རྨང་གཞིའི་སྟེང་། སྒྱུ་རྩལ་གླིང་གིས་སློབ་མ་རེར་ཉིན་རེར་སྒོར30ཡི་ཁ་གསབ་རོགས་དངུལ་བྱིན་པ་དང་། སློབ་མ100ལ་སྒྱུ་རྩལ་གླིང་ནས་རིན་མ་བླངས་པར་ཐང་ག་འབྲི་བ་དང་འབག་བཟོ་བ། གཙགས་དྲུབ་ལག་རྩལ་སྦྱོང་བ་སོགས་ཀྱི་རེབ་གོང་སྒྱུ་རྩལ་གྱི་སྲོལ་རྒྱུན་ནུས་རྩལ་ཁྲིད་པ་རེད།

ད་ལོར། ཐུན་རིན་གྲོང་ཁྱེར་གྱིས་བསྡོམས་པས་ནུས་རྩལ་གསོ་སྦྱོང་དང་དཔེ་སྟོན་བྱེད་ས་སྐྲུན་པ། སྡེ་བའི་ཐུན་མོང་དཔལ་འབྱོར་སོགས་ཀྱི་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་དྲུག་ས་ཡ་དགུ་ལྷག་བཀོད་སྒྲིག་བྱས་ཏེ། གྲོང་གསེབ་དར་སྤེལ་ཐོན་ལས་ཀྱི་ལས་གཞི45དངོས་འབེབས་བྱས།  དེ་ལས་གཞན་ད་དུང“མི་འདོར་བ་བཞི”ཡི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་སྦྲེལ་མཐུད་བྱེད་པ་དང་། ཡུལ་གཞན་ལ་གནས་སྤར་རྗེས་ཀྱི་རྗེས་མཐུད་ཐོན་ལས་ལ་དབུལ་སྐྱོར་དང་། སྤོ་བསྒྱུར་ལས་ཞུགས། འཛད་སྤྱོད་རོགས་སྐྱོར་སོགས་ཀྱི་དབུལ་སྐྱོར་བྱ་བར་མཉམ་དུ་སྐུལ་འདེད་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་རྗེས་མཐུད་བྱ་བར་རྨང་གཞི་བརྟན་པོ་བཏིང་བ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།